༄༅། །ཧོར་སྟོང་སྐོར་དགོན་པའི་ལོ་རྒྱུས་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »༄༅། །ཧོར་སྟོང་སྐོར་དགོན་པའི་ལོ་རྒྱུས་མདོར་བསྡུས།
༄༅། །ཧོར་སྟོང་སྐོར་དགོན་པའི་ལོ་རྒྱུས་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/11/20ལྟ་ཀློག (7542)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཧོར་སྟོང་སྐོར་དགོན་པའི་ལོ་རྒྱུས།


      ཧོར་སྟོང་སྐོར་དགོན་པའམ་གསང་ཆེན་མི་འགྱུར་རྡོ་རྗེ་གླིང་ནི།   དཀར་མཛེས་རྫོང་གི་ཤར་ཕྱོགས་སུ་ཡོད། རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ་1474ལོར་སྟོང་སྐོར་ཆོས་རྗེ་ཟླ་བ་རྒྱལ་མཚན་གྱིས་ཕྱག་བཏབ་པའི་གྲུབ་མཐའ་དཔལ་མཉམ་མེད་རི་བོ་དགེ་ལུགས་པ་ཞིག་ཡིན།

     སྔོན་ཆད་འཇམ་མགོན་བླ་མའི་བསྟན་པའི་རིང་ལུགས་ཆེར་མ་དར་བར་བོན་གྱི་ལུགས་སོགས་འཕེལ་ནས་ཡོད་པ་ལ། ཆོས་རྗེ་ཟླ་བ་རྒྱལ་མཚན་ནས་སྔོན་གྱི་ཐུགས་བསྐྱེད་དང་འཕྲིན་ལས་རྨད་དུ་བྱུང་བའི་འཇམ་མགོན་བླ་མའི་བཤད་སྒྲུབ་ཀྱི་བསྟན་པའི་ཉི་མ་ཕྱོགས་ཀུན་ཏུ་གསལ་བ་ཞིག་མཛད་པ་དགོངས་ནས་ཉེ་འཁོར་ན་ཡོད་པའི་སྒང་བཞི་གཤོང་བརྒྱད་ཀྱི་བོན་དགོན་རྣམས་ཀྱི་སྤྱི་བོན་ལྟ་བུའི་བོན་ཁང་སྒང་གི་དགོན་པའི་སློབ་དཔོན་ལ་བདག་ལ་ས་ཆ་ཞིག་ཨེ་གཡར་ཞུས་ནས་ཕྱག་རྟེན། ཞབས་ཆ། རྟ་རྒ་སོགས་ཕུལ། དེ་ནས་སློབ་དཔོན་གྱིས་ཀྱང་བཞུགས་གདན་ཞིག་གནང་ནས་ད་ལྟའི་གཡར་ཁང་ཟེར་བའི་ས་ཆ་དེ་གཡར་ནས་རྟེན་འབྲེལ་འགྲིགས་པ་ལགས། དེ་ནས་ས་ཆ་དེ་ལ་རི་ཁྲོད་ཅིག་བཞེངས་ནས་རི་ཁྲོད་དེའི་ནང་དུ་བསྟན་འགྲོའི་དོན་རྒྱ་ཆེན་མཛད་ནས་བཞུགས་པའི་སྐབས་སུ། སྒང་བཞི་གཤོང་བརྒྱད་ཀྱི་དགོན་པ་རྣམས་བྱེ་མའི་འཆིང་བུ་ལྟར་རང་ཞིག་ཏུ་སོང་ངོ།།དེ་ནས་ཡུལ་མི་ཐམས་ཅད་ཀྱི་དད་འདུན་རྩེ་གཅིག་ཏུ་གྱུར་ནས་འཇམ་མགོན་བླ་མའི་ལུགས་བཟང་ལ་བཞུགས། དེ་ནས་ད་ལྟ་དགོན་པ་ཆགས་པའི་ས་ཆ་དེར་ས་འབུར་གོང་འོག་གཉིས་ཡོད་པས་ས་འབུར་གོང་མའི་སྟེང་དུ་གཙུག་ལག་ཁང་བཞེངས་ཏེ་མཚན་ལ་གསེར་ཁང་དང་། དགོན་པའི་མཚན་ལ་བཀྲ་ཤིས་ལྷུན་པོ་ཞེས་མཚན་གསོལ་བ་དང་དགོན་པའི་གྲྭ་ཤག་རྣམས་གསར་དུ་ཕྱག་འདེབས་མཛད།

     དེ་ནས་ཡུལ་ཕྱོགས་དེའི་འགྲོ་བ་མཐའ་དག་དགའ་མགུ་ཡི་རང་གིས་རྗེ་ཟླ་བ་རྒྱལ་མཚན་གྱི་མངའ་འོག་ཏུ་འདུས་ནས་བསྟན་པ་ཕྱོགས་མཐར་སྤེལ།

     དགེ་འདུན་པ་རྣམས་ལ་གཞི་གསུམ་གྱི་གོ་ཆ་སོགས་རྗེ་བླ་མའི་བཞེད་སྲོལ་ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་ཉམས་ལེན་མཐའ་དག་འཛུགས་པར་མཛད་དོ།།

     དེང་སང་དགོན་འདི་ལ་གྲྭ་ས་ནས་ངེས་དོན་གྱི་མཁས་དབང༧དགེ་བཤེས་ཐུབ་བསྟན་ཉི་མ་དང་ཚུལ་ཁྲིམས་འོད་ཟེར། ལི་ཐང་འཇམ་དབྱངས། བྲག་འགོ་ཚོགས་སྤྲུལ་འཕྲིན་ལས་དོན་འགྲུབ།སེར་ཤུལ་རྡོ་རྗེ་རྣམ་རྒྱལ་སོགས་བཤེས་གཉེན་དུ་མ་ཞིག་ཕེབས་ནས་སློབ་གཉེར་སོགས་དབྱར་གྱི་མཚོ་ལྟར་གོང་ནས་གོང་དུ་འཕེལ་བཞིན་ཡོད་པ་མ་ཚད་དགེ་འདུན་པ་ཡང་གྲངས་༣༠༠ལྷག་དང་། དེ་ལས་སློབ་གཉེར་རམ་རིག་གཞུང་ལ་རྟོག་ཞིབ་བྱེད་མཁན ༢༠༠ཙམ་ཞིག་ཡོད་དོ།།

གནའ་བོའི་སྐུ་གསུང་ཐུགས་རྟེན་སྐོར་ལ་མཚོན་ན།

     བླ་མ་གསེར་གླིང་པའི་ཐུགས་དམ་གྱི་རྟེན་དུ་གྲགས་པའི་ཇོ་བོའི་སྐུ་བརྙན། ཞབས་དྲུང་དང་པོ་ཟླ་བ་རྒྱལ་མཚན་གྱིས་གཏེར་ནས་བཞེས་པའི་རྟེན་སེར་རི་མ་སོགས་སྐུ་རྙིང་པ་རིན་ཐང་བྲལ་བ་ཧ་ཅང་མང་། རྒྱུ་ཆ་ལ་གཏེར་མ་དང་། ལི་མ། ཡུང་ཤེལ། ཛྷཻ་ཀྵིམ། བ་སོ། སྤོས། ཙནྡན། རྡོ་སོགས་ཀྱི་སྐུ་རྙིང་ ༤༠༠ ལྷག་ཙམ་ཡོད་པ་རྣམས་ད་ལྟའི་དུས་སུ་སྟོང་སྐོར་གསེར་ཁང་དུ་ངོ་མཚར་བར་བཞུགས་པ་རྣམས་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་སྐུ་དབང་ལས་བོད་ཆོས་སྲིད་ཀྱི་མངའ་བདག་རླབས་ཆེན་མི་སྣ་དང་། སོག་ཨལ་ཐཱན། ཨལ་ཐཱན་གྱི་གདུང་རྒྱུད་སྐུ་མཆེད། སའི་ཚངས་པ་ཆེན་པོ་ཁོ་ལོ་ཆི། གོང་མ་ཝན་ལི། གོང་མ་ཁང་ཤིས། གོང་མ་ཆན་ལུང་སོགས་དང་བླ་སློབ་ཀྱི་འབྲེལ་བ་ཆེ་བས། དེ་དག་གིས་འབུལ་རྟེན་དུ་ཕུལ་བ་སོགས་ཅི་རིགས་ཡོད། གནའ་དུས་སུ་གསེར་ཁང་དུ་རིན་ཐང་བྲལ་བའི་སྐུ་ ༢༠༠༠ ལྷག་ཙམ་ཡོད་ཀྱང་དུས་འགྱུར་གྱི་སྐབས་སོགས་སུ་གཏོར་བརླག་ཏུ་སོང་ཟིན།

ཞལ་ཐང་རྙིང་པ་ནི།

      སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱན་གྱིས་བྲིས་པའི་དཔག་བསམ་འཁྲི་ཤིང་གི་སྐུ་ཐང་དང་། ནམ་མཁའ་རྒྱན་གྱི་དངོས་སློབ་དང་། ཡང་སློབ་བཅས་ཀྱིས་བྲིས་པའི་རྣམ་འདྲེན་ལྔ་པའི་གསེར་ཐང་ཆེན་མོ། གདུགས་དཀར་མཆོག་གྲུབ་མའི་ཞལ་ཐང་ཆེན་མོ། རྒྱན་དྲུག་མཆོག་གཉིས་ཀྱི་ཞལ་ཐང་། རྒྱ་ནག་གོང་མའི་ཞལ་ཐང་། གནས་བརྟན་རྟོགས་བརྗོད། གནས་བརྟན་ཆུ་རིས་མ། ཇོ་བོ་རྗེའི་རྟོགས་བརྗོད། རྗེ་ཙོང་ཁ་པའི་རྟོགས་བརྗོད། ཞབས་དྲུང་རིམ་བྱོན་གྱི་སྐུ་ཐང་། གྲུབ་ཆེན་བརྒྱད་ཅུའི་སྐུ་ཐང་སོགས་ཐང་ག་རྙིང་པ་ ༢༠༠ ལྷག་ཙམ་ཡོད། གཞན་ཡང་སྟོང་སྐོར་བླ་བྲང་གི་སྲུང་མའི་རྟེན་གཙོ་དཔལ་ལྡན་ལྷ་མོ།  དྲེགས་པ་ལྕམ་སྲིང་། ཚངས་པ་དུང་གི་ཐོད་ཚུགས་ཅན་བཅས་དང་། མཚན་ཉིད་གྲྭ་ཚང་གི་སྲུང་མའི་གཙོ་བོ་དཔལ་ལྡན་ལྷ་མོ། སྟོང་སྐོར་དགོན་སྤྱིའི་སྲུང་མ་གཙོ་བོ་དམ་ཅན་རྡོ་རྗེ་ལེགས་པ་བཅས་ཡིན་པ་དང་། སྔོན་བྱོན་དམ་པ་གོང་མ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་བཀའ་སློབ་ལམ་སྟོན་གནང་བའི་མཐུ་ལས་དགོན་འདི་ཙམ་དུ་མ་ཟད་ཡུལ་ཕྱོགས་འདིའི་སེར་སྐྱ་སུ་ཡང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་སྔར་ནས་ད་བར་བྱུང་མྱོང་མེད།

གནའ་བོའི་གསུང་རྟེན་ནི།

      ཞབས་དྲུང་གོང་མ་རྣམས་ཀྱིས་བཀའ་འགྱུར་གསེར་དངུལ་དུང་གསུམ་གྱིས་བྲིས་མ་ཐོར་བུ་བ་འགའ་དང་། དེ་མིན་རྗེ་ཡབ་སྲས་ཀྱི་གསུང་འབུམ། ས་སྐྱའི་བཀའ་འབུམ། པར་ཤིང་ཧ་ཅང་མང་པོ་བཅས་གསུང་རྟེན་རྙིང་པ་མང་པོ་ཞིག་ལྷག་ཡོད་པ་དང་།

 གནའ་བོའི་ཐུགས་རྟེན་ནི།

      བཀའ་གདམས་མཆོད་རྟེན་སོགས་བསྡོམས་པས་མཆོད་རྟེན་ ༢༦ དང་། ༧རྗེ་མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས་ཀྱི་སྐུ་བརྙན་གསར་པ་དང་། ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་གསར་པ་བཅུའི་ནང་རྟེན་ལ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་གདུང་རུས་དང་། འཇམ་དཔལ་དགེ་འདུན་རྒྱ་མཚོའི་གདུང་རུས། ཚུལ་ཁྲིམས་རྒྱ་མཚོའི་གདུང་རུས་ཆ་ཚང་བ་ཞིག གཞན་ཡང་ཞབས་དྲུང་རྣམས་ཀྱི་ན་བཟའ། དབུ་ལོ། དབུ་ཞྭ། གདུང་ཚ། སོགས་ནང་རྟེན་ཁྱད་པར་ཅན་གྱི་མཆོད་རྟེན་ ༡༠ ཡོད་པ་སོགས་རགས་བསྡུས་ཙམ་གྱི་ཚུལ་དུ་བཤད་ཟིན་པའོ། །མདོར་ན་གོང་དུ་ཧོར་སྟོང་སྐོར་གསང་ཆེན་རྡོ་རྗེ་གླིང་གི་དགོན་འདིའི་བྱུང་རབས་དང་སྐུ་གསུང་ཐུགས་རྟེན་གྱི་རིམ་པ་རྣམས་རགས་ཙམ་ཞིག་བཤད་ཟིན་པའོ།། ད་རུང་ལོ་རྒྱུས་རྒྱས་པ་ཞིབ་ཏུ་མཇལ་འདོད་ཡོད་མཁན་རྣམས་ཀྱིས(སྟོང་སྐོར༧ཆོས་རྗེ་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར)ལ་གཟིགས་རོགས་ཞུ།

   (སྨྲས་པ)

         དགོན་འདིའི་ལོ་རྒྱུས་རྒྱ་མཚོ་ལྟ་བུ་ལས།།

         ཁོ་བོས་ཀུ་ཤའི་རྩེ་མོའི་ཆུ་ཐིགས་ཙམ།།

         བླངས་ཏེ་ནོར་བཟློས་ཅན་གྱི་ཕལ་བཤད་འདིའི།།

         ནོངས་པ་ཅི་བགྱིས་གཟུར་གནས་ཚོགས་ལ་འཆག།།

དགོན་འདིའི་ལོ་རྒྱུས༧ཆོས་རྗེ་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་ལས་ཧོར་ཞོགས་སྤྲིན་གྱིས་བཏུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41162418
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1