བེ་མིག་གི་རྩོམ་བཏུས་ཁག་བཅུ་གཅིག་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 22 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག » བེ་མིག་གི་རྩོམ་བཏུས་ཁག་བཅུ་གཅིག་པ།
བེ་མིག་གི་རྩོམ་བཏུས་ཁག་བཅུ་གཅིག་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/3/6ལྟ་ཀློག (2857)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 བེ་མིག་གི་རྩོམ་བཏུས་ཁག་བཅུ་གཅིག་པ།

      ཁོ་ནི་ས་འཛིན་སྒེག་མོའི་ལང་ཚོའི་གཟི་དཔལ་རྗོགས་པའི་དུས་ཚིགས་ཤིག་ལ་རྨ་ལྷོ་ཁུལ་རྨ་ལྷོ་རྗོང་ཁུ་སིན་ཡུལ་ཚོ་རུ་ལྟེ་ཁྲག་འཐོར་བའི་མི་བུ་དཀྱུས་མ་ཞིག་ཡིན་ཞིང་།  ཉེ་ལམ་རང་ཉིད་ཀྱི་དགའ་ཕྱོགས་ལས་མཆེད་པའི་སྙན་རྩོམ་རེ་འགའ་དྲྭ་ཚིགས་སྣ་ཚོགས་དང་གཞུང་སྒེར་གྱི་དུས་དེབ་ཚགས་པར་སོགས་སུ་བཀོད་པས་ཁྱེད་ཀློག་པ་པོའི་གཟིགས་རྟེན་དུ་ཚོར་བའི་ཕྱི་ནང་མེད་པར་ཕུལ་ཟིན་པ་དེ་ལས་མ་འདས་སོ།།
ཁོ་བོའི་དངོས་མིང་ལ་བེ་ཨ་འཇིགས་ཟེར་ལ།
འཕྲིན་མིང་དང་པིར་མིང་ལ་བེ་མིག་ཏུ་འབོད།
སྡང་ཕྱོགས་ནི་རང་ཉིད་དང་།
དགའ་ཕྱོགས་སྙན་ངག
སྦྲེལ་གནས།  876394451

              རྨ་ཤུལ།
                             བེ་མིག༼རྨ་ལྷོ༽
ཡབ་ཀྱི་བཀའ་གསུང་རྣ་བའི་རྒྱབ་ཏུ་གཡུགས།།
ལོ་ཟླའི་རླབས་གཉེར་དུས་ཀྱི་ཐོད་ལ་བྲིས།།
གསང་བའི་དེབ་ཐེར་གཏིང་ནད་མྱི་ཁར་ཟུག།
བླུན་པོའི་སྤྲེའུའི་ལད་སྨྱོན་པའི་གར་དུ་རྩེན།།
འཕྱོར་མོའི་གདོང་རས་ཁེ་ཚོང་བར་དུ་རྒྱུ།།
ཕ་སྐད་གཙང་མ་ཙི་ནའི་ཡུལ་དུ་འཇགས།།
སྣང་བའི་གླུ་ཆུང་འཇག་མའི་དབྱངས་སུ་གྱེར།།
དགུ་ཚིགས་སྲས་མོ་ཟོལ་གྱི་བརྩེ་བར་འཁྱུད།།
མཐོང་དང་མ་མཐོང་མི་ཡུལ་འཇིག་རྟེན་ནས།།
ལན་ཆགས་བུ་ལོན་ཉིན་དང་མཚན་ལ་གདུ།།
                      2016 2 26

    བདག་ཉིད་བདག་གི་མགོན་ཡིན།

འབའ་འབའ་ལུ་གུ་ཆུང་འདྲིས་རྩེད་རར་རྩེན།།
བྱམས་པའི་མིག་ཆུ་ཉིན་ཐོའི་གསེང་ལ་འཐིམ།།
འཇིག་རྟེན་སྣང་བ་སྒེག་མོའི་རུམ་ན་འཛུམ།།
ཁྱོད་དང་འུ་གཉིས་འཁོར་བའི་མགྲོན་པོ་ཡིན།།

མི་ཡུལ་འཇིག་རྟེན་རྣམ་རྟོག་ཁྲོད་དུ་འཚོ།།
མི་སེམས་སྙི་མོ་གྱ་རྩྭ་བཞིན་དུ་གཡོ།།
ཕྱི་ཐག་འདང་བརྩེ་གཡོ་དང་སྒྱུ་མས་འཁྲབ།།
མི་ཡུལ་ལུང་བ་སྡུག་གི་གཞི་མ་ཡིན།།

ཕ་ས་སྨུག་པོ་ལྕི་འདམ་ཁྲོད་དུ་རྒས།།
ཨ་ཇོའི་ལ་གཞས་རི་ལུང་ཐང་དུ་འཇགས།།
ཨ་མའི་ངང་སྒུག་རྨི་ལམ་ཁྲོད་ནས་མཇལ།།
འདས་སོང་གཏམ་རྒྱུད་སྨྲེང་བའི་ཨག་སྐད་ཡིན།།
 
སློབ་གླིང་དགའ་ཚལ་རྩེད་འཇོའི་ཁྲོད་དུ་འདས།།
བློ་གསལ་དུས་བཟང་ཆུ་བོའི་རླབས་རིས་འདྲ།།
མི་ཡུལ་ལུང་བའི་ཁོ་ར་ཁོར་ཡུག་ནས།།
བདག་ཉིད་བདག་གི་མགོན་པོ་ཁོ་ན་ཡིན།།
                      2016 2 27

        ཤམ་བྷ་ལའི་འགྲུལ་བ།

སྟག་ཤར་གཞོན་ནུའི་རྟུལ་ཕོད་འཕག་འཚག་མ་བརྒྱབ་གོང་།།
ཁྱོད་ཀྱིས་མེ་ལྕེའི་སྤོབས་པ་འཆང་སྟེ་གང་དུ་གདའ།།
སྣང་སྲིད་བདེ་སྡུག་འཐབ་འཛིང་བགྱིས་པའི་ཉིན་མཚན་དུ།།
འོད་ཀྱི་རབ་ཁ་སྙེགས་ནས་ཁྱོད་ནི་གང་ན་ཡོད།།
མུན་ནག་གཡོལ་བའི་སྡུག་གི་གཏམ་རྒྱུད་འཆད་པའི་ཚེ།།
ཞབས་རྗེས་གང་ལ་བཞག་ནས་ཁྱོད་རང་གང་ལ་བཞུད།།
དཀའ་སྡུག་རྔུལ་ཆུའི་ཐིགས་པ་ཤུར་ཤུར་བཞུར་བའི་ཉིན།།
གདུང་སེམས་མཉམ་པའི་སྤར་འདྲད་བྱས་ཏེ་གང་ན་བཞུགས།།
ཁྱོད་ཀྱི་རེ་འདུན་རུམ་ནས་རྒྱང་ལ་བཞུད་པའི་ཉིན།།
རྙིང་ཞེན་སྨྱོན་པའི་གར་ལ་རྩེན་པའི་སྤོ་བོ་དག།
རྨོངས་པ་འཁུར་ནས་ཡུལ་གྱི་ལུང་བའི་མཐའ་ན་ལུས།།
                              2016 2 27

                  ལམ་གྱི་ལེའུ།
                    
སེམས་པ་རབ་ཏུ་སྐྱོ་ཞིང་སྡུག་གིས་མནར།།
སྤྲིན་པ་དཀར་ནག་དག་ཀྱང་སྐྱོ་བས་མནར།།
ཆུ་མིག་དག་ཀྱང་སྐྱོ་བས་བཞུར་མཚམས་བཞག།
སྐྱོ་བའི་མིག་ཆུ་སེམས་པའི་གཏིང་ལ་འཐིམ།།
སྡུག་གི་དངན་པ་ཤོག་དཀར་ངོས་སུ་འཐེན།།
སེམས་ཀྱི་སྡུག་བསྔལ་ཉིན་ཐོའི་གསེང་ལ་བྲིས།།
སྐྱོ་གདུང་རྨ་ཁ་ཤ་རུས་གསེང་ལ་བརྐོས།།
ཀྱེ་ཧུད་ཞེན་ཆགས་ལྕི་བས་བདག་སེམས་སྐྱོ།།
ཟླ་བ་ཁེར་ཧྲང་དེ་ཡི་རྣ་རྩ་རུ།།
སྐྱོ་བའི་གླིང་བུ་ལྷོད་ཀྱིས་དཀྲོལ་བའི་ཚེ།།
ཉན་མཁན་བྱམས་པ་མེད་པས་བདག་ཉིད་སྐྱོ།།
སྐྱོ་གདུང་སེམས་ལ་ཟུག་པས་བདག་ཉིད་རྒས།།
སྐྱོ་གདུང་རྒོད་པས་བདག་གི་ལུས་སེམས་མནར།།
ཁེར་རྐྱང་འཚོ་བའི་གནམ་མཁར་སྨག་ནག་པས།།
དངངས་སྐྲག་འཚོ་བ་ཅི་འདྲའི་འཇིགས་སུ་རུང་།།
ཁེར་ཧྲང་མི་བུ་བདག་ནི་སྙིང་རེ་རྗེ།།
རྨི་ལམ་རིང་མོ་ཞག་གི་རྨི་ལམ་འདྲ།།
ཡོད་ཚད་འཕྱི་སོང་སྙམ་ཡང་ཕྱིར་ལྡོག་བྲལ།།
འཆི་བདག་རྒྱལ་བོའི་གཉའ་ཤིང་ལྕི་དྲགས་པས།།
བདག་ཀྱང་གཤིན་རྗེའི་གནས་ལ་འགྲོ་དགོས་སོ།།
ལམ་ཕྲན་གྱ་གྱུ་གང་དུ་ཁྲིད་ཀྱང་རུང་།།
ཡུན་རིང་སེམས་ལ་ཉར་བའི་གླུ་སྐད་འདི།།
རང་ལ་བསྒྲོན་པའི་ལམ་སྟོན་སྒྲོན་མེ་ཡིན།།
ཧ་ཅང་འཁྱོལ་ཐབས་དཀའ་བའི་ཉིན་མཚན་དུ།།
རང་གི་གྲིབ་མར་སེམས་ཀྱི་སྙིང་གཏམ་གླེང་།།
འགྲོ་རོགས་འདུག་རོགས་མེད་པའི་ལོ་ཟླའི་ནང་།།
ཁྲག་དང་རྔུལ་ཆུའི་སྡུག་གི་འཚོ་བ་བྲིས།།
                          2016 3 3
      
      སྨག་རིམ་ཁྲོད་ཀྱི་ཟླ་བ།
                        
སྐྱེ་རྒ་ན་འཆི་འཇིག་རྟེན་ཆོས་ཉིད་དེ།།
སྐྱེ་འཆིའི་གོ་རིམ་མ་མྱོང་གཞན་མ་མཆིས།།
མི་ཚེ་རིང་མོ་ཞག་གི་རྨི་ལམ་བཞིན།།
སང་ཞོགས་རྫོགས་པ་ཡོད་ཚད་ཆོས་ཉིད་དོ།།

རྨི་ལམ་ལ་ཡང་ཡག་ཙོག་གཉིས་དབྱེ་བས།།
ཁྱོད་ཀྱི་གྲགས་སྙན་སྲིད་གསུམ་ཁྱོན་ལས་རྒྱལ།།
དབྱངས་ཅན་ལྷ་མོའི་ངག་གི་རབ་བྱུག་པའི།།
ཁ་བའི་རི་བོར་ཁྱོད་ཀྱིས་རྔ་ཆེན་བསྒྲགས།།

དང་པོ་ཉིད་ནས་ཁྱོད་ཀྱི་མགྲིན་པའི་དཔལ།།
དྲི་ཟའི་སྒྲ་དབྱངས་ལས་ཀྱང་ཁྱོན་ན་འབར།།
བདག་ཅག་སོ་སོ་སྐྱེས་བུའི་རྣ་བའི་རྒྱན།།
གངས་ལྗོངས་གླུ་བ་ཁྱོད་ཀྱི་གླུ་སྐད་ཉིད།།

ཏི་སེའི་ཤར་ནུབ་ཀུན་ཏུ་གྲགས་བཞིན་པ།།
ཁྱོད་ཀྱི་གཞས་དང་ཁྱོད་ཀྱི་གྲགས་པ་ཉིད།།
བདག་ཀྱང་ཆུང་ངུའི་དུས་ནས་ད་ལྟའི་བར།།
ཁྱོད་ལ་ཉན་ཞིང་ཁྱོད་ལ་དུངས་པའི་གདའ།།
          ༢༠༡༦/༢/༡ཉིན་ཤར་མར་དུ།
       
      སྐད་ཆའི་ཡོ་ལང་།
                                       
ཁེ་ཚོང་བར་ན་འཚོ་བའི་མི་སེམས་ཀྱི་གཡོ་འགུལ།
མུན་ནག་མཚན་ལ་རྡོལ་བའི་ཝ་སྐྱེས་ཀྱི་ཁྱུ་ཚོགས།།
ཁྲེལ་དང་ངོ་ཚ་བོར་བའི་ཡར་འབྲོག་གི་བུ་ལོ།།
ངང་ཆུང་མཛའ་མོའི་སྤྱོད་ཚུལ་སྤོངས་པ་རང་གཅེས་ཤིག།

མཐོ་མཐོ་ཚོགས་ཀྱི་གྲལ་དུ་དཔའ་རྟུལ་རང་ཆེ་བའི།།
དམའ་དམའ་འབངས་ཀྱི་ཤ་ལ་རྔམས་ནི་དྲགས་པ།།
དཀར་དཀར་བལ་གྱིས་ཡིབ་པའི་ཤ་ཟ་ཡི་ཚོགས་ལ།།
ད་ལྟ་མི་བུ་རང་ནས་འགྲམ་ལྕག་ཅིག་གཞུ་རན།།

ཕ་ས་མཛེས་པའི་རིན་ཆེན་བང་མཛོད་ཀྱི་གཏེར་ཁ།།
འདོད་འདོད་ལན་བརྒྱར་སློག་པས་གློ་སྙིང་གི་བཟོད་དམ།།
ཀྱེ་མ་ཨ་མའི་བུ་ལོའི་རུས་རྐང་གི་ཁྲག་རྒྱུན།།
མ་ཤི་འབྱུང་བོའི་གསོལ་ལ་ད་ལྟ་རང་འདྲེན་ནམ།།

རྫིག་རྫིག་ཕ་མའི་གམ་ནས་དཔའ་ངར་གྱིས་འགྱིང་པའི།།
སློབ་རའི་བུ་ལོ་ཡོན་ཏན་བྲེ་གང་ཞིག་ལྡན་མ།།
དྲིན་ལན་ལུགས་ཟློག་མཇལ་བའི་གཏང་རག་གི་མཆོད་པ།།
ཀ་ཁ་དབྱངས་ལ་དྲངས་པའི་སྦྱངས་འབྲས་དེ་ཡིན་ནམ།།

ཨ་རོ་ན་ཆུང་བུ་མོ་འཆོར་སྒེག་གིས་ཕྱུག་པའི།།
སྟོད་དང་སྨད་དུ་འདུར་བའི་སྤྱང་མོ་ཡི་སྲིང་མ།།
གནས་མེད་ཕ་མ་དོར་བའི་སེམས་མེད་ཀྱི་བུ་ཚ།།
རང་རིགས་བཟང་པའི་སྤྱོད་ལ་གས་ཆག་རང་མ་གཏོང་།།

མི་ཐུབ་སྡོམ་པ་སྲུང་པའི་དབེན་ཁྲོད་ཀྱི་སྒོམ་པ།།
ཟང་ཟིང་ཁེ་ཚོང་བར་གྱི་སྦྱིན་བདག་གི་མཁན་པོ།།
མཆོག་གི་བླ་གོས་གྱོན་པའི་ཁ་ཆེ་ཡི་ཚོང་བ།།
འ་ཅག་རྒྱལ་བའི་ན་བཟའ་རྩེད་ཆས་རང་མ་གནང་།།

ཆང་དང་ཤ་ལ་རྔམས་པའི་ན་མཉམ་གྱི་གཞོན་ནུ།།
མེས་པའི་བླ་སྲོག་སྲུང་བའི་འགན་འཁྲི་དེ་ལྕི་འམ།།
དཔལ་དང་སྟོབས་ཀྱིས་ཕྱུག་པ་བདེན་པ་རང་གཅེས་ན།།
སོ་བཞིའི་དབྱངས་རྟ་སྙན་མོ་འདོར་བ་རང་སྤོངས་ཤིག།

སྙིང་གཏམ་ཚིག་གི་མགུར་ལ་ལྕགས་སྒྲོག་རང་དབེན་པས།།
གཉུག་མའི་གཤིས་ལ་བརྒྱུས་པའི་སེམས་ཁོང་གི་གཏམ་ཐུན།།
ད་རེས་ཤར་མར་བྲིས་པའི་སྐད་ཆ་ཡི་ཡོ་ལང་།།
རང་རིགས་སྤུན་ཟླའི་ཚོགས་ལ་བེ་མིག་གིས་སྤྲིངས་སོ།།

སྤྱི་ལོ་༢༠༡༦/༡/༢༢ཉིན་མཚན་གུང་དུ་ཤར་མར་དུ་བྲིས་པའོ།།

བེ་མིག་གི་བཏུས་རྩོམ་ཆ་ཚང་གཤམ་ནས་འཚོལ་ཞིབ་བྱས་ཏེ་ལྟ་ཀློག་བྱ་ཆོག

བེ་མིག་གི་བཏུས་རྩོམ། འཚོལ་ཞིབ་བྱ་ས།

དཔེ་རིས་དང་པོ།

དཔེ་རིས་གཉིས་པ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: གདོང་དམར་ཚང་ནས། སྤེལ་དུས:2016/3/13
མུ་མཐུད་ནས་འདུན་དུ་སྤྱོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15138563
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号