ཁམས་སྟོང་སྐོར་དགོན་གྱིས་སློབ་མའི་ཆེད་སྒྲིག་གཞི་ལག་བསྟར་གཏན་འབེབས་བྱས་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 1 ཚེས 25 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »ཁམས་སྟོང་སྐོར་དགོན་གྱིས་སློབ་མའི་ཆེད་སྒྲིག་གཞི་ལག་བསྟར་གཏན་འ
ཁམས་སྟོང་སྐོར་དགོན་གྱིས་སློབ་མའི་ཆེད་སྒྲིག་གཞི་ལག་བསྟར་གཏན་འབེབས་བྱས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/4/1ལྟ་ཀློག (2142)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁམས་སྟོང་སྐོར་དགོན་གྱིས་སློབ་མའི་ཆེད་སྒྲིག་གཞི་ལག་བསྟར་གཏན་འབེབས་བྱས་པ།

           སྤྱི་ལོ་༢༠༡༦ ༣ ༡༨ ཉིན་ཁམས་སྟོང་སྐོར་དགོན་གྱི་རྒྱལ་ཚབ་བསྟན་འཛིན་རབ་རྒྱས་མཆོག་དང་། སེར་སྨད་དགེ་བཤིས་ཉི་མ་མཆོག་རྣམ་པ་གཉིས་ཀྱིས་དབུ་ཁྲིད་དེ་སྒྲིག་གཞི་ལེགས་བཅོས་སྐོར་གྱི་ཚོགས་འདུ་དབུ་འཛུགས་གནང་། ཐོག་མར་དགོན་དཔོན་གཞོན་པ་ཡེ་ཤེས་རྡོ་རྗེ་མཆོག་གིས། ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་ཚོགས་འདུའི་སྟེང་ཐོག་མར་སྟོང་སྐོར་དགོན་གྱི་རྒྱལ་ཚབ་བསྟན་འཛིན་རབ་རྒྱས་མཆོག་གིས་གསུང་བཤད་གནང་རྒྱུ་དང་། བར་དུ་སེར་སྨད་དགེ་བཤེས་ཉི་མ་མཆོག་གིས་གསུང་བཤད་གནང་རྒྱུ། དེ་ནས་རིམ་བཞིན་ལས་སྣེ་དང་ལས་བྱེད་ཡོངས་ཀྱིས་གསུང་བཤད་གནང་རྒྱུ། མཐའ་མར་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་རྒྱུ་ཡིན། ཞེས་གསུངས། རྒྱལ་ཚབ་བསྟན་འཛིན་རབ་རྒྱས་མཆོག་གིས། ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཚོགས་ཞུགས་མི་སྣ་ཡོངས་ལ་གུས་པའི་ཆེད་སྟན་ལས་ལྡངས་ཏེ་གཏམ་བཤད་ཞུ་རྒྱུ་ཡིན་པས་གྲྭ་མང་ཡོངས་ཀྱིས་ལེགས་པར་ཉོན་ཅིག དེ་རིང་ཚོགས་འདུའི་ངོ་བོ་ནི་སྟོང་སྐོར་དགོན་པའི་དོན་གལ་ཆེན་ཞིག་ཡིན། དེ་ཡང་། དེ་རིང་སྔ་དྲོར་གཟའ་སྐར་ལེགས་པས་ཚོགས་འདུ་འགོ་འཛུགས་གནང་རྒྱུ་ཡིན། སྤྱིར་བཏང་། ངེད་ཀྱིས་སྟོང་སྐོར་དགོན་པའི་འགན་འཛོལ་བའི་ཉེན་ཁ་ཡོད་ཀྱང་གྲྭ་མང་དང་མི་མང་གིས་རེ་བའམ་དམངས་གཙོ་ལས་བྱ་ཐབས་བྲལ། ལྷག་པར་དུ་དགོན་པ་འདི་ལ་ཕན་ཐོགས་ཤིག་ཨེ་འགྲུབ་ན་སྙམ་སྟེ་ལས་བྱེད་འགན་ཁུར་ནས་མི་ལོ་དྲུག་སོང་ཡང་། བྱ་བ་བླ་ཆེན་གང་ཡང་འགྲུབ་མ་སོང་། ཡིན་ཀྱང་། རང་ངོས་ནས་ད་དུང་མུ་མཐུད་དེ་དཀའ་ངལ་ཁྱད་བསད་ཀྱིས་འབད་བརྩོན་བྱ་རྒྱུ་ཁས་ལེན་ཡོད། དེས་ན། སྒྲིག་གཞི་འགྱུར་བ་ཞིག་མ་བཏང་ན། སློབ་དཔོན་པད་མ་འབྱུང་གནས་ཀྱིས། དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན། ཞེས་གསུངས་པ་བཞིན་སྤྱི་ཚོགས་ཐོག་ཏུ་ཡིན་ནའང་འདྲ་དགོན་སྡེའི་ཁྲོད་ཡིན་ནའང་འདྲ་མི་ཕལ་ཆེ་ནི་དཀའ་ལས་ཆེན་པོ་མི་དགོས་པར་ཟ་རྒྱུ་ཆེན་པོ་འདོད་མཁན་ཞིག་ལ་འགྱུར་བཞིན་ཡོད་པ་རེད། ངེད་ཅག་ལས་བྱེད་པ་ལྔ་བོ་དེས་ཀྱང་ད་རུང་མུ་མཐུད་དེ་འགན་ཁུར་དགོས་བྱུང་ན། སྒྲིག་གཞི་འགྱུར་བ་གཏང་དགོས་ཞེས་ནང་གྲོས་ཁའི་སོ་འདྲ་དང་། ཕྱི་གྲོས་འགོའི་སྐྲ་འདྲ་ཞིག་ཡོད། སྤྱིར་བཏང་། དགོན་གནས་འདིར་གཞིས་བྱེས་ཞལ་འཛོམས་བྱུང་ནས་མི་ལོ་གཅིག་དང་ཟླ་བ་དྲུག་ཡས་མས་ཤིག་རེད། དེ་ཡང་། ཞབས་དྲུང་རིན་པོ་ཆེ་དང་། དགེ་བཤེས་ཉི་མ་མཆོག་རྣམ་པ་གཉིས་གཙོས་ངེད་ཅག་ལས་བྱེད་པ་ཡོངས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་བྱ་བའི་འབྲས་བུ་ཞིག་ཡིན། དུས་ད་ལྟར་ཡང་དགོན་པ་གཏོར་བརླག་གཏང་དགོས་ན་དགོན་པའི་འགོ་འཛིན་པ་ཞིག་ཡིན་དགོས་རྒྱུ་མ་རེད། འོག་ནས་བྱ་འཕུར་བྱེའུ་འཕུར་གཅིག་རྗེས་གཉིས་མཐུད་བྱེད་སོང་ན་ལས་སླ་བོ་ཞིག་རེད། འོན་ཀྱང་། འགྲིག་མཐུན་ཞིག་འོང་དགོས་ན་དཀའ་ལས་ཁག་པོ་རེད། གཙོ་བོ་ངེད་ཅག་གིས་དགོན་པའི་སྤྱི་ཕན་ལ་དམིགས་ཏེ་འགྲིག་མཐུན་བྱེད་པ་ལས་རང་ཉིད་ཁ་མགོ་རྣ་ཙམ་གྱིས་གཏན་ནས་མིན། སྔར་གཞིས་བྱེས་ཞལ་འཛོམས་བྱུང་བའི་སྐབས་ཆོས་གྲྭ་ཚོགས་རྒྱུའི་སྐོར་ལ་འགྱུར་བ་ཇི་ལྟར་གཏང་དགོས་མིན་དགེ་འདུན་དམངས་ལ་དབང་བ་ཐག་གཅོད་བྱས་ཡོད། མ་ཟད། རྟའུ་དགོན་འཇང་དགུན་ཆོས་ཚོགས་ཆེན་མོ་གྲོལ་བའི་ཉིན་མོར་གྲྭ་བ་མང་བོ་ཞིག་གིས། དགོན་གནས་འདིར་སློབ་གཉེར་ཡར་རྒྱས་ཆེད་གོ་སྐབས་ལེགས་པར་སྤྲོད་ཅིག་ཅེས་ངེད་ལ་རེ་བ་བཤད། དེ་ནས་བཟུང་དུས་ད་ལྟའི་བར་གྲྭ་བ་མང་བོ་ཞིག་གིས་ངེད་ལ་རེ་བ་བཤད་ཡོད་ཀྱང་། རང་ཉིད་འདོན་རྒྱུ་ཚོགས་རྒྱུ་བཅས་ལ་ཧ་ཅང་དགའ་ཞིང་། དཔེ་ཆ་མི་ཤེས་པས་འགྱུར་བ་བཏང་འདོད་མ་བྱུང་། ཡིན་ཡང་། ཡང་བསྐྱར་དགོན་པའི་འགན་ཁུར་དགོས་བྱུང་ན། དགེ་བཤེས་ཉི་མ་མཆོག་དང་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་རྒྱུ་ཡིན་བསམ་བཞིན་ཡོད། ལ་ལས་དགེ་བཤེས་ཉི་མ་དང་གྲོས་མོལ་དགོས་དོན་ཅིའི་ཕྱིར་བསམ་ན་ཐང་། ནོར་འཁྲུལ་རེད། ངེད་ཅག་གིས་སྔར་ནས་འགོ་ལས་ཡོད། ད་དུང་འཇུག་ལེགས་པར་སྐྱོངས་དགོས། མ་ཟད། དགེ་བཤེས་མཆོག་གིས་དཔེ་ཁྲིད་བྱེད་པ་སོགས་དཀའ་ལས་འོ་བརྒྱལ་ཆེན་པོ་རྒྱག་བཞིན་ཡོད་པ་ལས་གཞན་གང་ཡང་མིན། དེས་ན། ཐོག་མར་ཞབས་དྲུང་རིན་པོ་ཆེ་ལ་ཁ་པར་ཐོག་ནས་གནས་ཚུལ་ཆ་ཚང་ཡར་ཞུས་ཡོད། རིན་པོ་ཆེས་འགྱུར་བ་བཏང་དགོས་རྒྱུ་རེད། ཡར་རྒྱས་འགྲོ་བའི་ཐབས་སུ་འགྱུར་བར་ཐོངས་ཤིག་དང་། ཁོས་རྒྱབ་སྐྱོར་ཡོད། ཅེས་གསུངས། དེས་ན། དགེ་བཤེས་མཆོག་དང་ངེད་གཉིས་ཀྱིས་ཉིན་ཁ་ཤས་ལ་ཨེ་དགའ་གཡས་དང་། མི་དགའ་གཡོན་བྱས་ནས་གྲོས་མོལ་བྱས་མཐར་འགྱུར་བ་བཏང་ཕྱོགས་སྐོར་གཏན་ཁེལ་བྱས་ཡོད། དེ་ནས། ཁ་རྩང་དགོང་མོར་ཞབས་དྲུང་རིན་པོ་ཆེ་ལ་ཁ་པར་ཐོག་ནས་འགྱུར་བ་ཟེར་ནའང་འདྲ། གྲུབ་འབྲས་ཟེར་ནའང་འདྲ། འདི་འདྲ་ཞིག་རེད་ཅེས་གསལ་བཤད་ཞུས་ཡོད། རིན་པོ་ཆེས། ཡག་པོ་འདུག རྒྱབ་སྐྱོར་ཡོད་ཅེས་གསུང་འདུག ལ་ལས། སྡུག་ཐུག་ནས་འགྱུར་བ་བཏང་སོང་བསམ་ན་ཐང་། གཏན་ནས་མིན། སློབ་གཉེར་ཡར་རྒྱས་ཆེད་དུ་ཡིན། ལ་ལས། མདོ་ཕྱོགས་ལས་སྔགས་ཕྱོགས་ཉམས་སོང་བསམ་ན་ཐང་། དེ་ཡང་མིན། གཉིས་ཀ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་འདོད་ནས་དུས་རབས་ལ་བསྟུན་ཏེ་འགྱུར་བར་བཏང་བ་ཡིན། གལ་ཏེ་དུས་རབས་ལ་བསྟུན་མ་ཤེས་ན། གཉིས་ཀ་ཉམས་རྒྱུ་རེད། ལ་ལས། ༧སྐྱབས་མགོན་རིན་པོ་ཆེའི་གསུང་ཆ་རེ་བགྲངས་ནས་གནས་ལུགས་བཤད་འདུག དེ་ཡང་བདེན་ན་ཐང་། ངེད་ཅག་གི་དགོན་པར་མི་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པས་ཉིན་རེ་རེར་འགྱུར་བ་རེ་རེར་བཏང་ན་མི་འཐད་ཀི། དེང་སང་རྒན་རབས་པ་གྲྭ་བཅུ་ཕྲག་ལྷག་ཙམ་ལས་བཞུགས་མེད་ཀྱང་། དམ་པ་ཁོང་རྣམས་ཀྱིས་ངེད་ཅག་གསར་བརྗེ་བའི་ལག་ཏུ་མདོ་སྔགས་གཉིས་ཀའི་ཐད་ནས་ཆུ་བུམ་པ་གང་བྱོ་དང་། རྡོ་ལག་བརྒྱུད་ལྟ་བུའི་རྩིས་སྤྲོད་ལེགས་པར་བྱས་ཡོད་པས་ངེད་ཅག་ངོས་ནས་ཀྱང་བདག་སྐྱོང་བྱ་དགོས། ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གང་ཐད་ནས་ཡག་པོ་ཞིག་ཡོད་པ་རྣམས་རྒན་རབས་པའི་བཀའ་དྲིན་རེད། ད་ནས་བཟུང་མདོ་སྔགས་གཉིས་ཀའི་ཐད་ནས་དུས་རབས་ལ་བསྟུན་ཏེ་མི་ཉམས་རྒྱུད་འཛིན་བྱེད་དགོས། མདོ་སྔགས་གཉིས་ཀར་སློབ་སྦྱོང་མ་བྱས་ན། སངས་རྒྱས་ཐོབ་ཁག་པོ་རེད། དཔེར་ན། བྱ་གནམ་ལ་འཕུར་བར་འདབ་ཆགས་གཤོག་པ་གཉིས་ལྡན་དགོས་པ་བཞིན་འཚང་རྒྱ་བའི་ཆ་རྐྱེན་ལ་མདོ་སྔགས་གཉིས་ཀར་སློབ་སྦྱོང་ཡང་དག་དགོས། ཞེས་དམ་པ་གོང་མ་རྣམས་ཀྱིས་གསུངས། དགོན་གནས་འདི་དུས་རབས་ལ་བསྟུན་མཁས་དགོས། དཔེར་ན། དེང་སང་སྤྱི་ཚོགས་ནང་གི་སློབ་མ་དང་། དགོན་སྡེའི་སློབ་མ་གཉིས་ཤེས་ཚད་འགྲན་སྡུར་བྱུང་ན། དགོན་སྡེའི་ཁྲོད་ཀྱི་སློབ་མ་རྣམས་ཅུང་ཞན་པའི་གནས་ཚུལ་ཡོད་རེད། དེའི་སྐོར་ལ་ཚང་མས་ཐུགས་བསམ་ལེགས་པར་བཞེས་དགོས། ད་ལྟར་ཉིད་དུ་སློབ་སྦྱོང་ལ་ཕན་པའི་སྒྲིག་གཞི་འགྱུར་བར་ཡག་པོ་ཞིག་བཏང་དགོས། གལ་ཏེ་མ་འོངས་པར་ཕ་མ་རྣམས་ཀྱིས་རང་གི་བུ་རྒྱུད་འདིའི་གྲྭ་བར་བྱས་ཀྱང་གོ་ཆོད་མ་སོང་སྙམ་སྟེ་བློ་ཕམ་པའི་འགྱོད་པ་ཞིག་སྐྱེས་སོང་ན། སོ་སོའི་ཕམ་ཁ་ཡིན་པ་མ་ཟད། དགོན་པ་སྤྱིའི་ཕམ་ཁ་རེད། དགོན་གནས་འདིར་གྲྭ་བ་བྱེད་མཁན་ཉུང་དྲགས་པའི་སྐྱོན་འབྱུང་གི་རེད། སྔར་འཚོ་བ་ཧ་ཅང་ཞན་པས་གྲྭ་བ་བྱེད་མཁན་མང་ཡང་། དེང་སང་སློབ་སྦྱོང་སོགས་སྒེར་གྱི་ཁེ་ཕན་ཡག་པོ་ཞིག་མེད་ན། གྲྭ་བ་བྱེད་མཁན་ཉུང་བའི་ཉེན་ཁ་ཆེན་པོ་འདུག མ་ཟད། ཞབས་དྲུང་རིན་པོ་ཆེས། ན་གཞོན་ཆུང་ཆུང་རྣམས་ཐོག་མར་ཆོས་གྲྭ་ནང་དུ་མ་བཙུད། སློབ་གྲྭར་རིགས་གནས་ཡག་པོ་སྦྱོངས་ཤིག ཅེས་གསུངས་ཀྱང་། དགོན་གནས་འདིར་ལག་བསྟར་བྱེད་བདེ་བོ་མི་འདུག རྒྱུ་མཚན་ནི། ཆོས་གྲྭ་ནང་ནས་འཛིན་གྲྭ་མང་བོ་དགར་དགོས། དེ་ནས། འཛིན་གྲྭ་གསུམ་པོ་ཐོན་དུས་གུ་ཡངས་དང་། ཁེ་བཟང་ཇི་འདྲའི་ཡག་པོ་ཡོད་ཀི། མདོར་ན། དམིགས་བསལ་མང་བོ་ཡོད་རེད། སོ་སོས་དེ་ལ་དམིགས་ནས་ཡོད་པས་ཞབས་དྲུང་རིན་པོ་ཆེའི་གསུང་བཞིན་ངེད་ཀྱིས་ལག་བསྟར་བྱེད་བདེ་བོ་མི་འདུག ད་རུང་སྔར་བཞིན་གྲྭ་ཆུང་རྣམས་ཆོས་གྲྭ་ནང་དུ་ཕེབས་དགོས། མ་ཟད་སྔགས་པའི་གྲྭ་རུ་ཕེབས་དགོས། དེར་མ་ཟད། འདོན་པའི་སློབ་གྲྭར་ཕེབས་དགོས་པས་སློབ་སྦྱོང་ཡར་རྒྱས་ཕྱོགས་ལ་སྟབས་བདེ་བོ་མི་འདུག་ཀྱང་། གནས་སྐབས་ཐབས་ཤེས་མེད་ཀི། གཙོ་བོ་ཤེས་རིག་ལས་ཀྱང་ལྷག་བསམ་ཡོད་དགོས། ༧ཐམས་ཅད་མཁྱེན་པ་མཆོག་གིས། ཤེས་རིག་ཡོད་ཀྱང་ལྷག་བསམ་མེད་ན་ཕན་གནོད་བརྗོད་མི་ཐུབ། ཅེས་གསུང་པ་བཞིན་ངེད་ཅག་ངོས་ནས་ཀྱང་གནས་ལུགས་བཤད་པ་ལས་གནས་ལུགས་སོ་སོས་ལག་བསྟར་བྱེད་རྒྱུ་གལ་ཆེན་པོ་རེད་བསམ་བཞིན་ཡོད། དགོན་གནས་འདིར་འདོན་ཚོགས་དང་། མཚན་ཉིད་དཔེ་ཆ་གཉིས་ཀ་དགོས་མཁོ་ཆེ་བས། ཨ་ཁུ། ཨ་ཞང་རྣམས་ཀྱིས་ཚ་བུ་རྣམས་གཅེས་སྐྱོང་ཡག་པོ་བྱེད་དགོས། མ་ཟད། དེང་སང་སྤྱི་ཚོགས་ཐོག་མི་མང་ལ་ཆོས་བཤད་མཁན་རྣམས་ཀྱིས་མ་ཎི་བགྲང་ཡས་དང་ཕྱག་སྐོར་ར་ལ་ཕན་ཐོགས་ཡོད་མ་རེད། ཅེས་མ་གསུངས་རོགས། ཐོག་མར་ནས་ཐེག་པ་ཆེན་པོའི་ཆོས་ཤེས་རྒྱུ་མ་རེད། མི་མང་གི་བློ་ཁ་དང་ཚིམ་པའི་ཆོས་ཤིག་བཤད་རོགས་གནང་། དེ་ནི་ངེད་ཀྱི་རེ་བ་ཡིན། དེ་ནས། འགྱུར་བ་ཇི་ལྟར་བཏང་ཡོད་མེད་སྐོར། ན་བཟའ་སྐོར། ནང་ལྭ་མདོག་དམར་སེར་གང་རུང་གནང་བ་ཡོད། ཆོམ་དགུ་གཏོར་སྐབས་མ་གཏོགས་བོད་ལྷམ་མ་གོན་ནའང་གནང་བ་ཡོད། ནང་ལྭ་ནི་གྲྭ་ཚང་སེར་སྨད་བཞིན་ཡིན་པ་ལས་ཚད་ལས་བརྒལ་ན་ཉེས་ཆད་ཡོད། ལྷམ་ཡིན་ན་ཆོས་གྲྭའི་སྐབས་ཚད་གཞི་ལས་དགར་ན་ཉེས་ཆད་ཡོད། འོན་ཀྱང་། སོ་སོས་བོད་ལྷམ་གྱོན་ཞིང་། ནང་ལྭ་མ་གྱོན་ནའང་རང་དབང་ཡིན། ཆོས་གྲྭའི་སྐོར་ཡིན་ན། དགེ་སྐོས་ཀྱིས་ཚོགས་གཏམ་ཆེན་མོ་བཏང་སྐབས་མ་གཏོགས། ཞོགས་ཆོས་དང་། གུང་ཚིགས་སྐབས་དཔེ་ཁྲིད་དང་རྩོད་པ། སློབ་ཆུང་རྣམས་བློ་འཛིན་སློབ་གྲྭ་ཚོགས་དགོས། སྐུ་འགྱེད་ཡོད་ན་དགེ་སྐོས་ཀྱིས་བརྡ་སྤྲོད་པ་དང་སྐུ་འགྱེད་བཞེས་མཁན་སྔར་བཞིན་འཛིན་གྲྭ་ནང་དུ་ཕེབས། དགུང་མོ་སྐུ་རིམ་སྔར་དང་འདྲའོ།། དེའི་སྐོར་ལ་སློབ་གཉེར་དགེན་དང་གྲྭ་ཚང་ལས་སྣེ་རྣམས་ཀྱིས་སྒྲིག་ཁྲིམས་བལྟ་དགོས། སྔགས་ཀྱི་སྐོར་འགྱུར་བར་ཇི་ལྟར་བཏང་ཡོད་ཞེ་ན། དགུ་གཏོར་དང་སྨོན་ལམ་ཆེན་པོ་གཉིས་སྔར་བཞིན་ཡིན། བདེ་མཆོག་དང་འཇིགས་བྱེད་བདག་འཇུག་གཉིས་ལ་ཉིན་གསུམ་རེ་ཕེབས་དགོས་ཀྱང་། གཞན་རྣམས་ལ་ཞོགས་པ་མང་ཇ་ལས་གནང་བ་ཡོད། འོན་ཀྱང་། སློབ་སྦྱོང་བྱེད་ཕྱོགས་སྐོར་ལ་སློབ་གཉེར་དགེན་དང་སྔགས་པའི་ལས་སྣེ་རྣམས་ཀྱིས་སྒྲིག་ཁྲིམས་བལྟ་དགོས། མདོར་ན། དགེ་འདུན་དམངས་ཚོགས་ན་མཉམ་འཚོགས་དང་། གྲོལ་ན་མཉམ་གྲོལ་ཡིན། འཛིན་གྲྭ་གསུམ་པོ་ཡིན་ནའང་འདྲ། ལས་སྣེ་ཐོན་ཟུར་ཡིན་ནའང་འདྲ། གྲྭ་བ་རྒན་པ་ཡིན་ནའང་འདྲ་སུ་ཞིག་གིས། དཔེ་ཆ་བ་ལ་གུ་ཡངས་ཡོད་ཀྱང་དགེ་འདུན་མང་ལ་གུ་ཡངས་མེད་ཀི་བསམ་ན། ཁྱེད་ཅག་དཔེ་ཆ་བའི་གྲྭ་རུ་ཞུགས་ཤོག ངེད་ཀྱིས་ཁྱེད་ལྕགས་མཁར་དང་། སྒྲུབ་མཆོད་སོགས་ལའང་གནང་བར་སྟེར། དཔེ་ཆ་ཡག་པོ་བལྟས་ན་དགོན་པ་ལ་ཞབས་ཞུ་ཡིན། གཞུང་ཆེན་པོ་རྣམས་བློ་འཛིན་བྱས་ན་དགོན་པ་ལ་ཞབས་ཞུ་ཡིན། ཚོགས་དང་ཆོས་གྲྭར་གང་མང་ཕེབས་ནའང་དགོན་པ་ལ་ཞབས་ཞུ་ཡིན། མདོར་ན། ཚང་མས་གོ་ཆོད་པར་གྱིས།

    གྲོང་ཆོག་པ་རྣམས་ཀྱིས། གྲོང་ཆོག་པ་རྣམས་ལ་གུ་ཡངས་མེད་གི་མ་བསམ། སྤྱིར་བཏང་། དགོན་པ་གཞན་དག་ལ་གྲོང་ཆོག་གི་ཡོང་འབབ་ཆ་ཚང་དགེ་འདུན་དམངས་ལ་དབང་ཡང་། གནས་སྐབས་ངེད་ཅག་གི་དགོན་པར་ལུགས་སྲོལ་དེ་ལྟར་མིན། དཔེ་ཆ་བ་རྣམས་ཀྱིས་དུས་རྣམ་ཀུན་ཏུ་སྐུ་ངལ་ཁྱད་གསོད་བྱས་ནས་བཞུགས་ཡོད་པས། ཁྱེད་ཅག་གྲོང་ཆོག་པ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་རྒྱལ་ཆེར་བྱེད་རོགས་གནང་། སྡེ་དགོན་གཉིས་ཀྱི་བར་དུ་མཐུན་སྒྲིལ་དང་། གྲྭ་མང་བར་མཐུན་སྒྲིལ་བྱེད་རོགས་གནང་། ཞབས་དྲུང་རིན་པོ་ཆེས། དགོན་གནས་འདིར་དཔེ་མཛོད་ཁང་། སློབ་གཉེར་ཁང་། འཕྲོད་བསྟེན་ཁང་། ཞབས་བརྟན་ཁང་བཅས་འཛུགས་ཐུབ་ཀྱི་རེ་བ་ཡོད། འོན་ཀྱང་། ཁྱེད་ཅག་གིས་ཁོར་ཡུག་གི་ཆ་རྐྱེན་འཛོམས་མིན་ལ་གཟིགས་ཤིག ཅེས་གསུངས། འོན་ཀྱང་། གནས་སྐབས་ཐབས་ཤེས་མེད་ཀི། གྲོང་ཆོག་པ་ལ་ལས་སྐད་འཕྲིན་ནང་དུ་ཞབས་བརྟན་ཚོགས་པ་འཛུགས་འདུག་ཟེར། ད་ནས་བཟུང་དེ་འདྲ་མ་བྱེད་རོགས། ངེད་ཅག་དགེ་འདུན་དམངས་ཆུ་ཕོར་པ་གཅིག་ལ་བརྟེན་ནས་ཡོད་པས་དགོན་པ་སྤྱིའི་མཐུན་སྒྲིལ་ལ་ཐུགས་བསམ་བཞེས་རོགས་གནང་། ད་ནས་བཟུང་དགོན་གཞུང་གི་ལས་བྱེད་པ་རྣམས་ནང་ཕན་ཚུན་དང་། དགེ་འདུན་དམངས་ཡིན་ནའང་ནང་ཕན་ཚུན་མཐུན་སྒྲིལ་རྩ་ཆེན་པོ་ཡིན། ཨང་དང་པོར་མཐུན་སྒྲིལ་དང་། གཉིས་པར་ཤེས་ཡོན་ཡར་རྒྱས་ཡིན། དེ་རིང་ནས་བཟུང་ཤེས་ཡོན་ཡར་རྒྱས་ཆེད་གོ་སྐབས་ཡག་པོ་སྤྲད་ཡོད། འོན་ཀྱང་། གོ་སྐབས་བཟང་པོ་དམ་འཛིན་བྱེད་མིན་ཁྱེད་ཅག་སློབ་མ་རྣམས་ལ་རག་ལས། བརྩོན་འགྲུས་མེད་པར་ཡོན་ཏན་ཐོབ་མི་སྲིད། དེས་ན། ཚང་མས་སློབ་སྦྱོང་དང་བརྩོན་འགྲུས་ཡག་པོ་བྱོས། མདོར་ན། ནོར་འཁྲུལ་བྱུང་ན་ཞབས་དྲུང་རིན་པོ་ཆེ་དང་། དགེ་བཤེས་ཉི་མ་མཆོག དགོན་པའི་ལས་བྱེད་པ་རྣམ་པ་སུ་གཅིག་གིས་བྱས་པ་མིན། ཁོ་བོས་བྱས་པ་ཡིན། དབུ་ཕོག་ཞབས་ཕོག་གི་ཚིག་ཐལ་ཇི་ཤོར་བཟོད་པ་སྒོམ་དུ་གསོལ། བཀྲ་ཤིས་བདེ་ལེགས་ཞུ། མཚམས་འདི་ནས་དགའ་སྤྲོའི་ངང་ནས་ཐལ་སྒྲས་ཚོགས་རྭ་གང་། ། སེར་སྨད་དགེ་བཤེས་ཉི་མ་མཆོག་གིས། ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་ཚོགས་འདུའི་ངོ་བོ་ནི་དགོན་པའི་སྒྲིོག་གཞི་འགྱུར་བ་བཏང་ཕྱོགས་སྐོར་རེད། དེ་ཡང་། ཐོག་མར་གཉིས་སྟོང་བཅུ་གཅིག་གི་ལོར་སེར་ཤུལ་གངས་ལྗོངས་སྨོན་ལམ་ཆེན་མོའི་སྐབས་རང་ཉིད་སེར་ཤུལ་དགོན་དུ་ཡོད། ཞབས་དྲུང་མཆོག་གིས་ཁ་པར་གྱི་ཐོག་ནས་ངེད་ལ་སྟོང་སྐོར་དགོན་དུ་ཕེབས་རོགས་གནང་ཞེས་རེ་བ་གསུངས་ཀྱང་། ངེད་ཀྱིས། སློབ་མ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་མེད་པའི་སྐོར་དང་། ཕན་གནོད་ལ་མ་ལྟོས་པ་གནའ་བོའི་ལུགས་སྲོལ་ཙམ་གྱིས་སྒྲིག་གཞི་གནས་ཡོད་པའི་སྐོར་རྒྱས་ཤིང་རྒྱས་པར་ཞུས། དེ་རྗེས་ཕྲན་རྒྱ་ནག་ཡོད་སྐབས་ཞབས་དྲུང་མཆོག་གིས་སྔར་བཞིན་ཁ་པར་བཏང་སོང་ཡང་སྔ་བཞིན་ལན་ཞུས་ཡོད། དེ་རྗེས་གཉིས་སྟོང་བཅུ་གསུམ་ལོར་དགོན་དཔོན་བསྟན་འཛིན་རབ་རྒྱས་དང་། དགོན་དཔོན་ཡེ་ཤེས་རྡོ་རྗེ་ངེད་ཅག་ཁྲེན་ཏུའུ་ཡོད་སྐབས་ཞབས་དྲུང་རིན་པོ་ཆེས་སྔར་བཞིན་ངེད་ལ་ཁ་པར་བཏང་སོང་། ངེད་ཀྱིས་སྔར་བཞིན་ལན་ཞུས་ཡོད། མདོར་ན། དུས་རྣམ་ཀུན་ཏུ་ངེད་ཀྱིས་དགོན་པར་དཀའ་ངལ་ཡོད་ས་ནས་ཡར་ཞུས་ཡོད་ཀྱང་། བདེ་སྐྱིད་ཡོད་ས་ནས་ཞུས་མེད། དེའི་དགོས་པ་ཁྱེད་ཅག་གིས་མཁྱེན་རྒྱུ་རེད། དེ་རིང་གི་དུས་སུ་ངེད་ཅག་ཐུན་མོང་གིས་སྒྲིག་གཞི་འགྱུར་བར་བཏང་རྒྱུ་ཐག་གཅོད་བྱས་ཡོད་ཀྱང་། ལ་ལས་འདོན་ཚོགས་རྣམས་ཉམས་སོང་བསམ་ན་ཐང་། བློ་ཁོག་ཆུང་དྲགས་པ་རེད། ལ་ལས། འགྱུར་བར་ཆུང་ཆུང་ཞིག་བཏང་ན་ཕན་ཐོགས་སུ་མེད་བསམ་ན་ཐང་། ནོར་འཁྲུལ་རེད། ད་ལྟའི་དུས་རབས་ནང་ཁོར་ཡུག་དང་མིའི་སེམས་ཁམས་ལ་བསྟུན་མཁས་དགོས་པས་འགྱུར་བ་ཆེན་པོ་བཏང་རྒྱུ་མེད། ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོ་མཆོག་གིས། ཡུལ་དུས་དང་བསྟུན་པའི་སྒོ་ནས་སྟོང་སྐོར་དགོན་པའི་ཚོགས་གི་ཆོས་གྲྭ་ཆེན་མོ་གསར་འཛུགས་གནང་བ་ཡིན། ཞེས་གསུངས། དེ་བཞིན་ངེད་ཅག་ངོས་ནས་ཀྱང་ཡུལ་དུས་དང་བསྟུན་པའི་སྒོ་ནས་སྟོང་སྐོར་དགོན་པའི་སྒྲིག་གཞི་འགྱུར་བ་ཞིག་བཏང་དགོས། དཔེར་ན། དགེ་སློང་གི་སྡོམ་པ་ཐོག་མར་མཁན་སློབ་དགེ་འདུན་དང་བཅས་པའི་འདུན་ནས་བླངས་པས། ཕྱིན་ཆད་ལྷག་མ་ལྟ་བུའི་ལྟུང་བ་བྱུང་ན། དགེ་འདུན་པ་རྣམས་ཀྱི་མདུན་དུ་བཤགས་སྡོམ་བྱེད་དགོས་པ་བཞིན་ཡིན། སྤྱིར་བཏང་། ངེད་ཀྱིས་ལས་དོན་འདི་འགན་ཁུར་འདོད་མ་བྱུང་། ཡིན་ཀྱང་། ཞབས་དྲུང་མཆོག་གིས། ངེད་ལ་ཁྱེད་ནི་ཤ་དང་རུས་པ་སྟོང་སྐོར་བ་ཡིན་པས་སྟོང་སྐོར་བ་ལ་ཤ་ཚ་དགོས། ཞེས་ཁ་པར་གྱི་ཐོག་ནས་གསུངས་མྱོང་། དེར་མ་ཟད། ཞབས་དྲུང་མཆོག་གིས། དགོན་པའི་སྒྲིག་གཞིའི་སྐོར་རང་ལ་ཉམས་མྱོང་མེད་པས་བཀོད་སྒྲིག་མེད། འོན་ཀྱང་། ཤེས་ཡོན་ཡར་རྒྱས་ལ་ཕན་ཐོགས་ཡོད་པའི་ཕྱོགས་ལ་སྒྲིག་གཞི་འགྱུར་བ་བཏང་རྒྱུ་རེ་བ་ཡོད། མདོར་ན། དགོན་དཔོན་བསྟན་འཛིན་རབ་རྒྱས་དང་དགེ་བཤེས་ཉི་མ་གཉིས་ཀྱིས་འགྱུར་བ་ཇི་ལྟར་དགོས་མིན་གྲོས་མོལ་བྱས་མཐར་ཐག་གཅོད་བྱོས། ཁོ་བོས་རྒྱབ་སྐྱོར་ཡོད་ཅེས་གསུངས། དེས་ན། ངེད་གཉིས་ཀྱིས་ལས་དོན་འདིའི་ཐད་ལ་འགན་མ་འཁུར་ཐབས་མེད་བྱུང་ཡང་། ལ་ལས། སྲོང་བཙན་སྒམ་པོ་ལ་སྣ་མེད་ཀི། རྒྱ་བཟའ་ཀོང་ཇོ་ལ་དྲི་མ་བྲོ་འདུག་བསམ་ན་ཐང་། སློབ་མ་རྣམས་ཤེས་ཡོན་ཡར་རྒྱས་ཉིད་ཀྱི་ཆེད་དུ་དུས་དང་འཚམ་པ་ཞིག་འགྱུར་བ་བཏང་བ་ལས་ཉི་ཚེ་བའི་བྱ་བ་གཞན་གང་ཡང་མེད། འགྱུར་བ་བཏང་ཕྱོགས་སྐོར་དགོན་དཔོན་བསྟན་འཛིན་རབ་རྒྱས་མཆོག་གིས་གསུང་པ་བཞིན་ཡིན་པས་ཡང་བཤད་བྱས་ན་ཟློས་སྐྱོན་འབྱུང་གི། སྤྱིར་བཏང་། སྔར་ཉེ་འཁོར་འདིར་དགོན་པ་འདྲ་མིན་གནས་ཡོད་ཀྱང་རྗེ་རིན་པོ་ཆེའི་བསྟན་པ་གནས་མེད་པས། ཞབས་དྲུང་དང་བོ་ཟླ་བ་རྒྱལ་མཚན་མཆོག་གིས། དགོན་གནས་འདི་གསར་དུ་ཕྱག་འདེབས་མཛད། དེའི་རྒྱུ་མཚན་ནི། རྗེ་བདག་ཉིད་ཆེན་པོའི་བསྟན་པ་ལ་ཐོས་བསམ་སློབ་གཉེར་གལ་ཆེ་བའི་དབང་གིས་རེད། དེས་ན། ངེད་ཅག་གིས་ཐོས་བསམ་སློབ་གཉེར་བྱེད་མཁན་རྣམས་ལ་དམིགས་ཏེ་སྒྲིག་གཞི་འགྱུར་བ་བཏང་ཡོད། ད་ནས་བཟུང་སློབ་མ་རྣམས་ལ་གོ་སྐབས་སྤྲད་ཡོད་པས་ཚང་མས་དུས་ཚོད་དམ་འཛིན་བྱོས། ཨ་ཁུ་ཨ་ཞང་རྣམས་ཀྱིས་ཀྱང་ཚ་བོ་དང་དགེ་ཕྲུག་རྣམས་ཤེས་རིག་གོང་དུ་སྤེལ་ཐབས་སུ་སློབ་གསོ་གནང་རོགས་གནང་ཞེས་འབོད་སྐུལ་ཡིན། ༧ཐམས་ཅད་མཁྱེན་པ་མཆོག་གིས། ཆོས་ཉམས་ལེན་བྱེད་པ་ལ། ཤེས་ནས་ཉམས་ལེན་བྱེད་དགོས། དད་པ་སྐྱེ་བ་ལ། ཤེས་ནས་དད་པ་སྐྱེས་དགོས། ཞེས་གསུང་པ་ལྟར། ངེད་ཅག་དགོན་གནས་འདིར་ནང་ཆོས་དར་བ་ལ། ཤེས་ནས་དར་དགོས་པས། དགེ་འདུན་དམངས་ཀྱིས་མཐུན་སྒྲིལ་གཞི་བཟུང་སྟེ། གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་དང་། དེའི་ཕྱོགས་ལ་རྒྱབ་སྐྱོར་གནང་རོགས་གནང་། བཀྲ་ཤིས་བདེ་ལེགས་ཞུ། ཚོགས་ཞུགས་ཡོངས་ཀྱིས་དགའ་སྤྲོའི་ཐལ་མོ་རྡེབ། དེ་ནས། ལས་སྣེ་ཡོངས་ཀྱིས། དེ་དེ་བཞིན་ནོ།། རྒྱབ་སྐྱོར་ཡོད། སྒྲིག་ཁྲིམས་ལ་བརྩི་སྲུང་དང་། བླ་མེད་འགན་འཁྲི་ལག་བསྟར་བྱེད་དགོས། ཞེས་གསུངས་རྗེས་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་རེད་འདུག

སྤྱི་ལོ་༢༠༡༦ ༣ ༢༥ ཉིན་བློ་བཟང་སྦྱིན་པས།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བདག་པོས། སྤེལ་དུས:2016/4/6
ནང་པ་ལགས། ལན། ཤེས་རྒྱུ་རེད། འོན་ཀྱང་། དེའི་དབང་གིས་སློབ་གསོལ་གཅིག་པ་ཨེ་ཡིན་མི་ཤེས་ཀི།
 སྤེལ་མཁན: ནང་པས། སྤེལ་དུས:2016/4/6
དགེན་བློ་སྦྱིན་ལགས། སློབ་མ་རྣམས་སློབ་སྦྱོང་ལ་དགའ་བའམ་དགའ་རུ་བཅུག་པ་ནི་བླ་མེད་ཀྱི་ནུས་པ་ཞིག་ཡིན་པ་སྟོང་སྐོར་དགོན་པའི་ཨ་ཁུ་ཨ་ཞང་རྣམས་ཀྱིས་ཤེས་སམ། མ་ཤེས། ཞེས་དྲི་བ་གཅིག་ཡོད།
 སྤེལ་མཁན: བདག་པོས། སྤེལ་དུས:2016/4/6
དཔག་དཀའི་ཆོས་དང་རིག་གཞུང་འདི།། བསམ་ཞིང་སྒྲུབ་པའི་སྙིང་སྟོབས་ཀྱིས།། དོན་གཉིས་འདི་ཕྱི་ལེགས་ཚོགས་ཀུན།། འགྲུབ་པའི་དཔལ་དུ་བཀྲ་ཤིས་ཤོག།
 སྤེལ་མཁན: ཞོགས་སྐྱ་རེངས། སྤེལ་དུས:2016/4/3
ཕྲན་ཆུང་གིས་འཕྲིན་ཡིག་འདིའི་ཁ་བྱང་མཐོང་མ་ཐག་ཏུ་སེམས་པ་དགའ་སྤྲོས་ཁེངས་སོང་། རྒྱུ་མཚན་རང་ཅག་གི་པའི་སྒྲིག་གཞི་དང་མིག་སྔར་བྱུང་བའི་གནས་ཚུལ་དག་གིས་རང་སེམས་ལ་རྨ་ཁ་མེད་ཀྱང་ན་ཟུག་བཟོད་ཐབས་དཀའ་བ་ཞིག་བཞག་ཡོད་པས་དེ་རིང་ཐམས་ཅད་མཇུག་དྲིལ་ཏེ་ང་དགའ་དང་ཁྱེད་དགའ་བྱེད་བཞིན་པ་མཐོང་བའི་ཕྲན་ཆུང་གི་སེམས་པ་དགའ་སྤྲོས་ཁེངས་བཞིན་མིག་ཆུ་ཐར་ཐོར་རེ་ཡང་འཐོར་བྱུང་། ད་ནི་རང་གཞན་ཐམས་ཅད་ཀྱི་བསམ་དོན་བཞིན་འགྲུབ་ཡོད་པ་ངོ་ཤེས་ངོས་ཟིན་གྱི་སྒོ་ནས་མདུན་སྐྱོད་ཀྱིས་གོམ་པ་སྤོ་དགོས། དེ་རིང་ལས་ཀྱང་སང་ཉིན་གྱི་གཟི་བརྗིད་ལྡན་པ་ཞིག་བྱེད་དགོས། འདི་ནི་ཁྱེད་དང་ང་སྟེ་གང་ཟག་རེ་འགའི་དོན་མ་ཡིན་ལ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། དགོས་སུ་ལས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་རྗེ་བདག་ཉིད་ཆེན་པོའི་བསྟན་པ་འདིའི་ཞབས་སུ་སྐྱེས་ཡོད་སྟབས། བསྟན་པ་འདི་ལ་ཕན་མ་ཐོགས་རུང་གནོད་པ་མེད་པའི་བྱ་བ་ཞིག་ལ་ཅིས་ཀྱང་བརྩོན་འོས། དེ་ནི་ང་ཚོའི་འོས་འགན་ཡིན་ལ། འདི་ནི་མ་སྒྲུབ་ཐབས་མེད་ཀྱི་བྱ་བཞག་ཞིག་ཡིན། རབ་ཏུ་བྱུང་བ་ཞིག་ལ་མཚོན་ན་མགོ་རྣ་ཇི་ལྟར་མཐོ་རུང་བསྟན་པའི་ཞབས་འདྲིན་བྱས་ཚེ་མགོ་རྣས་དོན་ཅི་ཡང་མི་ཐོན། དེ་བས་བསྟན་པ་ལ་ཞབས་ཞུ་མ་ཐུབ་ནའང་ཞབས་འདྲིན་མི་བྱེད་རྒྱུ་མ་མཐའི་རབ་བྱུང་ཞིག་གི་ཚད་ཡིན། ད་ནི་མཇུག་བསྡུ་རྒྱུ་ཡིན། འཇིག་རྟེན་པའི་དཔེ་ལ། སྐུད་པ་རིང་ན་ཆད་འགྲོ།། སྐད་ཆ་མང་ན་ཉོག་འགྲོ།། ཞེས་པ་ལྟར། མཇུག་དྲིལ་བ་དང་མཉམ་དུ། འདི་ནི་ཕྲན་ཆུང་ངའི་རེ་བ་ཡིན་ལ། འདི་ནི་ཕྲན་ཆུང་ངའི་སླད་མེད་སེམས་པའང་ཡིན། འདི་ནི་ཕྲན་ཆུང་ངའི་བསམ་ཚུལ་ཡིན་ལ། འདི་ནི་ཕྲན་ཆུང་ངའི་ཁྱེད་ཅག་ལ་བཅངས་བའི་དད་འདུན་ཡང་ཡིན་ནོ།། མཇུག་མཐར་བཤད་ཉེས་དང་འབྲི་ཉེས་བྱས་ཡོད་ངེས་པས། ཐུགས་ཀྱི་དཀྱིལ་དང་ཡིད་ཀྱི་གཏིང་ནས་བཟོད་གསོལ་ཞུ། 🙏🏻🙏🏻🙏🏻 བཀའ་དྲིན་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
16465894
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号