ཇོ་ནང་དྲུག་མཆོད་ཆེན་མོ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 23 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དུས་ཆེན་ངོ་སྤྲོད། »ཇོ་ནང་དྲུག་མཆོད་ཆེན་མོ།
ཇོ་ནང་དྲུག་མཆོད་ཆེན་མོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/11/16ལྟ་ཀློག (5873)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཇོ་ནང་དྲུག་མཆོད་ཆེན་མོ།

    ཀུན་མཁྱེན་དོལ་པོ་པའི་ལྟ་གྲུབ་བླ་ན་མ་མཆིས་པ་ནི་གཞན་སྟོང་དབུ་མ་ཆེན་པོ་ཡིན་ལ། དེ་ནི་བོད་ཉིད་ལ་ལྟ་བ་གྲགས་ཆེ་ཆུང་དུ་མ་ཡོད་པ་ལས་ཁྱད་པར་དུ་འཕགས་པའི་སྤྲོས་བྲལ་གྱི་ལྟ་བ་ཡིན་ལ། དེ་ཡང་ཁྱད་པར་བདུན་གྱི་སྒོ་ནས་ཅུང་ཟད་བཤད་པ་ལ།

      ༡ གཞན་སྟོང་ནི་བཀའ་འཁོར་ལོ་གསུམ་གྱི་ནང་ནས་ཐ་མའི་དགོངས་དོན་ཡིན་ལ། བཀའ་ཐ་མ་ནི་འཁོར་ལོ་གསུམ་གྱི་ནང་ནས་བླ་ན་མ་མཆིས་པ་ཡིན་པར་སངས་རྒྱས་རང་ཉིད་ཀྱི་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ཞེས་སོགས་གསུངས་པས་སོ།།

     ༢ བསྟན་བཅོས་རྣམས་ལས་མཆོག་ཏུ་གྱུར་བ་བྱམས་ཆོས་རྒྱུད་བླ་མ་སོགས་ཀྱི་དགོངས་པ་ཡིན་ལ། དེ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། གློ་བུར་དག་གིས་ཁམས་སྟོང་གི།།རྣམ་དབྱེ་མེད་པའི་མཚན་ཉིད་ཅན།།བླ་མེད་ཆོས་ཀྱིས་སྟོང་མ་ཡིན།།ཞེས་གསུངས་ལ། བསྟན་བཅོས་ཕལ་བ་རྣམས་དང་འདྲ་བའི་གནས་མེད་དོ།།

    ༣ དགོངས་འགྲེལ་མཁན་པོ་རྒྱལ་ཚབ་བྱམས་པ་མགོན་པོ་དང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་རྣམས་ནི་གོ་རིམ་བཞིན་བདག་ཅག་གི་སྟོན་པའི་རྒྱབ་ཚབ་ཡིན་པ་དང་། སྤྲོས་བྲལ་རིག་པར་ལུང་བསྟན་པ་དང་། དྲང་ངེས་འབྱེད་པར་ལུང་བསྟན་པ་ཡིན་པས་འཛམ་གླིང་རྒྱན་དྲུག་གི་ནང་དུ་མེད་པ་དང་སངས་རྒྱས་ཀྱི་ལུང་གིས་མ་ཟིན་པའི་སོ་སོའི་སྐྱེས་བུ་ཕལ་བ་རྣམས་ཀྱིས་ཇི་ལྟར་འགྲན་ནུས།

     ༤ གཞན་སྟོང་ནི་སྔགས་བླ་མེད་དང་མཐུན་པས་རྟོག་གེའི་གཞུང་ལུགས་ལས་ཁྱད་པར་དུ་འཕགས་སོ།།དེ་ཡང་དུས་འཁོར་གྱི་རྫོགས་རིམ་ཟབ་ལམ་རྡོ་རྗེའི་རྣམ་འབྱོར་ཉམས་སུ་བླངས་ན་དུས་འཁོར་གྱི་རྒྱུད་ལས་བསྟན་པ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་མངོན་དུ་གྱུར་བ་འདི་ནི་ལམ་མ་ནོར་བ་ཡིན་པའི་བདེན་དཔང་ཡིན་ནོ།།

     ༥ རིགས་པའི་དབང་དུ་བྱས་ན་གཟུང་རྒྱལ་གྱིས་ཞུས་པའི་མདོ་ལྟར་འཁོར་ལོ་གསུམ་གདུལ་བྱ་ལམ་ལ་ཁྲིད་པའི་རིམ་པ་ཡིན་པས་ངེས་དོན་མཐར་ཐུག་བསྟན་པའི་རྗེས་སུ་སླར་ཡང་དྲང་དོན་ལ་ཁྲིད་མི་རིགས་པས་སོ།།

     ༦ བཀའ་འཁོར་ལོ་བར་བའི་སྐབས་སུ་སྤྲོས་བྲལ་གཏན་ལ་ཕབ་པ་ལྟར་སྤྲོས་པ་དང་བྲལ་བ་ཡིན་ལ། དེ་ཙམ་དུ་ཟད་པ་མ་ཡིན་པར་འོད་གསལ་བའི་རྣམ་པ་ཀུན་ལྡན་ཡིན་ཏེ། རྒྱུད་བླ་མ་ལས། བདག་དང་བདག་མེད་སྤྲོས་པ་དང་།།ཉེ་བར་ཞི་བའི་དམ་པའི་བདག །ཅེས་དང་། རྗེ་ཏཱ་ར་ནཱ་ཐས། ཀུན་རྫོབ་སྤྲོས་པའི་བདེན་གྲུབ་ངེད་མི་འདོད། །སྤྲོས་པའི་བདེན་གྲུབ་ཡོད་ན་ཀུན་རྫོབ་སྟེ།།ཞེས་དང་། རྒྱུད་བླ་མ་ལས། འོད་གསལ་བྱས་མིན་དབྱེར་མེད་པར།།འཇུག་ཅན་གང་གའི་ཀླུང་གི་ནི།།རྡུལ་ལས་འདས་པའི་སངས་རྒྱས་ཉིད།།ཆོས་རྣམས་ཀུན་དང་ལྡན་པ་ཉིད།།ཅེས་དང་། འཇམ་དཔལ་གྱི་ལྟ་བ་མདོར་བསྟན་ལས། ཕུང་པོ་རྣམ་དཔྱད་སྟོང་བ་ཉིད།།ཆུ་ཤིང་ཇི་བཞིན་སྙིང་པོ་མེད།།རྣམ་པ་ཐམས་ཅད་མཆོག་ལྡན་པའི།།སྟོང་ཉིད་དེ་ལྟར་གྱུར་མ་ཡིན།།ཞེས་གསུངས་སོ།།བདེ་གཤེགས་སྙིང་པོས་བརྟན་གཡོ་ཀུན་ལ་ཁྱབ་ཅེས་པ་ནི་ཆོས་དེའི་ཆོས་ཉིད་ཡིན་པའི་སྒོ་ནས་ཁྱབ་པ་ལས་རྫས་གྲུབ་ཞིག་སེམས་ཅན་གྱི་གློ་སྙིང་ལྟར་གནས་པ་ནི་མ་ཡིན་ནོ།།རྙིང་མའི་མཛོད་བདུན་ལས། གཞི་ན་བཞུགས་པའི་ཡེ་ཤེས་ནི།།ཡེ་ཤེས་དབྱིངས་ན་སྐུ་གསུམ་རྫོགས།།ཞེས་པ་དང་ཕལ་ཆེར་ཕྱོགས་འདྲ་ཡོད་དོ།།

     ༧ ཆོས་ཀྱི་དབྱིངས་སྟོང་སྐྱང་ཙམ་མ་ཡིན་པར་དབྱིངས་དེ་ཉིད་རིག་པ་ཡིན་པས་དབྱིངས་རིག་དབྱེར་མེད་དང་རང་བྱུང་ཡེ་ཤེས་དང་འདུས་མ་བྱས་པའི་ཡེ་ཤེས་དང་ཆོས་དབྱིངས་ཡེ་ཤེས་ཡིན་ལ། རྒྱུད་བླ་མ་ལས། ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ།།ཞེས་དང་། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར།།ཞེས་དང་། རིགས་ལྡན་པད་དཀར་གྱི་དུས་འཁོར་འགྲེལ་ཆེན་ལས། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད།།ཅེས་གསུངས་སོ།།དེས་ན་གཞན་གྱི་བཤད་ཚུལ་ལ་ཆོས་དབྱིངས་ཡེ་ཤེས་དང་དབྱིངས་རིག་དབྱེར་མེད་སོགས་ཀྱི་མིང་དོན་གཉིས་ལས་རིང་དུ་གྱུར་རོ།།དེ་ལྟར་གསལ་བཤད་མདོར་བསྡུས་ཞུས་པ་ལས་ལུང་རིགས་ཀྱི་རྒྱས་སྤྲོས་མ་བྱས་པའོ།།རྒྱས་པར་ཤེས་འདོད་ན་རི་ཆོས་ངེས་དོན་རྒྱ་མཚོ་ལས་ལུང་རིགས་སྟོང་ཕྲག་ལྷག་བཀོད་ཡོད་པས་དེར་ཤེས་པར་བྱའོ།།འོན་ཀྱང་རྟོག་གེ་བ་ལ་ཕན་པ་དཀའ་སྟེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། སྟོང་བ་ཉིད་དང་རང་རིག་དང་།།ཐམས་ཅད་བདག་ཉིད་རྟག་བཞུགས་པ། །རྣལ་འབྱོར་གཅིག་པོས་རྟོགས་པ་སྟེ།།རྟོག་གེ་བ་ཡི་སྤྱོད་ཡུལ་མིན།།ཞེས་དང་། ལང་གཤེགས་ལས། དེ་བཞིན་གཤེགས་པའི་སྙིང་པོ་དགེ།།རྟོག་གེ་བ་ཡི་སྤྱོད་ཡུལ་མིན།།ཞེས་སོ།། ཀུན་མཁྱེན་དོལ་པོ་པའི་འདས་མཆོད་ཀྱི་དུས་བཟང་ལ་གཞན་གྱིས་འདི་འདྲ་ཞིག་དགོས་ཞེས་བསྐུལ་བ་ལྟར་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ།།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
vsky བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15646539
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号