ཆོས་གྲྭའི་ནང་གི་ཟིན་བྲིས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ཆོས་གྲྭའི་ནང་གི་ཟིན་བྲིས།
ཆོས་གྲྭའི་ནང་གི་ཟིན་བྲིས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/6/5ལྟ་ཀློག (6642)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དྲྭ་ཐོག་བཀོད་པའི་རྐྱེན་བྱས་ནས་དེ་རིང་འདིའི་སྐོར་རང་ཉིད་ཀྱིས་དམ་བཅའ་བཞག་དགོས་ཐུག་སོང་།

     རྣམ་འགྲེལ་འཛིན་གྲྭ་རྒས་པ་ཚང་གིས། ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་ཆོས་ཅན། རང་གྲུབ་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་དེ། ཡུན་ཐུང་བའི་དངོས་པོར་ཡིན་པའི་ཕྱིར། ཞེས་པའི་རྟགས་འདི་ཡང་དག་ཡིན་ནམ། ཞེས་རྩོད། རང་གིས་རྫིག་ཉམས་ཅུང་ཟད་སྟོན་ཏེ། ཡིན་ཞེས་ལན་བཏབ་ཁ་བྱས། རྩོད་པ། སྐད་ཅིག་མའི་དོན་ལ། རང་གྲུབ་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པ་འཇོག་གམ། གལ་སྲིད་མ་བཞག་ན། གཞུང་ཆེན་མོ་དང་འགལ་ལོ་ཞེ་ན། ལན། འཇོག་ཞེས་པ་ལ། རྩོད་པ། འོ་ན། ཕྱི་རྒོལ་ཡང་དག་གིས་བསྒྲུབ་བྱ་གྲུབ་པའི་ཚེར་མི་རྟག་པའི་དོན་གསར་དུ་གྲུབ་པར་མ་ཡིན་པར་ཐལ། སྐད་ཅིག་མ་རྟོགས་པའི་ཕྱིར་ཏེ། ཡུན་ཐུང་བའི་དངོས་པོ་སྐད་ཅིག་མར་རྟོགས་པའི་ཕྱིར་ཏེ། ཡུན་ཐུང་བའི་དངོས་པོ་རང་གྲུབ་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པར་རྟོགས་པའི་ཕྱིར། ཁྱབ་པ་ཁས། ཞེས་པ་ལ། ལན། ཡུན་ཐུང་བའི་དངོས་པོ་སྐད་ཅིག་མ་རྟོགས་ནའང་སྐད་ཅིག་མ་རྟོགས་པའི་ངེས་པས། ཕྱི་རྒོལ་གྱིས་བསྒྲུབ་བྱ་གྲུབ་པའི་ཚེར་མི་རྟག་པའི་དོན་གསར་དུ་གྲུབ་པར་གནོད་པ་མེད། ཅེས་ལན་འདེབས། རྩོད་པ། འོ་ན། ཡུན་ཐུང་བའི་དངོས་པོ་སྐད་ཅིག་མར་རྟོགས་ན། སྐད་ཅིག་མ་རྟོགས་དགོས་པར་ཐལ། ཡུན་ཐུང་བའི་དངོས་པོའི་སྟེང་གི་མི་རྟག་པར་རྟོགས་ན། མི་རྟག་པ་རྟོགས་དགོས་པའི་ཕྱིར་ཏེ། དེའི་སྟེང་གི་དགག་བྱ་རྟག་པ་ཁེབས་ན། མི་རྟག་པ་ཡོངས་གཅོད་ལ་གྲུབ་དགོས་པའི་ཕྱིར། ཞེས་པ་ལ། ལན། ཡུན་ཐུང་བའི་དངོས་པོ་མི་རྟག་པར་རྟོགས་ཚུལ་དང་། དེའི་སྟེང་གི་མི་རྟག་པར་རྟོགས་ཚུལ་ལ་གནམ་སའི་ཁྱད་པར་ཡོད། ཅེས་པ་ལ། རྩོད་པ། དེ་གཉིས་ལ་ཁྱད་པར་མེད་པར་ཐལ། བུམ་པ་ཆོས་ཅན་དུ་གཟུང་བའི་ཚེ་ཁྱད་པར་མེད་པ་གང་ཞིག མཚུངས་པའི་ཕྱིར། ཞེས་པ་ལ། ལན། མི་མཚུངས་ཏེ། ཡུན་ཐུང་བའི་དངོས་པོ་མི་རྟག་པར་རྟོགས་ཚུལ་རགས་པའི་མི་རྟག་པར་རྟོགས་ཚུལ་ཡིན་པ་འཇིག་རྟེན་གྲགས་ཚུལ་གྱི་དབང་གིས་ཡིན་གྱི། གཅིག་ཤོས་ལ་དེ་ལྟར་མི་དགོས་པའི་ཕྱིར། ཞེས་པ་ལ། རྩོད་པ། གད་མོ་སློང་གིན་དེ་གཉིས་གཅིག་པ་ཡིན་པའི་ཕྱིར་ཞེས་འབད་བརྩོན་གནང་འདུག་པས་ཚར་ཡང་དག་པ་འགའ་ཞིག་རག་སོང་། དེ་ནས། ཡང་བསྐྱར་རྩ་བའི་དམ་བཅའ་ལ། དེ་འདྲའི་རྟགས་དེ་རྟགས་ཡང་དག་མ་ཡིན་པར་ཐལ། རྗེས་ཁྱབ་མ་གྲུབ་པའི་ཕྱིར་ཏེ། ཕྱི་རྒོལ་གྱིས་རྟགས་ཆོས་དོན་གསུམ་ཚད་མས་མ་ངེས་པའི་ཕྱིར་ཏེ། ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་ཚད་མས་མ་ངེས་པའི་ཕྱིར། ཞེས་གསུངས། ལན། རྟགས་མ་གྲུབ་ཅེས་པ་ལ། རྩོད་པ། ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་ཆོས་ཅན། སྐབས་ཀྱི་ཕྱི་རྒོལ་གྱིས་ཚད་མས་མ་གྲུབ་པར་ཐལ། ཁྱོད་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། ཞེས་གསུངས། ལན། ཁྱབ་པ་མ་བྱུང་ཞེས་པ་ལ། རྩོད་པ། ཁྱབ་པ་ཡོད་པར་ཐལ། ཁྱོད་དུས་མཐའི་སྐད་ཅིག་མ་ཡིན་ན། ཁྱོད་མངོན་སུམ་དུ་རྟོགས་པའི་ཚུར་མཐོང་མེད་དགོས་པའི་ཕྱིར། ཞེས་པ་ལ། ལན། ཡང་ཁྱབ་པ་མ་བྱུང་སྟེ། ཁྱོད་དུས་མཐའི་སྐད་ཅིག་མ་ཡིན་ན། ཁྱོད་མངོན་སུམ་དུ་རྟོགས་པའི་ཚུར་མཐོང་མེད་ཀྱང་། ཚུར་མཐོང་གི་རྒྱུད་ལ་ཁྱོད་རྟོགས་པའི་ཚད་མ་མེད་མི་དགོས། ཞེས་པ་ལ། རྩོད་པ། འོ་ན། དེ་འདྲའི་ཕྱི་རྒོལ་ཡང་དག་གི་རྒྱུད་ལ་སྐད་ཅིག་རྟོགས་པའི་ཚད་མ་ཡོད་པར་ཐལ། ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་རྟོགས་པའི་ཚད་མ་ཡོད་པ་གང་ཞིག དེ་སྐད་ཅིག་མ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། ཞེས་པ་ལ། ལན། རྟགས་མ་གྲུབ་སྟེ། ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་རྟོགས་ཚུལ་ལ་རགས་པ་དང་འབྲེལ་བར་རྟོགས་ཚུལ་གཅིག་དང་། ཕྲ་མོ་དང་འབྲེལ་བར་རྟོགས་ཚུལ་གཉིས་ཡོད་པས་གང་རྟོགས་ནའང་རྟོགས་པའི་གོ་ཆོད་པའི་ཕྱིར། ཞེས་པ་ལ། རྩོད་པ། མེད་པར་ཐལ། ཁྱོད་མི་རྟག་པ་ཕྲ་མོ་ཡིན་པའི་ཕྱིེར། ཞེས་པ་ལ། ལན། ངོ་མ་དེ་ཅུང་ཟད་དཀའ་ཁུ་ཡ། ཞེས་པ་ལ། དེ་ནས། རྩོད་པ་བས་ཅུང་ཟད་འཕག་འཚག་རྒྱག་གིན་རྩོད་པ་མང་བོ་སློང་སོང་བས་ཚར་ཡང་མང་བོ་ཞིག་རག་སོང་། རང་གི་སེམས་ལ་འཆར་ཚུལ་རྣམས་ཡག་པོ་ཞིག་བཤད་ས་རག་མ་སོང་། འདི་ལྟར། དཔེར་ན། གང་ཟག་རང་དབང་བ་ཆོས་ཅན། རང་བཞིན་གྱིས་མེད་དེ། ཕུང་བོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་ཡང་མེད་པའི་ཕྱིར་ཞེས་པའི་རྟགས་དེའི་རྟགས་ཆོས་དོན་གསུམ་ཚད་མས་ངེས་ཚུལ་དང་། བསྒྲུབ་བྱ་ཚད་མས་ངེས་ཚུལ་ལ་གནམ་སའི་ཁྱད་པར་ཡོད་པ་བཞིན་དུ། སྔར་གྱི་རྟགས་དེའི་རྟགས་ཆོས་དོན་གསུམ་ཚད་མས་ངེས་ཚུལ་དང་། བསྒྲུབ་བྱ་ཚད་མས་ངེས་ཚུལ་ལ་ཁྱད་པར་ཡོད་པ་འདོད།

    གསལ་ཁ་བཤད་ན། གང་ཟག་རང་དབང་བ་ཆོས་ཅན། ཞེས་པའི་རྟགས་དེའི་རྟགས་ཆོས་དོན་གསུམ་ཚད་མས་ངེས་ཚུལ། གང་ཟག་རང་དབང་བའི་དོན་སྤྱི་ཚད་མས་ངེས་ཚུལ་སོགས་ཡིན་པ་བཞིན། གཅིག་ཤོས་ལའང་ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་ཚད་མས་ངེས་ཚུལ་ནི། འཇིག་རྟེན་གྲགས་ཚུལ་གྱི་དབང་གིས་རགས་པ་ངེས་ཚུལ་ཡིན་བསམ་བཞིན་ཡོད།

    དོན་བསྡུས་ན། ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་རྟོགས་ཚུལ་འཇིག་རྟེན་གྲགས་ཚུལ་གྱི་དབང་གིས་རགས་པ་རྟོགས་ཚུལ་ཡིན་ཀྱང་། དེ་རང་གྲུབ་དུས་སྐད་ཅིག་གཉིས་པ་མི་སྡོད་པར་རྟོགས་ཚུལ་དངོས་ཡོད་གནས་ཚུལ་གྱི་དབང་གིས་ཕྲ་བའི་སྐད་ཅིག་མ་རྟོགས་ཚུལ་ཡིན་པས། ཡུན་ཐུང་བའི་དངོས་པོ་དང་མི་མཚུངས་སོ་སྙམ་ཡང་ད་རུང་དཔྱད་དགོས་ཡ།

    བློ་སྦྱིན་གྱིས། སྤྱི་ལོ། ༢༠༡༥ ༦ ༤ ཉིན་ཞོགས་པ་སྔ་མོར་ཤར་མར་བྲིས།


སྟོང་སྐོར་དགོན་དུ། དོ་དགོང་བགྲོ་གླེང་གི་བརྗོད་གཞི།

       མི་རྟག་པ་གསར་སྒྲུབ་ཀྱི་རིགས་པ་ཡང་དག་གི་སྐོར་དང་། རྩོད་ཚུལ་ནི། རྣམ་འགྲེལ་འཛིན་གྲྭ་འོག་མ་ཚང་གིས། རྩོད་པ་དང་བོ། མི་རྟག་པ་གསར་སྒྲུབ་ཀྱི་རིགས་པ་ཡོད་མེད་དང་། ཡོད་ན་དེའི་བསྒྲུབ་བྱ་གྲུབ་པའི་ཚེ་མི་རྟག་པ་གསར་དུ་རྟོགས་དགོས་དང་མི་དགོས་སྐོར་ཞེས་རྩོད། རྣམ་འགྲེལ་འཛིན་གྲྭ་རྒས་པ་ཚང་གིས། ལན། གསར་སྒྲུབ་ཀྱི་རིགས་པ་ཡོད། བསྒྲུབ་བྱ་གྲུབ་པའི་ཚེ་མི་རྟག་པ་གསར་དུ་རྟོགས་དགོས་ཞེས་གསུངས། རྩོད་པ། དེ་འདྲའི་རིགས་པ་ཡང་དག་པ་བཀོད་ཤོག ཅེས་པ་ལ། ལན། ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་ཆོས་ཅན། རང་གྲུབ་དུས་སྐད་ཅིག་གཉིས་པར་མི་སྡོད་དེ། ཡུན་ཐུང་བའི་དངོས་པོ་ཡིན་པའི་ཕྱིར། ཞེས་གསུངས། རྩོད་པ། ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་རང་གྲུབ་དུས་སྐད་ཅིག་གཉིས་པར་མི་སྡོད་པར་རྟོགས་ཚུལ་དང་། ཡུན་ཐུང་བའི་དངོས་པོ་རང་གྲུབ་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པར་རྟོགས་ཚུལ་གཉིས་ལ་ཁྱད་པ་ཡོད་དམ་མེད། ཅེས་པ་ལ། ལན། མེད་ཅེས་གསུངས་པ་ལ། རྩོད་པ། འོ་ན། དེ་འདྲའི་ཕྱི་རྒོལ་ཡང་དག་གིས་མི་རྟག་པ་རྟོགས་པ་ཐལ་ལོ། ཞེས་གསུངས། ལན། ཕྱི་རྒོལ་ཡང་དག་གིས་མི་རྟག་པ་མ་རྟོགས་པས་ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་དང་ཡུན་ཐུང་བའི་དངོས་པོ་རང་གྲུབ་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པར་རྟོགས་ཚུལ་གཉིས་ལ་ཁྱད་པ་ཡོད་ཅེས་པ་ལ། རྩོད་པ་བས། འོ་ཚར་ཞེས། ཚར་ཡང་དག་པ་ཞིག་རྒྱག་འདུག དེ་ནས། ཁྱད་པ་ཡོད་ན་བཤད་ཤོག ཅེས་པ་ལ། ལན། ཡུན་ཐུང་བའི་དངོས་པོ་མི་རྟག་པར་རྟོགས་ཚུལ་རགས་པའི་མི་རྟག་པ་རྟོགས་ཚུལ་དང་། ཁང་པ་སྐད་ཅིག་ཐ་མ་མི་རྟག་པ་རྟོགས་ཚུལ་ཕྲ་བའི་མི་རྟག་པ་རྟོགས་ཚུལ་ཡིན་ཏེ། ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་ཞེས་པ། ཁང་པ་སྐད་ཅིག་ཐ་མའི་མཐར་ཐུག་པ་ལ་གོ་དགོས་ཀྱང་། ཡུན་ཐུང་བའི་དངོས་པོ་དེ་འདྲ་མི་དགོས་པས་མི་མཚུངས་ཞེས་གསུངས། རྩོད་པ། དེ་གཉིས་མཚུངས་པར་ཐལ། གཉིས་ཀ་མི་རྟག་པ་རགས་པ་ཡིན་པའི་ཕྱིར་ཞེས་པ་ལ། ལན། ཡང་མཚུངས་ཞེས་ལན་འདེབས། རྩོད་པ་བས། འོ་ཚར་ཞེས། ཚར་ཡང་དག་པ་ཞིག་རྒྱག་འདུག འོ་ད་དེ་འདྲའི་བགྲོ་གླེང་མང་བོ་གནང་སོང་བས། རྩོད་ལན་ཚང་མ་བློ་སྦྱིན་གྱིས་ཟིན་བྲིས་ཕབ་ཁོམ་ཡང་མེད་ལགས། ཚིག་སྙོག་མང་བས་དགོས་པ་ཡང་ཆུང་། དོན་བསྡུས་ན། ཕྲན་རང་ཉིད་ལ། རྩོད་ལན་འདིས་བློ་བསྐྱེད་གནང་སོང་། གང་ཞེ་ན། ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་ཞེས་པ། ཁང་པ་སྐད་ཅིག་ཐ་མའི་མཐར་ཐུག་པ་ལ་གོ་དགོས་ཀྱང་། ཡུན་ཐུང་བའི་དངོས་པོ་དེ་འདྲ་མི་དགོས་པས་ཞིག་པ་ལ་མངོན་དུ་ཕྱོགས་པའི་ཁང་པ་སྐད་ཅིག་ཐ་མ་རང་གྲུབ་དུས་སྐད་ཅིག་གཉིས་པར་མི་སྡོད་པར་རྟོགས་ཚུལ་དང་། ཡུན་ཐུང་བའི་དངོས་པོ་རང་གྲུབ་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པར་རྟོགས་ཚུལ་གཉིས་ལ་ཁྱད་པ་ཡོད་པ་གཏན་ཁེལ་རེད། དེས་ན། མི་རྟག་པ་གསར་སྒྲུབ་ཀྱི་རིགས་པ་ཡང་དག་གིས་བསྒྲུབ་བྱ་གྲུབ་པའི་ཚེ། མི་རྟག་པའི་དོན་གསར་དུ་རྟོགས་དགོས་ཀྱང་། མི་རྟག་པ་གསར་དུ་རྟོགས་མི་དགོས་པ་དང་། རང་གྲུབ་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པ་གཞི་རགས་པ་དང་སྦྱར་ན། རགས་པ་འགྱུར་བ་དང་། གཞི་ཕྲ་མོ་དང་སྦྱར་ན། ཕྲ་མོ་འགྱུར་དགོས་པ་ཡང་། ཐར་ལམ་གསར་བྱེད་ལས་གསུང་པ་དང་མི་འགལ་བ་ཤེས་དགོས་བསམ་བཞིན་ཡོད། དེ་ནི་ཕྲན་གྱི་མི་ཚེའི་ལྟ་བ་ཆུང་ཆུང་ཞིག་ཡིན། འོན་ཀྱང་། གྲོགས་པོ་ཚོས་དེ་ལས་ཡག་རིགས་པ་བཏང་ཡས་ཡོད་ན་ཐོངས་ཤིག་དང་། རང་གིས་ཀྱང་དེ་ཁས་ལེན་རྒྱུ་ཡིན། དེ་རིང་ཟིན་བྲིས་འདི་ཕབ་ཀིན་གད་མོ་རྒོད་ཀིན་ཡོང་གིན་འདུག དྲྭ་གྲོགས་ཚོར་དགག་པ་ཡོད་ན་གསུངས་རོགས་གནང་། བློ་སྦྱིན་གྱིས། སྤྱི་ལོ་༢༠༡༥ ༥ ༢ ས་ག་ཟླ་བའི་ཚེས་༡༥ ཉིན་མོར་དྲྭ་ཐོག་བཀོད།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ང སྤེལ་དུས:2015/6/6
ཚེས་གཅིག་རང་གྲུབ་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་ཅེས་པ་ནི་ཚེས་གཅིག་ཚེས་གཉིས་ཀྱི་དུས་སུ་མི་སྡོད་པ་ལ་གོ་དགོས་པས་ཚེས་གཅིག་ཚེས་གཉིས་ཀྱི་དུས་སུ་མི་སྡོད་པའི་འགྱུར་བ་ནི་མངོན་སུམ་གྱི་སྟོབས་ཀྱིས་ངེས་ནུས་པའི་འགྱུར་བ་རགས་པ་ཡིན་པས་རགས་པའི་མི་རྟག་པ་དང་་་ཚེས་གཅིག་ལ་ཆ་སྔར་ཕྱི་དུ་མ་ཕྱེ་སྟེ་ཤིན་ཏུ་ཡུན་ཐུང་བའི་ཆ་ཤས་སྐད་ཅིག་མ་དང་པོ་དེ་་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པའི་འགྱུར་བ་དེ་ཤིན་ཏུ་ཕྲ་བའི་འགྱུར་བ་ཡིན་པས་ཕྲ་བའི་མི་རྟགས་པ་ཡིན་ནོ་་་་དེས་ན་རང་གྲུབ་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པ་རྟོགས་པ་ཙམ་གྱི་ཕྲ་བའི་མི་རྟག་པ་རྟོགས་མི་དགོས་ལ་་་ཕྲ་བའི་མི་རྟགས་པ་རྟོགས་པ་ལ་ཆ་ཅན་གྱི་དངོས་པོ་ལ་ཆ་སྔ་ཕྱི་དུ་མ་ཕྱེ་ནས་ཆ་ཤས་རྣམས་སྐད་ཅིག་རེ་རེ་ལས་མི་སྡོད་པའི་འགྱུར་བ་རྟོགས་དགོས་སོ།ཆ་ཅན་བུམ་པ་ལྟ་བུ་ལ་ཆ་དུ་མ་ཕྱེ་ནས་ཆ་ཤས་རྣམས་སྐད་ཅིག་རེ་རེ་ལས་མི་སྡོད་པའི་འགྱུར་བ་དེ་་་བུམ་པ་སྐྱེད་བྱེད་གྱི་རྒྱུ་ཉིད་ཀྱིས་སྐྱེད་པ་དང་་་་བུམ་པ་ཞིག་པའི་གནས་སྐབས་སུ་བུམ་པ་མི་སྡོད་པའི་འགྱུར་བ་དེ་ཕྱིས་འབྱུང་གི་རྒྱུ་རྐྱེན་གཞན་གྱིས་སྐྱེད་པའི་འགྱུར་བ་ཡིན་ནོ་་་ཆོས་ཅན་དངོས་པོ་དེའི་སྟེང་གི་་སྐད་ཅིག་མ་དེ་་ཆོས་ཅན་དངོས་པོ་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་ཀྱི་སྐྱེད་དགོས་པས་་་འབྲས་བུ་རྣམས་ཕྱིས་འབྱུང་གི་རྒྱུ་རྐྱེན་གཞན་ལ་མི་ལྟོས་པར་གྲུབ་ཙམ་ཉིད་ནས་འཇིག་པའི་བདག་ཉིད་དུ་གྲུབ་ཅེས་པའང་དེ་ལ་དགོས་དགོས་ལ་་་རང་གྲུབ་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པའི་འགྱུར་བ་དེ་་ཆོས་ཅན་དངོས་པོ་སྐྱེད་བྱེད་ལས་གཞན་པའི་ཕྱིསའབྱུང་གི་རྒྱུ་རྐྱེན་གཞན་གྱིས་སྐྱེད་པའང་ཡོད་པས་་དེ་ལ་ཕྲ་རགས་གཉིས་འཇོག་དགོས་སོ་་་འཕགས་ཡུལ་གནས་སྡོད་གངས་རིའི་གྲྭ་རྐྱང་ནས་
 སྤེལ་མཁན: གྲ་ སྤེལ་དུས:2015/6/6
རང་གྲུབ་པའི་དུས་ལས་དུས་གཉིས་པ་མི་སྡོད་པ་དེ་་ཆོས་ཅན་ཕྲ་རགས་ཀྱི་དབང་གིས་ཕྲ་རགས་ཏུ་འགྱུར་བ་ཡོད་དེ་་་ཐར་གསལ་ལས་རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པ་དེ་ཚེས་གཅིག་དང་ཚོགས་ན་རང་གྲུབ་དུས་དེ། ཡུད་ཙམ་སུམ་ཅུའི་ཡུན་ཚད་དུ་འགྱུར་ལ། དུས་ཀྱི་ཐུང་བའི་མཐར་ཐུག་པ་དང་ཚོགས་ན་ཁེམ་པ་གཅིག་གི་དུས་སུ་འགྱུར་བ་བཞིན་ནོ་་་
 སྤེལ་མཁན: ལབ སྤེལ་དུས:2015/6/5
སྟོང་སྐོར་དགོན་གྱི་སེར་སྨད་དགེ་བཤེས་ཉི་མ་མཆོག་གཙོས་དགེ་འདུན་འདུས་པ་ཡོངས་ལ་བཀའ་དྲིན་ཆེ་ཞུ། ཁྱེད་རྣམ་པ་ཚང་གི་ཐུགས་མདུན་ལྟར་བཤད་སྒྲུབ་གཉིས་ཀྱི་བསྟན་པ་དར་བར་ཤོག ལྷག་པར་དུ་དགེན་ཉི་མ་ཁོང་སྐུ་ཚེ་རིང་བ་དང་། ཁོང་གིས་དར་བའི་མཚན་ཉིད་སློབ་གྲྭ་ལ་བར་ཆད་མི་ཡོངས་བར་གསོལ་བ་ལན་བརྒྱ་འདེབས། མདོར་ན། དགེ་འདུན་དམངས་ཐུགས་མཐུན་ཁྲིམས་གཙང་གཞི་བཟུང་ནས་སློབ་གཉེར་དར་བར་ཤོག ལབ་དགོན་དུ་ཡོད་པའི་ཁོང་གི་སློབ་མ་ཞིག་གིས།
 སྤེལ་མཁན:  སྤེལ་དུས:2015/6/5
འདི་རུ་ཕྲིས།ཁམས་ཀྱྀ་ཆོས་སྡེ་ཆེན་མོ་སྟོང་སྐོར་དགོན་ནི་དགེ་ལྡན་པའི་དགོན་པ་དར་སྔ་ཞེས་ཞིག་ཡིན་པ་དང་ད་སྐབས་སློབ་གཉེད་བ་ཡང་དཔེ་ཡག་པོ་ཡོད་འདུག་པས་རྗེས་ཡིད་རང་ལིན་བརྒྱ་ཞུ། དྷ་ཚ་བྱམས་པས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
42047243
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1