རྒྱ་གར་དུ་ལོ་རེར་བུད་མེད་ཁྲི་༢ལྷག་གིས་རང་ཤི་རྒྱག་བཞིན་ཡོད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »རྒྱ་གར་དུ་ལོ་རེར་བུད་མེད་ཁྲི་༢ལྷག་གིས་རང་ཤི་རྒྱག་བཞིན་ཡོད་པ།
རྒྱ་གར་དུ་ལོ་རེར་བུད་མེད་ཁྲི་༢ལྷག་གིས་རང་ཤི་རྒྱག་བཞིན་ཡོད་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/4/20ལྟ་ཀློག (7543)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲྭ།པར་འདེབ།

    དབྱིན་ཇིའི་རླུང་འཕྲིན་སྤྱི་གཉེར་ཁང་ནས་བསྒྲགས་པའི་གནས་ཚུལ་ཞིག་ཏུ།  ནུབ་ཕྱོགས་སྤྱི་ཚོགས་ཞིབ་འཇུག་གི་འབྲས་བུ་ལྟར་ན། གཉེན་སྒྲིག་བྱས་ཟིན་པའི་བུད་མེད་རང་ཤི་རྒྱག་ཚད་ན་ཚོད་མཉམ་པའི་བུད་མེད་གཞན་ལས་ཅུང་དམའ་མོ་ཡོད་མོད། ཡིན་ནའང་རྒྱ་གར་དུ་གཉེན་སྒྲིག་བྱས་ཟིན་པའི་བུད་མེད་རང་ཤི་རྒྱག་ཚད་མི་གྲངས་ཁྲི་༢ལས་བརྒལ་ཡོད་ཅིང་ལྷག་པར་དུ་༢༠༠༩ལོར་མི་གྲངས་༢༥༠༩༢ལ་ཟིན་ཡོད་འདུག ཧང་སངས་དགོས་པའི་གྲངས་ཀ་འདི་ནི་རྒྱ་གར་གྱི་ཞིང་པའི་རང་ཤི་རྒྱག་ཚད་ལས་ཆེས་ཆེར་བརྒལ་ཡོད་ནའང་བུད་མེད་རང་ཤི་རྒྱག་པའི་དོན་རྐྱེན་ལ་དོ་སྣང་དང་མཐོང་ཆེན་བྱེད་མཁན་ཧ་ཅང་ཉུང་བ་རེད།


 ༼རྒྱ་གར་གྱི་རང་ཤི་དང་སྤྱི་ཚོགས༽ཀྱི་རྩོམ་པ་པོ་མེ་ཡས་ཀྱིས་ཤེས་རྟོགས་བྱུང་བར། བུད་མེད་ཚོའི་འབྲི་ཀློག་ནུས་པ་དང་སྨྱན་སྦྱོར་རིགས་ལ་འབྲེལ་འདྲིས་བྱེད་ཚད་ཇེ་མང་དུ་ཕྱིན་པ་དང་བསྟུན། མི་སྒེར་ཀྱི་ཆ་ནས་སྔར་བས་རང་བཙན་རང་བདག་ཏུ་གྱུར་ཅིང་“ཁྱོ་ག་དང་ཕ་མའི་ཚིག་མི་བརྩི”བར་ཆགས་ཏེ་ཁྱིམ་ཚང་འགལ་བ་ཇེ་དྲགས་སུ་གྱུར་ཡོད། ཡུལ་དེ་དག་ཏུ་བུ་མོ་མང་པོའི་གཉེན་སྒྲིག་ནི་ཕ་མས་བཀོད་སྒྲིག་བྱས་ཤིང་ཁོ་ཚོར་རང་ཉིད་ཀྱི་ཕུགས་འདུན་ཡོད་ནའང་། རང་ཉིད་ལ་རྒྱབ་སྐྱོར་བྱེད་པའི་ཁྱོ་ག་ཞིག་དང་འཕྲད་ཐུབ་ཀྱི་མེད་ལ། སྐབས་ལ་ལར་ཐ་ན་རང་གི་ཕ་མས་ཀྱང་རྒྱབ་སྐྱོར་མི་བྱེད་པས། ཁོ་ཚོ་ནི་དཀའ་ཚེགས་ཆེ་བའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཁོར་ཡུག་ཅིག་གི་འོག་ཚུད་ཡོད་ཅིང་། ཅི་ནུས་ཀྱིས་ཐར་བའི་ལམ་ཞིག་བཙལ་ན་ཡང་གེགས་རྐྱེན་མང་པོའི་འོག་རེ་ཐག་ཆད་དེ་འཆི་བའི་ལམ་འདི་བདམས་པ་རེད།


   རྒྱ་གར་གྱི་སྐྱེས་པའི་ཁྲོད་བུད་མེད་ལ་བརྩི་འཇོག་གི་འདུ་ཤེས་ཡོད་མཁན་ཤིན་ཏུ་ཉུང་ཞིང་ཐ་ན་རང་ཉིད་ཀྱི་ཆུང་མ་ལ་ཡང་དྲག་ཤུགས་ཀྱིས་གཅར་བ་སོགས་བྱེད། སྤྱི་ལོ་༢༠༡༦ལོའི་ཟླ་༣པར་དབྱིན་ཇིའི་གསར་འགྱུར་དུ་གནས་ཚུལ་ཞིག་སྤེལ་བ་དེར། རྒྱ་གར་གྱི་བུད་མེད་ཕི་ལི་གཡང་ཁཱ་རང་ཉིད་ཀྱི་སྡོད་ཁང་ནས་རང་ཤི་བརྒྱབ་པ་དང་། རང་ཤི་མ་བརྒྱབ་པའི་སྔོན་ལ་ཁྱོ་ག་དང་ཁ་འཛིང་དྲག་པོ་བྱས་ཡོད་འདུག ཁོ་མོའི་ཁ་ཆེམས་ཡི་གེ་རུ་གཉེན་སྒྲིག་མ་བྱས་གོང་ཁྱོ་གས་ཆུང་མ་དང་པོ་དང་ཕྲུ་གུ་གཉིས་ཡོད་པ་གཏན་ནས་བཤད་མེད་ཅིང་། ཏག་ཏག་ཉིན་འགའི་སྔོན་ལ་ཁྱོ་གས་གློ་བུར་དུ་ཕྲུ་གུ་གཉིས་བོས་ཏེ་དུས་ཆེན་ཞིག་ཏུ་ལྷན་འཛོམས་བྱས་ཡོད་པས། དེ་ནི་དོན་རྐྱེན་འདིའི་འབྱུང་རྐྱེན་གཙོ་བོ་རུ་གྱུར་བ་ཡོད།  མོའི་ཁྱོ་གས་ཁོ་མོར་གཅར་རྡུང་དང་མནར་གཅོད་གང་མང་བྱས་པས་མི་ཚད། ད་རུང་བྷང་ག་ལ་རུ་བཙན་གཡེམ་གྱི་ཉེས་དོན་ཡང་བསགས་ཡོད་འདུག མོའི་ཁ་ཆེམས་ཡི་གེ་རུ“གཉེན་སྒྲིག་ནི་མི་ཚེའི་ནོར་འཁྲུལ་ཆེན་པོ་དེ་ཡིན་ཞིང་། ཁྱོ་ག་ནི་འཇིགས་སུ་རུང་།”ཞེས་བྲིས་ཡོད་པ་རེད།


     “བུ་མོའི་མནའ་སྐལ་རྩོད་གླེང་”ནི་རྒྱ་གར་ཡུལ་གྱི་ཁྱད་ཆོས་ལྡན་པའི་རང་ཤི་རྒྱག་པའི་དོན་རྐྱེན་གྱི་འབྱུང་གཞི་ཞིག་ཡིན། རྒྱ་གར་དུ་བུ་མོ་མནའ་མར་བསྐྱལ་དུས་མནའ་སྐལ་འབོར་ཆེན་ཞིག་མ་བཏང་ན་ཕ་རོལ་ཁྱོ་གའི་ཁྱིམ་ནས་གོ་ས་འཛིན་དཀའ་བ་རེད། ཁྱིམ་ཚང་ཕལ་བ་ཞིག་གིས་བུ་མོའི་མནའ་སྐལ་གྱི་ཆེད་དུ་ཚེ་གང་བོར་སྡུག་མྱངས་དགོས་ཤིང་། བུ་མོའི་མནའ་སྐལ་གྱི་ཆེད་དུ་ཁྱིམ་གཞིས་བརླགས་པའང་ཡོད། སྡོམ་རྩིས་བྱས་པ་ལྟར་ན་རྒྱ་གར་དུ་ལོ་རེར་བུད་མེད་༩༠༠༠ལྷག་མནའ་སྐལ་ཁྱོ་གའི་ཁྱིམ་གྱི་ཚད་དུ་མ་ལོངས་བར་རང་སྲོག་ཤོར་གི་ཡོད་པ་དང་། ད་ལྟའི་བར་ད་རུང་ཡང་བུ་མོ་ལ་ལ་མནའ་སྐལ་གྱི་ཆེད་དུ་གསོན་བསྲེགས་བྱས་པའི་གནས་ཚུལ་ཡང་བྱུང་ཡོད།

  སྤྱི་ལོ་༢༠༡༥ལོའི་ཟླ་༡༢པར་རྒྱ་གར་གསར་འགྱུར་དུ་གནས་ཚུལ་ཞིག་སྤེལ་བ་ལྟར་ན།  ལོ་ན་༢༥ཡིན་པའི་ཕི་ལ་ཐྲི་ཧྲ་ཡིས་ལོ་གཉིས་ཅན་གྱི་ཕྲུ་གུ་ཁྱིམ་ནས་བསྐྱུར་རྗེས་གཡང་ལ་མཆོངས་ཏེ་རང་སྲོག་བཅད་པ་ཡོད་པ་དང་། རྒྱུ་རྐྱེན་ནི་ཁོ་མོའི་མནའ་སྐལ་ཁྱོ་གའི་ཁྱིམ་གྱི་ཚད་དུ་མ་ལོན་པས་ཁྱོ་ག་དང་སྒྱུག་པོ་སྒྱུག་མོས་མནར་གཅོད་གང་མང་བྱས་པ་དང་མཐར་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་སྟེ་རང་སྲོག་བཅད་པ་ཡིན་འདུག


  སྤྱི་ལོ་༢༠༡༤ལོའི་ཟླ་༡༢པར་རྒྱ་གར་སྦྲག་ཚགས་དང་པོ་རུ་གནས་ཚུལ་ཞིག་སྤེལ་བ་ལྟར་ན། ལོ་ན་༢༤ཡིན་པའི་རྒྱ་གར་གྱི་བུད་མེད་ཁི་རིས་སི་ནཱ་གཉེན་སྒྲིག་བྱས་ནས་ཟླ་བ་༡༠ཡི་རྗེས་སུ་རང་ཁྱིམ་ནས་རང་སྲོག་བཅད་ཡོད་པ་དང་། རྒྱུ་མཚན་ནི་ཁྱོ་གའི་ཁྱིམ་ནས་མནའ་སྐལ་གྱི་དོན་དུ་མནར་གཅོད་གང་མང་བྱས་ཤིང་། མཐར་འགྲོ་ས་འདུག་ས་མེད་པར་གྱུར་ཏེ་རང་སྲོག་བཅད་པ་དང་།  ཕྱིས་སུ་ཁྱོ་གའི་བཟའ་མི་ཡོངས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག


    ཡང་སྤྱི་ལོ་༢༠༡༣ལོའི་ཟླ་༩པའི་ཚེས་༢༢ཉིན་སྨྱན་སྦྱོར་ལམ་དུ་སྤེལ་བའི་གནས་ཚུལ་ཞིག་སྟེ། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཕ་ཁུ་སི་ཐན་རུ། མིང་སྲིང་ལྔ་ཡོད་པ་ཁྱིམ་གྱི་འབྱོར་བ་ཤིན་ཏུ་ཞན་པས། ཁྱིམ་ནས་མནའ་སྐལ་འབོར་ཆེན་གཏོང་ཐབས་བྲལ་ཕྱིར་བུ་མོ་ལྔ་བོ་གྲོས་མཐུན་ཏེ་ལྷན་ཅིག་ཏུ་གཙང་བོར་མཆོངས་ཡོད་འདུག དེ་ལས་བུ་མོ་ཆུང་བ་བསྐྱབས་ཐུབ་བྱུང་བ་དང་གཉིས་ཤི། གཞན་གཉིས་རྙེད་མེད་པ་རེད། 


   མེ་ཡས་ཀྱིས་བཤད་ན་རྒྱ་གར་སྨྱན་སྦྱོར་གྱིས་གཉེན་སྒྲིག་བྱས་ཟིན་པའི་བུད་མེད་རང་ཤི་རྒྱག་པའི་དོན་རྐྱེན་སྐོར་ལན་རེར་སྤེལ་སྲིད་པ་དང་། དེ་དག་ཀྱང་ཕལ་ཆེ་བ་ནི་བུད་མེད་གང་དེ་ཁྱོ་ག་དང་སྒྱུག་པོ་སྒྱུག་མོས་མནར་གཅོད་བཏང་བའམ་ཡང་ན་མནའ་སྐལ་གྱི་སླད་དུ་རྩོད་གླེང་ཤོར་བ་ཁོ་ན་ཙམ་རེད། དེ་ལས་མཐོང་ཐུབ་པ་ཞིག་ནི་གསར་འགྱུར་དེ་དག་ཏུ་བརྗོད་པ་ནི་ཕྱིའི་རྣམ་པ་རྐྱང་རྐྱང་ཙམ་ལས་མ་འདས་ཤིང་། རྒྱུས་ལོན་དང་བརྟག་དཔྱད་ཟབ་མོ་བྱས་པ་ཅི་ཡང་མེད་པ་རེད། གསར་འགོད་པ་དང་ཞིབ་འཇུག་པ་བཅས་ཡིན་པའི་ཧྲ་ཨར་མཱ(Kalpana Sharma)ཡིས་བཤད་ན། གསར་འགྱུར་དུ་སྤེལ་བ་ཉུང་དྲགས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་རྒྱ་གར་སྨྱན་སྦྱོར་ཚན་པས“བུད་མེད་ལ་མཐོང་ཆུང་”བྱས་པས་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་བྱ་སྤྱོད་འདི་ནི་བུད་མེད་ལ་སྡང་བའི་དོན་དག་དངོས་ལས་ཀྱང་སྐྱོ་འོས་པ་ཞིག་རེད། དེ་དག་གིས་བུད་མེད་དང་འབྲེལ་བའི་གཏམ་གླེང་ལ་རྩད་ཞིབ་རྩ་བ་ནས་བྱས་མེད་པ་མ་ཟད། གནད་དོན་ཆེན་པོ་ཞིག་སྤྱི་ཚོགས་ཡོངས་སུ་ཁྱབ་ཀྱིན་པའང་ཚོར་མེད།  དེ་བས་རྒྱ་གར་གྱི“རེ་ཐག་ཆད་པའི་བུད་མེད་”ཀྱི་གནས་བབ་ལ་ཁ་ཚ་དགོས་གཏུག་གིས་ཞིབ་འཇུག་དང་ཐར་འདོན་བྱེད་དགོས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/8/26
དོག་དག་འདི་ནི་ཆེས་འཇིགས་སུ་རུང་བ། འདི་དག་ལ་ནང་ཆོས་མེད་པའམ་ཡང་ན་བསམ་བློ་མ་བཏང་བས་ཡིན་རྒྱུ་རེད་དམ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41281546
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1