དབུ་མའི་བགྲོ་གླེང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» སྤྱི་ཚོགས་གཏམ་བཤད། »དབུ་མའི་བགྲོ་གླེང་།
དབུ་མའི་བགྲོ་གླེང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/10/6ལྟ་ཀློག (28856)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


    སྤྱི་ལོ་ ༢༠༡༥ ༡༠ ༠༤ ཉིན་ཧོར་བྲག་མགོ་དགོན་དུ་མདོ་ཁམས་མཁས་པའི་བགྲོ་གླེང་ཐེངས་གཉིས་པའི་སྐབས་ཕྲན་གྱིས་བགྲོ་གླེང་བཤད་རྒྱུའི་གོ་སྐབས་བྱུང་བ་འདི་ལ་བསྐལ་པ་བཟང་སྙམ་སྟེ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྣམས་དང་། ཆོས་ཚོགས་འདི་བཀོད་སྒྲིག་བྱེད་མཁན་ལས་བྱེད་པ་དག་ལ་བཀའ་དྲིན་ཆེ་ཞུ་བའམ་བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་གི་བགྲོ་གཞི་འདྲ་བོ་གང་ཡིན་ཟེར་ན། དྲི་བ་བཅུ་བདུན་པ་འདི་རེད། དེ་ལའང་ས་བཅད་ལྔ་ཡོད།

     བགྲོ་གཞིའི་ལུང་དང་བོ། ལེགས་བཤད་སྙིང་པོ་ལས། རྟེན་ཆོས་ཅན་དེ་ཁོ་ནར་གྲུབ་པ་ཉམས་པར་ཁས་བླངས་པའི་སྟེང་ནས་ཀྱང་གཞན་དུ་བཤད་པ་དང་བཤད་ཚུལ་འདི་གཉིས་མི་མཐུན་ཀྱང་རང་རྒྱུད་འགོག་པའི་གྲུབ་མཐའ་མི་མཐུན་པ་མིན་ནོ།། ཞེས་བཤད་ཚུལ་མི་མཐུན་པའི་སྐོར་བཤད་པ་ལ་ཐོག་མར་ཚིག་གསལ་ལས། དེ་ནི་དེ་ལྟར་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་འདིར་སྐྱེ་བ་བཀག་པ་བསྒྲུབ་པར་བྱ་བའི་ཆོས་སུ་འདོད་པ་དེའི་ཚེ་དེ་ཁོ་ནར་དེའི་རྟེན་ཆོས་ཅན་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ནི་ཉམས་པར་གྱུར་པར་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དོ།། ཞེས་ལེགས་ལྡན་འགོག་པའི་གཞུང་གི་དགོངས་པ་འགྲེལ་ཚུལ་ལ་ལེགས་བཤད་སྙིང་པོ་ལས་བཤད་ཚུལ་དང་། ལམ་རིམ་ཆེན་མོ་སོགས་ལས་བཤད་ཚུལ་མི་འདྲ་བའི་དབང་གིས་བཤད་ཚུལ་མི་མཐུན་ཞེས་གསུངས། དང་བོ་ལེགས་བཤད་སྙིང་བོ་ལས། མིག་སོགས་ཀྱི་ཆོས་ཅན་རང་གི་ངོ་བོ་དེ་ཕྱིན་ཅི་ལོག་ཙམ་གྱིས་རྙེད་པ་མིན་པར་ལེགས་ལྡན་རང་ཉིད་ཀྱིས་ཁས་བླངས་ལ། ཞེས་པ་ནས། ཆོས་ཅན་དེ་འཇལ་བའི་ཚད་མ་ནི་མིག་སོགས་ཀྱི་རང་བཞིན་ལ་མ་འཁྲུལ་བའི་ཤེས་པ་ཡིན་ལ་ཤེས་པ་ཕྱིན་ཅི་མ་ལོག་པ་རང་བཞིན་ལ་མ་འཁྲུལ་བའི་གནས་སྐབས་ཏེ། དེས་རྙེད་པའི་ཡུལ་ནི་ཤེས་བྱ་ཕྱིན་ཅི་ལོག་རང་མཚན་གྱིས་མེད་བཞིན་དུ་དེར་སྣང་བའི་རྫུན་སྣང་མེད་པའི་ཕྱིར་རོ།། ཞེས་དང་། ཡོད་པ་གང་ཡིན་རང་གི་ངོ་བོས་ཡོད་པར་འདོད་པའི་ལུགས་ལ་རང་མཚན་སྣང་བ་ལ་ལྟོས་ཏེ་འཁྲུལ་པར་སོང་ན་དེས་རང་གི་གཞལ་བྱ་རྙེད་པར་འཇོག་མི་ནུས་པས། རྟོག་པ་དང་རྟོག་མེད་ཀྱི་ཚད་མ་གང་ཡིན་ཀྱང་ཚད་མར་སོང་ས་སྣང་ཡུལ་དང་ཞེན་ཡུལ་རང་མཚན་ལ་མ་འཁྲུལ་བ་ཞིག་དགོས་སོ།། དེའི་ཚེ་ཐ་སྙད་དུ་མིང་དུ་བཏགས་པ་ཙམ་མིན་པའི་དོན་རང་གི་གནས་ཚུལ་གྱི་ངོ་བོའམ་རང་བཞིན་ཞིག་ལ་ཚད་མར་འགྲོ་དགོས་ཤིང་རང་གི་ཁས་ལེན་པ་ཡང་ཡིན་ནོ།། དེ་འདྲ་བའི་ཚད་མས་རྙེད་པའི་དོན་ཡིན་ན་ཤེས་བྱ་ཕྱིན་ཅི་ལོག་ཡིན་པར་འགལ་བས་རྟགས་ཕྱི་མ་འགྲུབ་བོ།། དེ་བཞིན་དུ་ཤེས་པ་འཁྲུལ་པས་རྙེད་པའི་དོན་ཡིན་ན་ཡང་ཤེས་བྱ་ཕྱིན་ཅི་མ་ལོག་པ་ཡིན་པ་འགལ་ལོ།། དེའི་ཕྱིར་ཆོས་ཅན་མ་གྲུབ་པའི་སྐྱོན་སྤོང་མི་ནུས་སོ།། ཞེས་ཐལ་འགྱུར་བས་ལྟ་ན། ལེགས་ལྡན་གྱིས་ཐལ་འགྱུར་བ་ལ་རང་མཚན་གྱིས་གྲུབ་མ་གྲུབ་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་མིག་སོགས་ཙམ་ཆོས་ཅན་དུ་གཟུང་ན། རྒོལ་ཕྱི་རྒོལ་གཉིས་ཀ་ལ་ཆོས་ཅན་ཚད་གྲུབ་མཐུན་སྣང་བ་ཞིག་འབྱུང་བས་ཕྱོགས་ཆོས་མ་གྲུབ་པའི་སྐྱོན་མེད་ཅེས་ལེགས་ལྡན་གྱིས་བཤད་པ་དེ་མི་འཐད་པར་ཐལ། རང་མཚན་གྱིས་གྲུབ་མ་གྲུབ་གང་གིས་ཀྱང་ཁྱད་པར་དུ་མ་སྦྱར་བར་ཆོས་ཅན་ཚད་མས་གྲུབ་ཚུལ་མེད་པར་ལེགས་ལྡན་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་ཏེ། ཆོས་ཅན་འཇལ་བའི་ཚད་མ་ཡིན་ན་རང་མཚན་གྱིས་ཁྱད་པར་དུ་བྱས་ནས་རྙེད་པས་ཁྱབ་པར་ཁས་བླངས་པའི་ཕྱིར་ཏེ། ཆོས་ཅན་འཇལ་བའི་ཚད་མ་ཡིན་ན་ཆོས་ཅན་དེའི་རང་མཚན་ལ་ཚད་མར་སོང་བས་ཁྱབ་པར་ཁས་ལེན་པར་གང་ཞིག ཐལ་འགྱུར་བས། མིག་སོགས་ཆོས་ཅན་ཀུན་རྫོབ་པ་རྣམས་རང་མཚན་ལ་འཁྲུལ་བའི་ཚད་མས་རྙེད་དོན་ཁས་བླངས་པས་ཆོས་ཅན་མཐུན་སྣང་བ་མེད་པའི་ཕྱིར། ཁྱབ་སྟེ། རང་མཚན་ལ་འཁྲུལ་བའི་ཚད་མས་རྙེད་དོན་དང་། རང་མཚན་ལ་མ་འཁྲུལ་བའི་ཚད་མས་རྙེད་དོན་གཉིས་ཀར་མི་ཡོང་བའི་ཕྱིར་ཏེ། དེ་གཉིས་ཐ་དད་ཅིང་དངོས་འགལ་ཡིན་པའི་ཕྱིར། དེས་ན། ཆོས་ཅན་མཐུན་སྣང་བ་མེད་པའམ་ཆོས་ཅན་མ་གྲུབ་པའི་སྐྱོན་སོ་ན་གནས་སོ།། ཞེས་ལེགས་ལྡན་འགོག་གོ། །ལམ་རིམ་ཆེན་མོ་ལས། བསྒྲུབ་བྱའི་ཆོས་ཀྱི་རྟེན་ཆོས་ཅན་མིག་གམ་གཟུགས་ལ་སོགས་པ་ནི་དེ་ཁོ་ནར་ཉམས་པར་གྱུར་པ་སྟེ་མ་གྲུབ་པར་ལེགས་ལྡན་འབྱེད་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ།། ཆོས་ཅན་ཇི་འདྲ་བ་སྙམ་ན། མ་རིག་པས་བསླད་པའི་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་སྟེ། མིག་གི་ཤེས་པ་ལ་སོགས་པའི་ཐ་སྙད་པའི་ཤེས་པ་ཙམ་གྱིས་གྲུབ་པའི་དོན་ནོ།། ཁས་བླངས་ལུགས་ནི་དོན་དམ་པར་སྐྱེ་བ་བཀག་པ་དེ་ཆོས་ཅན་དེ་དག་ལ་བསྒྲུབ་བྱའི་ཆོས་སུ་བརྟེན་པ་དེའི་ཚེ་སྟེ་དེའི་ཕྱིར་ཏེ། དེ་ཁོ་ནར་གྲུབ་ན་དེ་བརྟེན་པ་འགལ་བའི་ཕྱིར་རོ།། ཞེས་ཐལ་འགྱུར་བས་ལྟ་ན། ལེགས་ལྡན་གྱིས་དངོས་སྨྲ་བ་ལ་རང་མཚན་གྱིས་གྲུབ་མ་གྲུབ་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་མིག་སོགས་ཙམ་ཆོས་ཅན་དུ་བཟུང་ན། རྒོལ་ཕྱི་རྒོལ་གཉིས་ཀ་ལ་ཆོས་ཅན་ཚད་གྲུབ་མཐུན་སྣང་བ་ཞིག་འབྱུང་བས་ཕྱོགས་ཆོས་མ་གྲུབ་པའི་སྐྱོན་མེད་ཅེས་ལེགས་ལྡན་གྱིས་བཤད་པ་དེ་མི་འཐད་པར་ཐལ། སྔ་རྒོལ་ལེགས་ལྡན་ཁྱོད་ཀྱིས་རྟེན་ཆོས་ཅན་མིག་སོགས་ཀུན་རྫོབ་པ་དེ་དག་རང་མཚན་ལ་འཁྲུལ་བའི་ཚད་མས་རྙེད་དོན་དུ་ཁས་བླངས་དགོས་པའི་ཕྱིར་ཏེ། རྟེན་ཆོས་ཅན་མིག་སོགས་ཀུན་རྫོབ་པ་དེ་དག་རང་མཚན་ལ་མ་འཁྲུལ་བའི་ཚད་མའི་ངོ་ན་མེད་པར་ཁས་བླངས་དགོས་པའི་ཕྱིར་ཏེ། རྟེན་ཆོས་ཅན་དེ་ཁོ་ནར་གྲུབ་པ་ཉམས་པར་ཁས་ལེན་པའི་ཕྱིར། ཁྱབ་སྟེ། རྟེན་ཆོས་ཅན་ཀུན་རྫོབ་པ་དེ་དག་ཟག་མེད་མཉམ་བཞག་ཡེ་ཤེས་ཀྱི་ངོ་ནར་གྲུབ་པར་ཉམས་ན། མ་འཁྲུལ་བའི་ཚད་མའམ་ཤེས་པ་ཕྱིན་ཅི་མ་ལོག་པ་ཟག་མེད་མཉམ་བཞག་ཡེ་ཤེས་ཀྱི་ངོ་ན་མེད་དགོས་པས། མིག་སོགས་ཀྱི་རང་བཞིན་ལ་མ་འཁྲུལ་བའི་ཤེས་པའི་ངོ་ནར་མེད་དགོས་པའི་ཕྱིར། དེས་ན། མིག་སོགས་ཀྱི་རང་མཚན་ལ་འཁྲུལ་བའི་ཚད་མས་རྙེད་དོན་ཡིན་པར་ལེགས་ལྡན་ཁྱོད་ཀྱིས་ཁས་བླངས་དགོས་ལ། ཕྱི་རྒོལ་དངོས་སྨྲ་བས་རང་མཚན་ལ་མ་འཁྲུལ་བའི་ཚད་མས་རྙེད་དོན་ཡིན་པར་ཁས་བླངས་པས་ཁྱོད་གཉིས་ལ་ཆོས་ཅན་མཐུན་སྣང་བ་མེད་པའི་ཕྱིར། ཞེས་དགོངས་པ་འགྲེལ་ལུགས་མི་འདྲ་བ་གཉིས་བྱུང་ཡང་། རང་རྒྱུད་འགོག་པའི་གྲུབ་མཐའ་མི་མཐུན་པའམ་མི་འདྲ་བ་གཉིས་བཀག་པ་མིན་ནོ།། མདོར་བསྡུས་ན། ལེགས་བཤད་སྙིང་པོས་ལེགས་ལྡན་འབྱེད་ཀྱི་དངོས་ཀྱི་ཁས་བླངས་ལ་སྦྱར་ནས་སྐྱོན་བརྗོད་ལུགས་དང་། ལམ་རིམ་དང་སྟོང་མཐུན་སོགས་ལས་ལེགས་ལྡན་གྱི་དོན་གྱི་ཁས་བླངས་ལ་སྦྱར་ནས་སྐྱོན་བརྗོད་ལུགས་བཤད་པ་ཡིན་ནོ།།

     བགྲོ་གཞིའི་ལུང་གཉིས་པ། ལེགས་བཤད་སྙིང་པོ་ལས། ཟླ་བས་དེ་འདྲ་བ་དེ་རང་གི་ངོ་བོས་ཡོད་པར་སོང་ལ་དེ་ཉིད་དོན་དམ་པར་ཡོད་པའི་དོན་ཡིན་པས་དེ་ཁྱད་གཞིར་བཟུང་བའི་ཆོས་ཅན་ཙམ་པོ་ག་ལ་སྲིད་སྙམ་དུ་དགོངས་ནས་ཁྱད་པར་དོར་བའི་སྤྱི་ཆོས་ཅན་དུ་འཛིན་པ་འགོག་གོ། །ཞེས་པའི་དོན་ནི། ཐལ་འགྱུར་བ་ཟླ་བས་ལྟ་ན།ལེགས་ལྡན་གྱིས་མིག་སོགས་ཆོས་ཅན་ཤེས་བྱ་ཡང་དག་པར་དེ་འདྲ་བར་ཤེས་པ་མ་འཁྲུལ་བས་རྙེད་ཀྱང་བདེན་གཉིས་སུ་གྲུབ་པའི་ཐ་སྙད་དང་དོན་གང་གིས་ཀྱང་ཁྱད་པར་དུ་བྱས་ནས་གྲུབ་མི་དགོས་པས་དགག་གཞི་ཆོས་ཅན་ལ་དོན་དམ་གྱིས་ཁྱད་པར་སྦྱར་མི་དགོས་ཞེས་ཁས་ལེན་པ་མི་རིགས་པར་ཐལ། རྟེན་ཆོས་ཅན་མིག་སོགས་ཀུན་རྫོབ་པ་དེ་དག་འཇལ་བའི་ཚད་མ་ཡིན་ན། མིག་སོགས་ཀུན་རྫོབ་པ་དེ་དག་གི་རང་མཚན་ལ་ཚད་མར་སོང་བས་ཁྱབ་པར་ཁས་བླངས་དགོས། དེ་བླངས་ན། དེ་དག་གི་རང་གི་ངོ་བོས་ཡོད་པ་ལ་ཚད་མར་སོང་བས་ཁྱབ་པར་ཁས་བླངས་དགོས། དེ་བླངས་ན། དེ་དག་གི་དོན་དམ་པར་གྲུབ་པ་ལ་ཚད་མར་སོང་བས་ཁྱབ་དགོས་ཏེ། རང་གི་ངོ་བོས་ཡོད་པ་ནི་དོན་དམ་པར་ཡོད་པའི་དོན་ཡིན་པའི་ཕྱིར། དེས་ན། དགག་གཞི་ཆོས་ཅན་ལ་དོན་དམ་གྱིས་ཁྱད་པར་དངོས་སུ་སྦྱར་བས་དགག་གཞི་ལ་དོན་དམ་གྱིས་ཁྱད་པར་དོར་བའི་སྤྱི་མིག་སོགས་ཆོས་ཅན་དུ་འཛིན་པ་རིགས་སོ་ཞེས་ལེགས་ལྡན་གྱིས་བཤད་པ་དེ་མི་རིགས་སོ།། ཞེས་གསུང་གི་དགོངས་པར་སྣང་ངོ་།།

     བགྲོ་གཞིའི་ལུང་གསུམ་པ། ལེགས་བཤད་སྙིང་པོ་ལས། འདི་ལ་ལེགས་ལྡན་ལ་སོགས་པ་རང་རྒྱུད་པ་རྣམས་ཀྱིས་དེ་འདྲའི་ཁྱད་པར་དོར་བའི་སྤྱི་ཕན་ཚུན་དུ་སྟོན་རྒྱུ་མེད་ཀྱང་། དོན་དམ་པར་དང་བདེན་པར་ཡོད་མེད་ཀྱིས་ཁྱད་པར་དུ་མ་བྱས་པའི་སྤྱི་ཆོས་ཅན་དུ་གཟུང་རྒྱུ་ཡོད་ཅེས་སྒྲུབ་མི་ནུས་ཏེ། རང་གི་ངོ་བོས་ཡོད་ན་བདེན་པར་ཡོད་པའི་དོན་ཡིན་པའི་ཕྱིར་རོ།། ཞེས་ཐལ་འགྱུར་བས་ལྟ་ན། ལེགས་ལྡན་གྱིས་དངོས་སྨྲ་བ་ལ་རང་གི་ངོ་བོས་ཡོད་མེད་ཁྱད་པར་དོར་བའི་སྤྱི་ཕན་ཚུན་སྟོན་རྒྱུ་མེད་ཀྱང་།བདེན་གཉིས་ཀྱིས་ཁྱད་པར་དོར་བའི་སྤྱི་ཆོས་ཅན་དུ་གཟུང་རྒྱུ་ཡོད་ཅེས་སྒྲུབ་མི་ནུས་ཏེ། རང་གི་ངོ་བོས་ཡོད་ན་བདེན་པར་ཡོད་དགོས་པའི་ཕྱིར་རོ།།

     བགྲོ་གཞིའི་ལུང་བཞི་པ། ལྷག་མཐོང་ཆེན་མོ་ལས། མཐུན་སྣང་དུ་གྲུབ་པའི་དོན་ཡང་ཕྱི་རྒོལ་ལ་ཚད་མ་ཇི་འདྲ་བ་ཞིག་གིས་གྲུབ་པའི་ཚད་མ་དེ་འདྲ་བ་ཞིག་གིས་སྔ་རྒོལ་ལའང་གྲུབ་པའོ།། ཞེས་སྤྱིར་ཆོས་ཅན་མཐུན་སྣང་བ་ཡོད་མེད་ནི་རང་རྒྱུད་པ་ནང་ཕན་ཚུན་ཡོད་མེད་ལ་མ་ལྟོས་པར། རང་བཞིན་གྱིས་ཡོད་པར་སྨྲ་བ་དང་དངོས་སྨྲ་བ་ཕན་ཚུན་ཡོད་མེད་དང་། རང་བཞིན་གྱིས་ཡོད་པར་སྨྲ་བ་དང་རང་བཞིན་གྱིས་མེད་པར་སྨྲ་བ་ཕན་ཚུན་ཡོད་མེད་ལ་ལྟོས་པས་དེ་མེད་ན། ཆོས་ཅན་མཐུན་སྣང་བར་མེད་པའོ།། གལ་ཏེ་ཆོས་ཅན་མཐུན་སྣང་བར་ཡོད་ན། ཕྱི་རྒོལ་དངོས་སྨྲ་བ་དང་། ཐལ་འགྱུར་བས་ཚད་མ་ཇི་འདྲ་བ་ཞིག་གིས་གྲུབ་པའི་ཚད་མ་དེ་འདྲ་བ་ཞིག་གིས་སྔ་རྒོལ་རང་རྒྱུད་པས་གྲུབ་དགོས་ཞེས་གཞུང་གི་དགོངས་པར་འགྲེལ་དགོས་སྙམ།།

      བགྲོ་གཞིའི་ས་བཅད་ལྔ་པ་ནི། ཞེས་སོགས་གཞུང་གོང་བསྒྲིགས་ཏེ་ཆོས་ཅན་མཐུན་སྣང་བ་འགོག་ཚུལ་དང་། དེའི་གནད་ཀྱིས་ཐལ་རང་གི་དགག་བྱ་ལ་ཁྱད་པར་འབྱེད་ཚུལ་བཅས་ལ་དཔྱད་རྩོམ་སྤེལ་རྒྱུ་ཞེས་གཞུང་གི་གོང་འོག་མདོར་བསྡུས་ཤིག་སྒྲིག་ན། དང་བོ། ལྷག་མཐོང་ཆེན་མོ་དང་ལེགས་བཤད་སྙིང་པོ་གཉིས་ཀྱིས་ལེགགས་ལྡན་འགོག་པའི་ཚིག་གསལ་དགོངས་པ་འགྲེལ་ཚུལ་ཐ་དད་པའི་དབང་གིས་ཆོས་ཅན་མཐུན་སྣང་བ་འགོག་ཚུལ་མི་འདྲ་བ་གཉིས་བྱུང་ཡང་ལེགས་ལྡན་གཅིག་གི་གྲུབ་མཐའ་བཀག་པས་གྲུབ་མཐའ་མི་མཐུན་པ་གཉིས་བཀག་པ་མིན་པའི་སྐོར་གཞུང་དང་བོ་བྱུང་། འོ་ན། ལེགས་བཤད་སྙིང་པོས་ཆོས་ཅན་མཐུན་སྣང་བ་འགོག་ལུགས་ཇི་འདྲ་རེད་ཟེར་ན།  ལེགས་ལྡན་གྱི་དངོས་ཀྱི་ཁས་བླངས་ལ་སྦྱར་ནས་ཆོས་ཅན་མཐུན་སྣང་བ་འགོག་ལུགས་འདི་འདྲ་རེད་ཅེས་གཞུང་གཉིས་པ་བྱུང་། འོ་ན། ལེགས་ལྡན་གྱིས་རང་མཚན་གྱིས་ཁྱད་པར་དོར་བའི་སྤྱི་ཆོས་ཅན་གཟུང་རྒྱུ་མེད་ཀྱང་། བདེན་གཉིས་ཀྱིས་ཁྱད་པར་དོར་བའི་སྤྱི་ཆོས་ཅན་གཟུང་རྒྱུ་ཡོད་ཅེས་ཟེར་ན། རང་མཚན་གྱིས་ཁྱད་པར་དོར་བ་མེད་ན། རང་གི་ངོ་བོས་ཁྱད་པར་དོར་བ་མེད། དེ་མེད་ན་དོན་དམ་པས་ཁྱད་པར་དོར་བ་མེད་དེ། རང་གི་ངོ་བོས་ཡོད་པ་དེ་དོན་དམ་པ་ཡོད་པའི་དོན་ཡིན་པའི་ཕྱིར་ཞེས་གཞུང་གསུམ་པ་བྱུང་། འོ་ན། ཆོས་ཅན་མཐུན་སྣང་བ་ཇི་འདྲ་རེད་ཅེ་ན། རང་རྒྱུད་པ་ལྟ་བུའི་གྲུབ་མཐའ་ནང་ཕན་ཚུན་ཆོས་ཅན་མཐུན་སྣང་བ་ཡོད་མེད་ལ་མ་ལྟོས་པར་སྔ་རྒོལ་རང་རྒྱུད་པ་དང་།  ཕྱི་རྒོལ་སེམས་ཙམ་པའམ་ཐལ་འགྱུར་བ་གཉིས་ཀྱི་ཆོས་ཅན་འཇལ་བྱེད་ཀྱི་ཚད་མའི་ངོ་བོ་གང་འཐད་ནས་འདྲ་བ་ཞིག་ལ།  ཆོས་ཅན་མཐུན་སྣང་བའོ་ཞེས་གཞུང་བཞི་པ་བྱུང་། འོ་ན། ཆོས་ཅན་མཐུན་སྣང་བ་འགོག་ན་གྲུབ་འབྲས་ཅི་ཡོད་ཅེ་ན། ཆོས་ཅན་མཐུན་སྣང་བ་ལ་གནོད་པར་མཐོང་ན་ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་ཕྲ་མོ་ཁེབས་པ་ཡིན་ནོ་ཞེས་པ་ལ། འོ་ན།  ཐལ་འགྱུར་བའི་དགག་བྱ་ཕྲ་མོ་དང་། རང་རྒྱུད་པའི་དགག་བྱ་ཕྲ་མོའི་ཁྱད་པར་ཇི་འདྲ་རེད་ཅེ་ན། དབུ་མ་རང་རྒྱུད་པས་བློ་གནོད་མེད་ཀྱི་དབང་གིས་མ་བཞག་པའི་རང་ངོས་ནས་གྲུབ་པ་དེ་དགག་བྱ་ཕྲ་མོར་འདོད་ཅིང་། དེ་ཡང་། བློ་གནོད་མེད་ཅེས་པ་རང་མཚན་སྣང་བ་ལ་གནོད་པ་མེད་ཅིང་ཡུལ་གྱི་རང་མཚན་ལ་ཚད་མར་སོང་བ་ཞིག་ལ་གོ་དགོས། དེའི་དབང་གིས་མ་བཞག་པའི་རང་ངོས་ནས་གྲུབ་པ་དེ་དགག་བྱ་ཕྲ་མོ་དང་། དབང་གིས་ཞེས་པ་ནི་སྣང་བའི་དབང་གིས་ལའོ།།

     འོ་ན། རི་བོང་རྭ་ཆོས་ཅན། བློ་གནོད་མེད་ཀྱི་དབང་གིས་བཞག་པར་ཐལ། བློ་ལ་སྣང་བའི་དབང་གིས་བཞག་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། རི་བོང་རྭ་འཛིན་རྟོག་པའི་དབང་གིས་བཞག་ཙམ་ཡིན་པའི་ཕྱིར། དེར་ཐལ། རྟོག་པ་འདི་བློ་གང་ཞིག གནོད་མེད་ཀྱི་དོན་མ་ཚང་ཞིང་། ཙམ་སྒྲས་བཅད་བྱ་ཡོད་པའི་ཕྱིར་ཏེ། དེས་བཟུང་བ་ལྟར་སྡོད་ལུགས་སུ་མ་གྲུབ་པའི་ཕྱིར། གནོད་མེད་ཀྱི་དོན་མ་ཚང་སྟེ། ཡུལ་གྱི་རང་མཚན་ལ་ཚད་མར་མ་སོང་བའི་ཕྱིར། དེར་ཐལ། རྟོག་པ་དེས་བཟུང་བ་ལྟར་དོན་ལ་མི་གནས་པའི་ཕྱིར། འོན་ཀྱང་། བློ་གནོད་མེད་ཀྱིས་བཞག་པ་དང་། བློ་གནོད་མེད་ཀྱི་དབང་གིས་བཞག་པ་གཉིས་གཏན་མི་འདྲ་སྟེ། བློ་གནོད་མེད་ཀྱི་དབང་གིས་ཞེས་པས་དེ་ལ་མ་ལྟོས་པར་ཡོད་པར་གཅོད་ཀྱང་། བློ་གནོད་མེད་ཀྱིས་བཞག་པ་ལ་དེ་ལྟར་མི་དགོས། དེར་མ་ཟད། བློ་གནོད་མེད་ཀྱི་དབང་གིས་བཞག་ཙམ་ཡོད་ཀྱང་བློ་གནོད་མེད་ཀྱིས་བཞག་ཙམ་མེད་དེ། རྟོག་པས་བཞག་ཙམ་མེད་པའི་ཕྱིར། འོ་ན། དབང་པོའི་ཤེས་པ་ལས་གཞན་ཐ་སྙད་འདོགས་པའི་བློ་རྟོག་པའི་དབང་གིས་གཟུགས་ཚོར་ལ་སོགས་པ་འཇོག་ནུས་སོ་ཟེར་ན། དེ་མི་ནུས་ཏེ། དེ་ལྟར་ན་བུམ་པའི་དགག་གཞིར་བུམ་པ་འཇོག་ནུས་པའི་ཐལ་བར་ཡོད་པའི་ཕྱིར། འོ་ན།ཐལ་འགྱུར་བའི་ལུགས་ལ་འདྲའོ་ཞེ་ན། ཐལ་འགྱུར་བས་དེ་ཙམ་གྱིས་ཐུགས་ཡིད་མ་ཚིམ་པར་རང་ངོས་ནས་ཡོད་པ་དེ། དགག་བྱ་ཕྲ་མོར་འདོད་དེ། ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར། འོ་ན། ཐོ་ཡོར་ལ་མིར་རྟོག་པས་བཏགས་ཙམ་ཡོད་པར་ཐལ། རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། གཞི་དེར་རྟོག་པས་བཏགས་ཙམ་ཡོད་ན། རྟོག་པས་བཏགས་ཤིང་བྱ་བྱེད་འཐད་པ་གཉིས་ཀ་ཡིན་དགོས། དེས་ན། མདོར་བསྡུས་ན། ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་དུ་ཡོད་པས་དེའི་དོན་ནི། མིང་རྐྱང་ཞེས་པས་རང་ངོས་ནས་གྲུབ་པ་དང་རྟག་མཐའ་ཁེགས། བཏགས་ཡོད་ཅེས་པས་ཆད་མཐའ་དང་མེད་མཐའ་སེལ་བས་བྱ་བྱེད་ཀྱི་རྣམ་བཞག་ཐམས་ཅད་འཐད་པ་ཞིག་བསྟན་ཏོ།། ཞེས་མཚམས་འདི་ནས་དུས་ཚོད་ཀྱི་དབང་གིས་བཤད་མཚམས་བཞག་གོ།། བཀྲ་ཤིས་བདེ་ལེགས་ཤོག

སྤྱི་ལོ་ ༢༠༡༥ ༡༠ ༤ ཉིན་བློ་བཟང་སྦྱིན་པས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 5 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/7/13
རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་ཡིས།། དགེ་བ་ཅུང་ཟད་བདག་གི་ཅི་བསགས་པ།། ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོ་བསྔོ།།
 སྤེལ་མཁན: བདག་པོས། སྤེལ་དུས:2016/4/6
སྤེལ་མཁན།: ནང་པ།  སྤེལ་དུས:2015/10/2 རྗེ་བདག་ཉིད་ཆེན་པོ་མ་ཕེབས་གོང་དུ་འདི་འདྲའི་མིང་རྐྱང་བཏགས་ཡོད་འཇོག་ཐུབ་མཁན་ཡོད་དམ།ཞེས་པ་ལ། ལན། བོད་ཀྱི་མཁས་པའི་གསུང་མེད་པ་རེད། གལ་ཏེ་ཡོད་ན། ཡོད་མེད་མེད་མིན་གྱི་ལྟ་བ་ལས་གཞན་ཐ་སྙད་ཚད་གྲུབ་སྐོར་དང་། མིང་རྐྱང་བཏགས་ཡོད་ཙམ་གྱི་ཆོས་སྟོན་པའི་གཞུང་ཚད་ལྡན་ཞིག་མཚོན་གཞི་ཡོད་དགོས། དེ་མེད་པས་སོ།།
 སྤེལ་མཁན: ནང་པ། སྤེལ་དུས:2015/10/2
རྗེ་བདག་ཉིད་ཆེན་པོ་མ་ཕེབས་གོང་དུ་འདི་འདྲའི་མིང་རྐྱང་བཏགས་ཡོད་འཇོག་ཐུབ་མཁན་ཡོད་དམ།
 སྤེལ་མཁན: ཧོར་ཞོགས་སྤྲིན སྤེལ་དུས:2015/10/7
࿐ཉི་ཟླ་གླིང་བཞིའི་ཁྲོད་ནས་རྒྱུ་བ་ན།།རི་བོ་ཆུ་དར་གོས་དང་མ་བྲལ་བར།།ཁོར་ཡུག་གསལ་མཛད་ལེགས་པར་དེ་སྲིད་དུ།། བློ་བཟང་གྲགས་པའི་བསྟན་པ་དར་གྱུར་ཅིག །
 སྤེལ་མཁན: ཚེ་དོན། སྤེལ་དུས:2015/10/6
དབུ་མའི་བགྲོ་གླེང་སྔ་ཕྱི་བར་མ་ཆད་པར་འཚོགས་པ་འདི་ནི་རྗེ་བླ་མའི་བསྟན་པའི་ཞབས་འདེགས་སུ་ཆེད་ཆེར་འགྲོ་བ་རྗེས་སུ་ཡི་རངས་དང།གངས་ཅན་ཁ་བ་རི་བོའི་ནོར་བུ་རིན་རིན་པོ་ཆེ་འདི་ཉིད་ཡུན་ནས་ཡུན་དུ་དར་བ་ལ་བཀྲ་ཤིས་སྨོན་འདུན་ཞུ།བོད་ཀྱི་རིག་གནས་ཀྱི་སྲོག་ཤིང་དབུ་ཕར་ཚད་གསུམ་གྱི་ལྟ་གྲུབ་ལ་དྲན་དབང་རྣམས་ཀྱིས་དཔྱད་འཇོག་སྤེལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41171677
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1