དེབ་གསར་གསུམ་དང་སྐད་ཆ་མདོར་བསྡུས་མ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 11 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »དེབ་གསར་གསུམ་དང་སྐད་ཆ་མདོར་བསྡུས་མ།
དེབ་གསར་གསུམ་དང་སྐད་ཆ་མདོར་བསྡུས་མ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/6/13ལྟ་ཀློག (6719)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དེབ་གསར་གསུམ་དང་སྐད་ཆ་མདོར་བསྡུས་མ།

_____གྲོགས་པོ་གྲོགས་པོར་རྒྱུས་ལོན་ཟབ།

       ཁམས་ཀྱི་ན་གཞོན་རིགས་པ་སྨྲ་བ་དང་སྙན་ངག་པ་སྟོང་རུ་ཆོས་སྐྱོང་འགྱུར་མེད་དམ་གངས་ཅན་དབྱངས་འཚོ་ལགས་ཀྱིས་བརྩམས་གནང་མཛད་པའི་དེབ་གསར་གསུམ་མི་འགྱངས་པར་བོད་ཀྱི་སྤྱི་ཚོགས་སུ་འགྲེམས་སྤེལ་བྱ་རྒྱུ་རེད།


གཅིག  

       དེ་དག་ལས<<བོད་ཀྱི་སྒྲ་སྦྱོར་རིག་པ>>འི་སྟོད་ཆ་ནི། བོད་ཀྱི་བརྡ་སྤྲོད་སུམ་ཅུ་བ་ལ་ཞིབ་འཇུག་གི་བྱེད་ཐབས་གསར་པ་སྤྱད་དེ་དོགས་སློང་དང་ཞིབ་འགྲེལ་གྱིས་དཀའ་གནད་མང་པོ་ཞིག་ལ་སྒོ་ཀུན་ནས་གསེད་འགྲོལ་དང་གསར་བཤད་མང་དུ་གནང་ཡོད། དེ་ཡང་རྩོམ་པ་བོས་བོད་ཀྱི་གནའ་དེང་ཟུང་གི་བརྡ་གཞུང་ཀུན་ལ་ཐོས་བསམ་ཟབ་མོ་བྱས་ཤིང་མི་རིགས་གཞན་པའི་སྒྲ་སྦྱོར་རིག་པ་ལ་ཞིབ་འཇུག་དང་གཤིབ་བསྡུར་གནང་སྟེ་རང་གི་ཤེས་རབ་ཀྱི་རྩལ་གྱིས་ལེགས་པར་དཔྱད་པའི་བགྱི་བ་དང་དུ་བླངས་ཏེ་བརྩམས་པ་ཞིག་ལས། གཞུང་ཚིག་དང་གསུང་སྒྲོས་མང་པོ་ཞིག་མགོ་བཅད་མཇུག་རྡུམ་དང་། དེའི་ཁར་རང་ཚིག་འགའ་བསྣན་ཏེ་དེབ་རྒན་དུ་བཟོས་རྗེས་རང་གིས་བརྩམས་པ་ཡིན་ཞེས་སྒྲོག་པ་དག་དང་བསྡུར་ཐབས་མེད། དེབ་འདི་ནི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་དང་། དགོན་སྡེ་ཁག་གི་བཤད་གྲྭ་དང་ཡིག་གྲྭ། དེ་མིན་བོད་ཡིག་དགེ་རྒན་དང་ཞིབ་འཇུག་དགེ་རྒན་སོགས་ཀྱི་སློབ་དེབ་དང་ཁྲིད་དེབ་ལ་ཤིན་ཏུ་མཁོ་གལ་ཆེ་བ་པར་ཐེངས་དང་པོར་མཇལ་མྱོང་མཁན་རྣམས་ཀྱིས་ཐུགས་ལ་ངེས་སོ།།


གཉིས།

      <<སྒྲ་སྦྱོར་རིག་པའི་ལྷན་ཐབས>>ནི་བོད་ཁམས་སྤྱི་བཤད་དང་། བོད་ཡིག་བྱུང་འཕེལ། ཐོན་མིའི་ལོ་རྒྱུས། སུམ་ཅུ་བའི་བརྡ་འགྲེལ། ལེགས་བཤད་ལྗོན་དབང་གི་བསྡུས་འགྲེལ། ཚིག་ཕྲད་ཁ་སྐོང་སོགས་ཀྱིས་གྲུབ་པའི་དེབ་ཅིག་ཡིན་པས། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལ་གསར་དུ་ཐོས་བརྩོན་བྱེད་བཞིན་པའི་ལས་དང་པོ་བ་ཞིག་གམ། གཞན་དུ་བོད་ཀྱི་ལོ་རྒྱུས་དང་། བོད་ཡིག་ཇི་ལྟར་བཟོས་པ། ཐོན་མིའི་འཁྲུངས་གཞིས། ཐོན་མིའི་གོང་དུ་བོད་ཡིག་ཡོད་མེད་སོགས་ལ་དཔྱད་པ་གནང་འདོད་མཁན་ཞིག་ལ། ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་གོ་བ་རྣལ་མ་ཞིག་དང་རྒྱུ་ཆ་གསར་པ་རེ་མཁོ་འདོན་བྱ་ངེས།


གསུམ།

      <<མེ་ཏོག་སིལ་ཕྲེང>>ནི་ཚིགས་བཅད་རྐྱང་པ་བརྒྱ་ཕྲག་གཅིག་དང་ཟུར་བཀོད་སྙན་ངག་འགས་གྲུབ་པའི་དེབ་ཆུང་ཞིག་ཡིན་ལ། རྩོམ་པ་བོ་ཁོ་རང་གི་བསམ་བློ་དང་སྒྱུ་རྩལ་གྱི་ལྟ་གྲུབ། སྒེར་གྱི་རྩོམ་གཤིས་སོགས་འབུར་དུ་ཐོན་པའི་སྙན་ངག་རེ་རེས་ང་ཚོ་ཚོར་བས་མི་ཆུམས་པའི་འཆར་ཡན་གྱི་སྨུག་པ་ལང་ལོང་དང་། གསེད་དུ་མི་གཏུབ་པའི་སྒྱུ་འཕྲུལ་གྱི་སླུ་བྲིད་རབ་རིབ། རོལ་བས་མི་ཚིམས་པའི་སྒྱུ་རྩལ་གྱི་དྲི་ངད་སྟུག་པོའི་ཀློང་ཡངས་པོར་རང་དབང་མེད་པར་ཁྲིད་འགྲོ་ངེས་པས། སྙན་ངག་གི་དེབ་གསར་འདི་ནི་ཚེར་མ་དང་རྩྭ་ལྡུམ་མང་པའི་བོད་ཀྱི་རྩོམ་རིག་གི་ཞིང་ས་རུ་གསར་དུ་འབུས་པའི་མེ་ཏོག་ཁྱད་པར་བ་ཞིག་ཡིན་པའི་ཡིད་ཆེས་ཡོད། བཞི། དེབ་གསུམ་པོར་རྒྱལ་ནང་ནས་འགྲེམས་སྤེལ་བྱེད་ཆོག་པའི་དཔེ་རྟགས་ཚད་ལྡན་ཡོད་ལ། <<བོད་ཀྱི་སྒྲ་སྦྱོར་རིག་པ>>དང་<<སྒྲ་སྦྱོར་རིག་པའི་ལྷན་ཐབས>>གཉིས་སློབ་གྲྭ་དང་དགོན་སྡེ་འགར་སློབ་དེབ་དུ་སྤྲད་རྗེས་ཀྱི་དེབ་ལྷག་རྣམས་དང་། <<མེ་ཏོག་སིལ་ཕྲེང>>བཅས་སྤྱི་ཚོགས་ཀྱི་དཔེ་ཁང་སོ་སོ་དང་དགོན་སློབ་ཚང་མར་སྡེབ་འཚོང་དང་སིལ་འཚོང་གི་ལམ་ནས་མཁོ་སྤྲོད་བྱ་རྒྱུ་ཡིན་པས་ལྷན་རྒྱས་ནས་རྒྱབ་སྐྱོར་དང་མཉམ་འབྲེལ་ཡོད་པའི་རེ་བའང་ཆེ།

ཞེས་ལྡོང་འཆི་དབང་གིས་ཁམས་ཀྱི་བྱང་སྡེ་ཉི་མ་རྫ་ཆུ་ཁ་ནས་སྦྱར།



རྩོམ་པ་བོས་རང་གི་བརྩམས་ཆོས་ངོ་སྦྱོར།

          <<བོད་ཀྱི་སྒྲ་སྦྱོར་རིག་པ།>>

       དཔེ་ཆ་འདི་ནི་རང་གིས་ལོ་ངོ་དུ་མར་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་སྣ་ཚོགས་ཀྱི་སྙིང་བཅུད་བསྡུ་ལེན་དང་། ལྷག་པར་དུ་བརྡ་སྤྲོད་ལག་ལེན་ཀྱི་དོགས་གནད་དམིགས་བསལ་བ་དག་ཐེར་འདོན་གྱི་བགྱི་བ་ལྷུར་བླངས་ཏེ་བྲིས་པ་ཞིག་ཡིན། འོན་ཏེ་སྔར་ཡོད་བརྡ་སྤྲོད་ཀྱི་གཞུང་ལུགས་ཕལ་མོ་ཆེར་དགག་བཞག་དང་རྩོད་སྤོང་གི་སྒང་ཁ་ཉུལ་བ་གཙོ་བོར་བྱས་པ་ལས། བོད་རང་གི་སྐད་བརྡའི་ཉིང་ལག་གམ་ཁྲིད་ཐབས་ལག་ལེན་གྱི་གཞུང་དུ་བབས་པ་ཤིན་ཏུ་དཀོན་པར་མ་ཟད། སྐད་ཆ་དྲང་མོར་ལབ་ན་དེ་ལྟ་བུ་ཞིག་གཏན་ནས་མེད་ཅེས་བརྗོད་ཀྱང་རུང་། དེ་བས་ཕྱིས་འབྱོན་གྱི་མཁས་དབང་ལ་ལས་གཙོ་གནད་འདི་དམིགས་ཀྱིས་བཀར་ཏེ་བོད་བརྡ་འཐུས་ཚང་གི་ངོ་བོ་སྟེ་དུས་དང་སྤྱི་ཚོགས་ཀྱི་དགོས་མཁོར་འཚམས་པའི་རིག་གཞུང་ནང་འདྲེན་དང་གསར་རྩོམ་མཛད་བཞིན་པ་ནི་ཅི་འདྲའི་བཀུར་འོས་པ་ཞིག་ཨང་། དེ་བས་ལོ་སྔོན་མ་ཞིག་ནས་ལས་ཀའི་བར་གསེང་ཚང་མ་ཆུད་ཟོས་སུ་མ་གཏང་བར་<<བོད་ཀྱི་སྒྲ་སྦྱོར་རིག་པ་>>གསར་རྩོམ་གྱི་བྱ་བར་ཞུགས་པ་ཡིན་ལ། དེའང་སྲོལ་རྒྱུན་བརྡ་སྤྲོད་དང་དེང་རབས་སྒྲ་རིག་པ་གཉིས་ཕན་ཚུན་གཤིབ་བསྡུར་གྱི་ལམ་ཁ་དེ་ནི་ཐེངས་འདིར་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོར་བཟུང་བ་ཡིན། དེའང་བརྡ་སྤྲོད་ཆེད་མཁས་པ་རེ་འགའི་དགོངས་ཕྱོགས་ལྟར་ན་དཔེ་ཆ་འདི་བོད་ཀྱི་སློབ་གྲྭ་ཆེ་འབྲིང་དང་ལྷག་པར་དུ་བརྡ་སྤྲོད་ཆེད་ལས་པར་ཤིན་ཏུ་འོས་འཚམ་ཡིན་པའི་བཀའ་མོལ་གནང་མྱོང་། ཕལ་ཆེར་བལྟས་ཚོད་ལ་དེར་ཡིན་མོད་ངེས་དོན་གྱི་ཐོག་ནས་གླེང་ན་བོད་བརྡ་ཞིབ་འཇུག་དང་ཟབ་ཁྲིད་ཀྱི་ལས་གནས་གཉེར་བཞིན་པ་ཀུན་གྱིས་ཟུར་བལྟ་དང་དཔྱད་གཞིར་རུང་བར་འདོད་དོ། །

གསལ་བཤད།

      དེ་མིན་གསལ་བཤད་བྱ་དགོས་པ་ཞིག་ལ། ན་ནིང་(༢༠༡༣ལོར)དཔར་གཞི་དང་བོ་བསྒྲིགས་ཏེ་པར་གྲངས་༣༠༠༠ལྷག་འགྲེམས་སྤེལ་བྱས་ཟིན་ནའང་། སྐབས་དེར་ལས་ཀའི་བྲེལ་ཟིང་སྣ་ཚོགས་ཀྱིས་ཡི་གེ་ཆད་ལྷག་གི་སྐྱོན་དུ་མ་བྱུང་འདུག་པས། ད་ལོར་ཡང་བསྐྱར་དུ་གྲོགས་དམ་པ་ལྡོང་འཆི་དབང་ལགས་ཀྱིས་ཞུ་དག་ཅུང་སྤུས་བཟང་ཞིག་བྱས་ཏེ་ཚོད་ལྟའི་ཚུལ་དུ་ཐེངས་གཅིག་དཔར་འཆར་འདུག དེ་བས་ལྷག་པར་དཔར་གཞི་དང་བོ་འཁྲིད་དེབ་དང་ཟུར་བལྟ་བགྱི་བཞིན་ཡོད་པ་ཀུན་གྱིས་དཔར་ཐེངས་གཉིས་པ་ལ་དོ་སྣང་བྱ་འོས། <<སྒྲ་སྦྱོར་རིག་པའི་ལྷན་ཐབས།>> དཔེ་ཆ་འདིའང་ཁ་བྱང་ལས་གསལ་བ་བཞིན་<<བོད་ཀྱི་སྒྲ་སྦྱོར་རིག་པ>>འི་ལྷན་ཐབས་ལྟ་བུ་ཞིག་སྟེ། དགོས་དབང་དུ་མ་ཞིག་གིས་དངོས་སུ་<<བོད་ཀྱི་སྒྲ་སྦྱོར་རིག་པ>>འི་ནང་དུ་མ་བཙུད་པའི་གླེང་གཞི་དང་བོད་ཡིག་བྱུང་འཕེལ་དང་འབྲེལ་ཡོད་ཀྱི་སྔོན་འགྲོའི་སྐོར། དེ་མིན་བརྡ་འགྲེལ་འགའ་བཏུས་ཏེ་བསྒྲིགས་པ་ཞིག་ཡིན། གལ་ཏེ་ཁྱོད་ཉིད་<<བོད་ཀྱི་སྒྲ་སྦྱོར་རིག་པ་>>བཀླག་པར་སྤྲོ་མཁན་ཞིག་ཡིན་ན་དཔེ་ཆ་འདིའང་དེའི་ཡན་ལག་ཆུང་ཆུང་ཞིག་ཏུ་གྲུབ་ཡོད་དོ། །

<<མེ་ཏོག་སིལ་ཕྲེང་།>>

       དེབ་ཆུང་འདི་ནི་ངས་རང་གི་སྔར་བསྐྱལ་ཟིན་པའི་མི་ཚེའི་འདས་དོན་ལས། ང་ལ་ཅིས་ཀྱང་ཐོབ་མྱོང་བའི་སྒྱུ་རྩལ་འཚོ་བ་དང་མཚན་ཉིད་ལྟ་བའི་རྙེད་དོན་དག་འཆར་ཡན་དང་བསྡུས་བརྗོད་སོགས་ཀྱི་མཚོན་ཐབས་སྣ་ཚོགས་སྤྱད་དེ་གཟབ་བྲིས་བྱས་པ་ཞིག་ཡིན། རྩོམ་ལུས་ཀྱི་ཆ་ནས་བཅད་མ་དང་རྩོམ་སྟངས་ཐོལ་རྩོམ་གྱི་རིགས་སུ་གཏོགས། རྩོམ་ཡིག་འདི་ལ་ཁྱོན་ཤོ་ལོ་ཀ་བརྒྱ་དང་ཉི་ཤུ་ལྷག་ཡོད་ཀྱང་། དུས་ཡུན་ལོ་གསུམ་ཙམ་གྱི་རིང་ཚོར་བ་དང་ལྟ་ཕྱོགས་དམིགས་བསལ་བ་ཞིག་མེད་ཚེ་འབྲི་མཐུད་མ་བྱས་པར་སྣང་མེད་དུ་བཞག་པའི་རྐྱེན་གྱིས། ད་ཐེངས་དངོས་སུ་གཞན་གྱིས་བསྒྲིག་པར་སྐུལ་སྐབས་ཤོ་ལོ་ཀ་བཞི་བཅུ་ཡས་མན་ཞིག་གྲོན་འདུག་པར་མཐོང་བས་ད་ནི་ཕངས་སེམས་ཀྱིས་བྲང་གོག་རྡུང་བ་ལས་བྱ་ཐབས་གཞན་ཅི། གང་ལྟར་ཁ་སྐོང་གི་ཟོལ་གྱིས་ཟུར་བཀོད་སྙན་བཏུས་འགའ་དང་གུས་པ་དགའ་ཞེན་ཆེས་ཆེར་ལྡན་པའི་གྲགས་ཆེ་བའི་ཀྲུང་ཕྱིའི་སྙན་ངག་འགྱུར་མ་འགའ་བཀོད་ཁུལ་བྱས་ཡོད། སྤྱིར་རྩོམ་ཡིག་འདི་<<ལམ་འགྲམ་གྱི་ཚིག་ཇ་ཁང་>>ཞེས་པའི་ཕྲན་བཏུས་རྩོམ་དུ་གཏོགས་ཀྱང་གྲོགས་མཆོག་ལྡོང་འཆི་དབང་སོགས་ཀྱིས་དཀའ་ངལ་དཀའ་ཚེགས་ལ་མ་འཛེམ་པར་བཅད་མའི་རིགས་དེ་དག་ཕྱོགས་བཏུས་བྱས་པ་ལ་ཕྲན་གྱིས་<<མེ་ཏོག་སིལ་ཕྲེང་>>ཞེས་བསྙད་དེ། མི་འགྱངས་པར་ཏུང་པེ་རིག་གནས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་འཆར་འདུག དེ་ལས་དཔེ་དེབ་ཀྱི་བཟང་ཆ་དང་ཐུན་མིན་གྱི་ཁྱད་ཆོས་ཀློག་པ་བོར་ལྟོས་པ་ལས་རྩོམ་པ་བོའི་རང་བསྟོད་ལ་འབྲེལ་བ་ཆེར་མེད་ཕྱིར་མི་སྤྲོའོ། །

      སླད་མར་ཕྲན་ལ་བོང་བ་གསེར་གཟིགས་གནང་བའི་ཡོན་སྦྱོར་བ་རྣམ་པ་དང་སྐུལ་སློང་བ། ད་དུང་ཀློག་པར་ལྷན་རྒྱས་ལ་བཀའ་དྲིན་དང་གུས་འདུད་སྙིང་ཁོང་ནས་ཞུ་བ་དང་ལྷན་དུ་ཕྲན་ཆུང་ང་འཇིག་རྟེན་ལས་ཡུལ་གྱར་དུ་སོང་རག་བར་དུ་ད་དུང་ངའི་བརྩམས་ཆོས་གང་མང་ཞིག་སྔར་བཞིན་ཁྱེད་ཅག་གི་གཟིགས་རྟོག་ལ་འབྲེལ་བ་དམ་པོར་ཡོད། བཀའ་དྲིན་ཆེ། ………………………………………… གངས་ཅན་དབྱངས་འཚོའི་རིག་མཛོད། •)《བོད་ཀྱི་སྒྲ་སྦྱོར་རིག་པ།》(པོད་གསུམ) •)《བརྩེ་དུང་སེམས་ཁམས་རིག་པ།》(པོད་གཅིག) •)《སྒྱུ་རྩལ་མཚན་ཉིད་རིག་པ།》(པོད་གཉིས) •)《ནུབ་ཕྱོགས་མཚན་ཉིད་རིག་པ།》(པོད་གསུམ) •)《ཐེ་ཀོར་ཞིབ་འཇུག》(པོད་གཅིག) •)《ལམ་འགྲམ་གྱི་ཚིག་ཇ་ཁང་།》(པོད་གཅིག)

岗坚央措文库系列 •) 《藏文文法学》(上中下本) •) 《藏文文法学增补》(一本) •) 《爱情心理学》(一本) •) 《艺术哲学》(两本) •) 《西方哲学》(三本) •) 《诗圣·泰戈尔研究》(一本) •) 《街角咖啡馆》(一本)


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41829786
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1