༄༅། །དམེ་ཤུལ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་གི་ལོ་རྒྱུས་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »༄༅། །དམེ་ཤུལ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་གི་ལོ་རྒྱུས་མདོར་བསྡ
༄༅། །དམེ་ཤུལ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་གི་ལོ་རྒྱུས་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/11/19ལྟ་ཀློག (8368)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དམེ་ཤུལ་ཐང་སར་དགོན་དགའ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་།

      ཀན་སུའུ་ཞིང་ཆེན་མདོ་ལྷོ་ཁུལ་བསང་ཆུ་རྫོང་གི་ལྷོ་རྒྱུད་ཀྱི་དམེ་ཤུལ་ཡུལ་ཚོ་རུ་ཆགས་པའི་དམེ་ཤུལ་ཐང་སར་དགོན་དགའ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་ནི་སྔོན་རྒྱལ་བོ་གླང་དར་གྱིས་བསྟན་པ་བསྣུབས་པའི་དུས་སུ་བསམ་ཡས་ནས་ཡེ་ཤེས་འབར་དང་བསོད་ནམས་འབར་ཟེར་བའི་སྐུ་མཆེད་གཉིས་རང་གི་ཉེ་མཚན་འགའ་དང་བཅས་བྱོན་ཏེ་གནས་འདི་ནས་རུ་སྡེ་ཆགས་ཏེ་བསྡད།

    དེའི་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་རབ་བྱུང་ལྔ་བའི་མེ་ཡོས་སྤྱི་ལོ ༡༢༦༧ ལོར་དགུང་ལོ་སོ་གསུམ་ཐོག་གནས་འདིར་ཕེབས་ནས་དགོན་པ་བཏབ་ན་ལེགས་ཞེས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་གྲགས།  དེ་ནས་བཟུང་ལྷ་ཆེན་གུར་གྱི་མགོན་པོས་གནས་འདི་བདག་གིར་བཟུང་བ་ཡིན་ཞེས་བྲག་སྒོམ་རྡོ་རྗེ་འཆང་དང་སེ་ར་འཇིགས་མེད་རྒྱ་མཚོ་རྣམ་གཉིས་ཀྱིས་ཡང་ཡང་གསུངས།  ནམ་ཡོང་ཆ་མེད་ཀྱང་མགོན་པོ་ཟེར་བའི་རྒན་པོ་ཞིག་དགོན་པ་འདེབས་ལ་ཉེ་བའི་བར་རྒྱབ་རིའི་ངོས་ཀྱི་གད་ཕུག་ཏུ་བསྡད་དེ་ནས་གར་སོང་ཆ་མེད་དུ་སོང་ཞེས་ཡོངས་ལ་གྲགས།  ཀུན་མཁྱེན་གོང་མས་ཁྲི་རྒན་སྡེ་རྒན་སོགས་དགེ་བཤེས་བཅུ་གསུམ་ཙམ་ཞིག་གོང་སྔོན་རི་ཞོལ་དུ་ས་འདུལ་བྱེད་དུ་བཅུག་དུས་དགོན་གནས་འདི་ས་བཀྲ་ལེགས་ཞེས་བཀྲ་ཤིས་རྒྱས་པ་གནང་།    རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་ལོར་དགའ་གོང་ལྷ་རིས་པ་ནམ་མཁའ་ཕུན་ཚོགས་ཀྱི་སྟབས་ཀྱིས་ཡིན་ནམ། ཀུན་མཁྱེན་གོང་མ་ཆབ་ཆེན་ཉལ་ཕེབས་ཞོར་དུ་གནས་འདིའི་རི་རྫོང་ལྷ་ཞོལ་དུ་བཞུགས།   གནས་གཟིགས་ཞིབ་མོ་གནང་སྟེ་བཤད་སྒྲུབ་ཀྱི་གྲྭ་ཚང་གཉིས་མྱུར་དུ་འདེབས་ཐུབ་ན་འཕེལ་རྒྱས་ཡོང་ཚུལ་སོགས་ཞིབ་རྒྱས་སུ་གསུངས་ཟེར།

         ཁོང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དགུང་ལོ་རེ་གཅིག་ཐོག་ཆབ་ཆེན་ལ་ཕེབས་ཕྱིར་ཕེབས་དུས་ས་འདིའི་རི་རྫོང་ཞོལ་དུ་ཇ་ཐབ་ཞུས་ཐོག་གནས་གཟིགས་ཡུན་རིང་གནང་ནས་ཕུག་བདེར་ཕེབས། དགེ་ལྡན་བསྟན་འབར་མའི་ཞལ་ལུང་གནང་།  སེང་གེ་གནམ་འཕྱོང་གི་རི་རྩེ་ནས་གྲྭ་བ་མང་བོས་ཐལ་སྐད་བཏང་བ་དང་དུང་འབུད་པ་སོགས་མཚན་ལམ་བཟང་བོ་བྱུང་ཞེས་ཁོང་གི་ཞབས་ཕྱི་བ་རྣམས་ལ་གསུངས།  དེ་ནས་མཛོད་དགེ་སྒར་སར་དུ་ཕེབས།   ཨ་ལགས་རིན་པོ་ཆེ་ཡང་ཆེད་གཉེར་གྱིས་དེར་ཕེབས།  རྣམ་གཉིས་ཀྱིས་གསང་བའི་གནས་མང་བོ་གསུང་འཕྲོས་གནངས།  དེ་ཕྱི་ལོ་ཆུ་ལུག་ལོའི་གཉིས་པའི་བཅུ་གཅིག་ཉིན་འཇམ་པའི་དབྱངས་ཀྱི་ཞབས་སེན་ཨ་མཆོག་གི་ཆོས་ཁྲིར་འཁོད།  སྐབས་དེར་ཁོང་རྣམ་གཉིས་ཀྱིས་གནས་འདིར་ཆོས་སྡེ་བསྐྲུན་འདུན་ཡོད་ཀྱང་ལོ་དེའི་སྣྲེན་ཟླའི་བཅུ་གཉིས་ཉིན་ཁོང་འཇམ་པའི་དབྱངས་ཞི་བར་གཤེགས།   དེ་ནས་རྐྱེན་སྣ་ཚོགས་ཀྱི་སྟབས་ཀྱི་རིམ་འགྱངས་སུ་ལུས།

  དེ་ནས་ས་འདིའི་ཚོ་དཔོན་རུ་དཔོན་དུ་མས་དངོས་བརྒྱུད་ཅི་རིགས་ནས་བཤད་སྒྲབ་ཟུང་ལྡན་གྱི་དགོན་པ་ཞིག་བསྐྲུན་དགོས་ཞེས་ཡང་ཡང་བསྐུལ་བ་ལྟར། 

  རྣམ་འདྲེན་ཐུབ་པའི་དབང་བོ་མཆོག་མེ་རྟ་སྤྱི་ལོ་སྔོན་གྱི ༩༡༥ ལ་འཁྲུངས་ནས་རབ་ཡིད་ས་བྱ་སྤྱི་ལོ ༡༨༤༩ བར་ལོ་ཉིས་སྟོང་བདུན་བརྒྱ་རེ་གསུམ་འདས་པ་དང་། དྲག་པོ་ལྕགས་སྤྲེལ་ སྤྱི་ལོ་སྔོན་གྱི ༩༦༡ ལ་འཁྲུངས་པའི་དབང་དུ་བྱས་ན་ལོ་ངོ་ཉིས་སྟོང་བརྒྱད་བརྒྱ་དང་དགུ་འདས།  བླ་མ་ཡེ་ཤེས་འབར་ལྕགས་བྱ་སྤྱི་ལོ ༩༠༡ ལོར་ཡུལ་འདིར་ཕེབས་ནས་ས་བྱའི་བར་ལོ་ངོ་དགུ་བརྒྱ་ཞེ་བརྒྱད་འདས།  འགྲོ་མགོན་ཆོས་རྒྱལ་འཕགས་པ་རབ་བྱུང་ལྔ་བའི་མེ་ཡོས་སྤྱི་ལོ ༡༢༦༧ ལོར་གནས་འདིར་ཕེབས་ནས་ས་བྱའི་བར་ལོ་ངོ་ལྔ་བརྒྱ་གྱ་གཉིས་འདས།  རབ་བྱུང་བཅུ་གཅིག་པའི་ས་བྱི་སྤྱི་ལོ ༡༦༤༨ ལ་ཀུན་མཁྱེན་གོང་མ་འཁྲུངས་ནས་རབ་བྱུང་བཅུ་གཉིས་པའི་ས་གླང་སྤྱི་ལོ ༡༧༠༩ ལོར་བླ་བྲང་བཀྲ་ཤིས་འཁྱིལ་བཏབ་པ་ནས་ས་བྱ་བར་ལོ་ངོ་བརྒྱ་དང་བཞི་བཅུ་འདས།   འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་གནས་འདིའི་རི་རྫོང་ཞོལ་དུ་ཕེབས་ནས་ས་བྱ་ལོའི་བར་ལོ་ངོ་ཉེར་བདུན་འདས།   བྱང་ཕྱོགས་ཤམྦྷ་ལའི་ཆོས་ཀྱི་རྒྱལ་བོ་སྟོབས་པོ་ཆེ་ཀཱ་ལ་བ་ཡི་མགོན་དུ་བཞུགས་པའི་ཁྲི་ལོ་ཉེར་གཉིས་འདས་པའི་ཉེར་གསུམ་པ་རབ་ཡིད་ས་བྱ་སྟེ།   ཁྱབ་བདག་བླ་མ་རྡོ་རྗེ་འཆང་ཆེན་པོ་མ་ཧཱ་པཎྚི་ཏ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་བོ་དེ་དགུང་ལོ་གྱ་དྲུག་བཞེས་པ་རབ་བྱུང་བཅུ་བཞི་བའི་ས་བྱ་སྤྱི་ལོ ༡༨༤༩ ལོའི་ཧོར་ཟླ་བདུན་པའི་ཡར་ཚེས་བཅུ་གཅིག་ཉིན་དགོན་གནས་འདིའི་མཐིལ་དུ་ཕེབས་ཏེ་བཞུགས་སྒར་བཏབ།    དེའི་རྗེས་རུ་དྲུག་ཕུག་བདེ་སྒར་གཞིར་བྱས་ནས་རོང་བོ་བསྐལ་ལྡན་རྒྱ་མཚོའི་དངོས་སློབ་དོན་ཡོད་སེངྒེས་བཏབ་པའི་གཡའ་ལུང་རི་ཁྲོད་དང་།   ཕྱི་ཤོའི་ཉང་ཚང་རི་ཁྲོད་ཀོའུ་ཚང་སྒང་བཤད་སྒྲུབ་གླིང་།     གོ་ཆེན་ཐེ་བོའི་དགོན།     ལོ་ཚོ་རྭ་ནག་མའི་རི་ཁྲོད་ངོ་བ་ནང་རྣམས་གཅིག་ཏུ་བསྡུས།   དམེ་ཤུལ་སྡེ་གྲོང་བཅོ་ལྔས་སྦྱིན་བདག་བྱས།   བཀྲ་ཤིས་གསོ་སྦྱོང་དང་ས་བརྟག་སློང་ལྟོ་འཕྱེའི་ཐིག་གནང་།  ཚོགས་ཆེན་འདུ་ཁང་དང་།   བྱམས་ཁང་།   རུང་ཁང་།  རྗེ་འདི་ཉིད་ཀྱི་གཟིམ་ཁང་།   གྲྭ་ཤག་སོ་སོའི་ས་བཅད་བགོས།  དབལ་མང་གཉིས་བ་རྗེ་དཀོན་མཆོག་རྒྱལ་མཚན་པ་ཁོང་ཉིད་ཀྱི་ཞབས་སོར་དགོན་པའི་ཁྲི་ལ་བཀོད།  དེ་ནས་ཕྱིས་སུ་ཆོས་སྡེ་འདི་ཀུན་མཁྱེན་གསུམ་པ་འཇིགས་མེད་རྒྱ་མཚོ་ཚང་ལ་ཕུལ་ཅིང་།  རྗེས་སུ་ཡང་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་ཀྱེེ་རྡོར་སྒྲུབ་མཆོད།   འཛིན་གྲྭ་གསུམ་ལ་བདེ་ལམ།    དྭགས་པོའི་བསྐྱེད་རིམ་སྔགས་ཀྱི་སྤྱི་དོན་བརྩི་བཞག    སྐུ་རིམ་ལ་བརྟག་ལེའུ་གཉིས་ཅི་འགྲོ    ཁྲི་བ་ན་རིམ་གྱིས་བརྟག་གཉིས་ཏིཀ་ཆེན་དང་ཀྱེེ་རྡོར་བསྐྱེད་རྫོགས་གང་རིགས་ཀྱི་འཆད་ཉན་མཛད།   ཆོས་སྡེ་འདིའི་འཆད་ཉན་གྱི་བྱ་བ་ལ་འཇིགས་བྱེད།     གསང་འདུས།   ཀྱེེ་རྡོར།    མཁའ་སྤྱོད་མའི་སྒོམ་སྒྲུབ་གཙོ་བོ་སྟེ་སྨད་རྒྱུད་ལྟར་ཡིན།   མགོན་ཆོས་ལྔ་བོ་ཆོས་སྤྱོད་བརྒྱད་བཅུ་དང་འདོན་རྟ་གར་འཆམ་བཅས་ནི་དགོངས་ལོ་རི་ཁྲོད་བདེ་ཆེན་གླིང་བའི་ཕྱག་ལེན་ལྟར་ཚུགས།    གཞན་སྒྲ་སྙན་ངག་རྩིས་ས་རིས་དང་སུམ་རྟགས་དག་གསུམ།   མངོན་བརྗོད་སྡེབ་སྦྱོར་སོགས་སྦྱངས་ཤིང་ལོ་རེར་ཀུན་མཁྱེན་རིམ་བྱོན་ལ་ལོ་ཐོ་འབུལ་བའི་སྲོལ་དར།    ཁྱད་པར་དུ་བསོད་གྲགས་རྡོ་རྗེ་འཆང་གིས་གནང་བའི་ཀྱེེ་རྡོར་གསེར་ཟངས་ལས་གྲུབ་ཅིང་བདུད་རྩི་རྒྱུན་འབབ་པ་དང་།   སྨན་འདམ་ལས་གྲུབ་པའི་ཀྱེེ་རྡོར་དབལ་མང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོས་སྙན་ཤེལ་འབུལ་དུས་དབུ་སྒུར་སྒུར་བྱེད་པ་གྲྭ་མང་གིས་མཐོང་བ་དང་།   ཁོང་གིས་གནང་བའི་ལྷ་མོ་གསེར་ཟངས་ལས་གྲུབ་པ་བྱིན་རླབས་ཀྱི་ཁ་ཚ་ཅན་ཡིན།   གསུང་རྟེན་ལ་བཀའ་བསྟན་དང་སྔོན་བྱོན་མཁས་པའི་གསུང་འབུམ་མང་པོ་བཞུགས།  པར་ཁང་དུ་དགོན་པའི་འདོན་ཆ་ཁ་ཚང་དང་།  བདེ་ལམ།     མྱུར་ལམ།     མཁས་བ་འགའི་གསུང་འབུམ་པར་ཤིང་ཡོད།

        དགོན་པར་སྐྱེས་བུ་དམ་པ་མང་ཙམ་བྱོན་པ་ལས་ཁྱད་པར་དུ་དམེ་ཤུལ་སྒ་གོང་ཨ་ཁུ་ཆོས་འཕེལ་ཞེས་པ་རབ་བྱུང་བཅུ་བཞི་བའི་ས་ལུག་སྤྱི་ལོ ༡༨༥༩ ལོར་སྐུ་འཁྲུངས་ཤིང་རང་དགོན་དུ་མཁས་པ་མཆོག་བརྩོན་འགྲུས་དགེ་རྒན་དུ་བསྟེན་ནས་རྒྱུད་གཞུང་དང་དག་ཡིག་རྩིས་ས་རིས་སོགས་སྦྱངས།   གསུང་རྩོམ་ལ་༼རྒྱ་རྩིས་རྩ་བ་བརྟག་ཐབས་ཤེས་རབ་རལ་གྲི༽དང་༼དག་ཡིག་མཁས་པ་དགའ་སྐྱེད་ཀྱི་འགྲེལ་བ།༽   ༼རབ་བྱུང་དུ་མའི་སྤྱི་བཞག༽   ༼སུམ་རྟགས་རྩ་བ་རྨོངས་མུན་འཇོམས་པའི་ཉི་འོད་།༽ དང་༼གནས་བསྟོད།༽ སོགས་བཞུགས།  ཡང་སྔར་དབལ་མང་རིན་པོ་ཆེ་དང༌། ཕྱིས་སུ་ཀུན་མཁྱེན་ལྔ་བའི་དྲུང་ཡིག་གནང་མྱོང་མཁན་དམེ་ཤུལ་གོ་ཆུང་སྟོད་པ་དྲུང་ཡིག་སྨྱོན་པར་གྲགས་པ། དེ་བཞིན་དུ་དྲུང་ཡིག་རྒྱ་མཚོ་སོགས་གྲགས་ཅན་མི་སྣ་བྱོན་འདུག    ཨ་ཁུ་དམེ་ཤུལ་འཇིགས་མེད་ཚང་བཅས ༡༩༥༩ ལོའི་གོང་གི་གོ་ཐོས་ཡོད་པ་ཁག་དང༌། ཨ་ཁུ་ནོར་བུ། སྐར་རྩིས་ལ་མཁས་པས་ཕྱོགས་ཡས་མས་ཀྱི་དོན་གཉེར་ཅན་མང་བོ་སྐུ་མདུན་དུ་འདུ་ཞིང༌། དུས་རྒྱུན་དུ་སྒྲུབ་པ་ཉམས་ལེན་ལ་བརྩོན་མཁན་ཞིག་ཡིན་འདུག  རྒྱ་གར་ནང་དུ་ཡང་གྲྭ་རྒྱུན་བཞི་ལྔ་ཞིག་འབྱོར་ཏེ་ད་ལྟ་ཐུགས་གཉེར་གནང་བཞིན་པ་ཡིན།

ཐང་སར་བསྟན་པའམ་འོད་སྣང་རུ་འབོད་པས་སྤྱི་ལོ ༢༠༡༤ལོའི་ཟླ ༨ ཚེས ༢༩ ལ་རང་ཤག་ནས་མ་ཕྱི་ལྟར་བཅོས་བསྡུ་བྱས་པའོ།།    །།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41350529
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1