<<འཚོ་བའི་ཁ་དོག>>
____________སི་ཁྲོན། ཕ་ལམ་དམར་པོ།
ཁ་ཆར་འདྲེས་མས་རི་ཆུ་ལ་ཞལ་ཁྲུས་བྱེད་པའི་དབྱར་མཇུག་དེར། སྡོང་ལོའི་བསིལ་གྲིབ་ན་གནས་མལ་འཆའ་བའི་བྱེའུ་ཁྱུ་དག་ཚང་ནས་ལོག་སྟེ་ཞིང་གྲོང་གི་རྩྭ་ལྡུམ་རེ་རེའི་གམ་དུ་བཅར་ཏེ་ཅི་ཞིག་ཁེར་ལབ་རྒྱག་གིན་འདུག བར་མཚམས་དེེར་གནས་དེའི་ཉེ་འཁོར་གྱི་ཡུལ་མི་རྒན་གཞོན་ཚོ་ཞིང་ལས་ཀྱི་ངལ་ཏེ་ཁོ་ཚོའི་ངོ་གདོང་ནག་རོག་གེ་བ་དག་ལས་ཉི་འོད་བསྡེབ་པའི་རྔུལ་ཆུའི་ཟེགས་མ་སྙེ་མའི་ཕོན་པོ་དག་ཏུ་འཕྱོ་བཞིན་ལས་གླུ་ཀྱག་ཀྱོག་རེ་གྱེར་གྱིན་ཞིང་ལས་ལ་འཇུག་སྐབས། ཁོང་ཚོའི་ཁྲོད་ཀྱི་ལོ་ན་ཆུང་ཞིང་ནུས་ཤུགས་ཞན་པོ་ཅན་གྱི་ཞིང་ལས་ལ་དྲག་ཏུ་བརྩོན་གྱིན་པའི་བུ་མོ་གཡང་སྐྱིད་ཟེར་ཡ་དེ་ནི་ཞིང་གྲོང་ནས་འཚར་ལོངས་བྱུང་བའི་བུད་མེད་ཁེར་འདུག་བགྲེས་པོ་ཞིག་གི་བུ་མོ་ཡིན་པས། ནམ་རྒྱུན་སྟོན་ཟླ་མགོ་མ་ཚེས་པ་དང་དུས་མཚུངས་སུ་མོས་མ་རྨོས་ལོ་ཏོག་འགའ་དང་ཀུ་ཤུ་སླེ་བོ་གང་རེ་ཁུར་ནས་ཉིན་རེ་བཞིན་ལེ་དབར་བཅུ་ཕྲག་ལྷག་བརྒལ་ནས་མི་ཚོགས་ཀྱི་འཚང་ཁ་ཤིག་ཤིག་བྱེད་སའི་ཆེས་འདུ་འཛི་ཆེ་བའི་ལྷ་བྲག་རྫོང་ཞེས་པའི་གྲོང་གསེབ་དེར་ཚོང་བྱེད་དུ་འགྲོ་དགོས། ཉིན་ཞིག་ཁོོ་མོ་གནས་དེར་སླེབས་ཏེ་ཤིང་ཐོག་དང་སྔོ་ཚོད་བཙོང་བར་རྩོམ་པའི་ཚེ་གདུབ་བཞི་རྟགས་ཅན་གྱི་རླངས་འཁོར་ནག་པོ་སྐོར་མཁན་གྱི་ན་གཞོན་ཝ་ཡི་སྤུ་མདོག་ལྟ་བུའི་སྐྲ་ལོ་དམར་སྐྱ་ཐུང་ངུ་ཞིག་གཡས་ཕྱོགས་སུ་ཤད་ཅིང་དཔུང་པ་གཡས་གཡོན་དུ་འབྲུག་དང་སྦྲུལ་གྱི་རི་མོ་བྲིས་པ། ཁོག་སྟོད་ལ་རྒྱ་ནང་དཀར་པོ་ཕུ་ཐུང་ཞིག་གྱོན་ཞིང་སྨད་དུ་རྫི་དོར་རལ་བོ་དར་ལྕོག་རླུང་གིས་བསེད་པ་ལྟ་བུའི་བརླ་ཤ་དང་པུས་མོ་དག་ཀྱང་འབུད་ལ་ཁད་བྱས་པ་གྱོན་མཁན་གྱི་ཕོ་གསར་སྣང་བ་དགོང་ལས་མཐོ་བ་ཞིག་དལ་གྱིས་ཁོ་མོའི་གམ་དུ་སླེབས་ནས་ཚོང་རྫས་དག་གི་རིན་གོང་ཞིབ་ཕྲའི་སྒོས་ལན་གཅིག་དྲིས་ཏེ་ཅུང་ཙམ་བསྡད་ནས་སླར་མི་ཚོགས་ཀྱིས་འུར་ཟིང་བྱེད་སའི་གྲོང་དཀྱིལ་དུ་ཕྱིར་ལོག་པ་ན། གཡང་སྐྱིད་ཀྱི་སེམས་སུ་ན་གཞོན་འདིའི་ཅ་དངོས་གང་ཡང་མི་ཉོ་བར་ཁོ་མོའི་གམ་ནས་འདི་འདྲའི་ཡུན་རིང་ཞིག་ལ་ཁ་གཙེས་ནས་འདུག་དོན་ཅི་ཡིན་སྙམ་སྟེ་བསམ་གཞིག་གི་རྒྱ་རུ་ཚུད།
ཉིན་དེའི་ཕྱི་ཉིན་ཡང་གཡང་སྐྱིད་སྔར་བཞིན་ལེ་དབར་དུ་མ་བརྒལ་ནས་ཚོང་རར་སླེབས་ཏེ་ཚོང་བྱས་ནས་ཅུང་ཙམ་འགོར་བ་ན་ཁ་སང་ཁོ་མོར་ཚོང་རྫས་ཀྱི་རིན་གོང་འདྲི་མཁན་དེ་ཁོ་མོའི་གམ་དུ་འོང་ནས་མིག་མཐར་བརྩེ་བའི་མདངས་ཤིག་མངོན་བཞིན་འཛུམ་ཆུང་ཞིག་བྱས་ནས“ཨ་རོགས་བུ་མོ་ང་ལ་ཀུ་ཤུ་རྒྱ་མ་འགའ་ཚོངས་དང”ཞེས་ལབ། གཡང་སྐྱིད་ནི་རང་ཉིད་ཞིང་གྲོང་ནས་ཡིན་པ་དང་བུད་མེད་ཁེར་འདུག་དབུལ་བོ་ཞིག་གི་བུ་མོ་ཡིན་རྐྱེན་ད་སྔོན་གཞན་གྱིས་མཐོང་ཆུང་དང་དམའ་འབེབ་བྱེད་རྒྱུ་མང་དྲག་པས་ན་ཞིང་གྲོང་གི་བུ་མོ་གཞན་དག་ལས་ཀྱང་ཧ་ཅང་ཉམ་ཆུང་ཞིག་ཡིན། དེའི་རྐྱེན་བསོད་ནམས་ཀྱིས་སྔར་བསྟན་པའི་རྣམ་འགྱུར་དེས་ཅུང་དོགས་མི་བདེ་བར་གྱུར་པས་བསོད་ནམས་ཀྱི་སྐད་ཆ་དེ་གསལ་བོར་མ་ཐོས་པར་སྐད་དམའ་མོའི་ངང“སྐུ་ཞབས་ཉིད་ཀྱིས་ཅི་ཞིག་ཉོ་རྒྱུ་ཡིན”ཞེས་དྲིས། བསོད་ནམས་ཀྱིས་ཡང་བསྐྱར་འཛུམ་ཆུང་ཞིག་བྱས་ནས“ང་ལ་ཀུ་ཤུ་རྒྱ་མ་འགའ་ཚོངས་དང”ཞེས་ལབ་ཞོར་དུ་གཡང་སྐྱིད་ཀྱི་ངོ་གདོང་ལ་ལྟ་ཙམ་བྱས་པ་ན། བསོད་ནམས་ནི་དུས་རྒྱུན་ཕོ་གསར་སྣང་བ་སྣ་མགོ་དང་གཡག་གསར་སྣང་བ་རྭ་མགོ་ཞེས་པའི་དཔེ་ལྟར་ཁ་ཕོ་མཐོ་ཞིང་སྣང་བ་སྣ་རྩེ་ན་ཡོད་མཁན་ཞིག་ཡིན་ནའང་ཉིན་དེར་ཁོ་ནི་ཞིང་གྲོང་ནས་འཚར་ལོངས་བྱུང་བའི་བུད་མེད་གཞོན་ནུ་མ་དེའི་སྒེག་ཉམས་ཀྱིས་སྤྲས་པའི་ཆེས་མཛེས་སྡུག་ལྡན་པའི་བཞིན་གྱི་ཆ་དབྱིབས་དེ་དང་། ཞི་འཇམ་བབ་ཆགས་ཀྱི་གཤིས་ཀ་དེས་བསླུས་ཏེ་རང་དབང་མེད་པར་སྐར་མ་འགར་གཡོ་འགུལ་ཙམ་ཡང་མི་བྱེད་པར་གཡང་སྐྱིད་ཀྱི་གདོང་ལ་ཅེར་ནས་ལུས། དྲང་པོར་ལབ་ན་རྒྱུ་རྐྱེན་གཞན་གང་ཡང་མེད་མོད་འོན་ཀྱང་བསོད་ནམས་དེ་འདྲའི་ཡུན་རིང་ཞིག་ལ་ཧད་ནས་ལུས་དོན་ནི་ཁོའི་སེམས་སུ་འཇིག་རྟེན་འདིར་གཤིས་ཀ་དང་སྐྱེས་གཟུགས་ན་ཚོད་སོགས་ཕྱོགས་ཡོངས་ནས་ཁོ་མོར་འགྲན་པ་ཞིག་ཕལ་ཆེར་ཡོད་ཚོད་མ་རེད་སྙམ་པས་རེད། དེ་ནས་གཡང་སྐྱིད་ཀྱིས“ཡ་ཡ་གོ་སོང”ཞེས་ལབ་ཞོར་དུ་སླེ་བོ་ལས་ཀུ་ཤུ་ལེགས་པོ་འགའ་བསལ་ནས་རྒྱ་མགོར་ལེན་བཞིན“སྐུ་ཞབས་ཁྱེད་ཀྱི་མིང་ལ་ག་རེ་འབོད། སྐུ་ཉིད་ས་གནས་འདི་གའི་ཡིན་ནམ་ད་བར་ལས་རིགས་ག་རེ་གཉེར་གྱིན་ཡོད”སོགས་དལ་གྱིས་དྲིས་པ་ན། བསོད་ནམས་ཀྱིས་ད་སྔོན་ཁོ་མོ་དང་འབྲེལ་བའི་བྱ་བ་མང་པོ་ཞིག་རང་གི་སེམས་སུ་ཤར་བ་དག་གློ་བར་དུ་དྲན་ནས་ཁོའི་དཀར་ཞིང་འཇམ་ཤ་ལྡན་པའི་གདོང་མདོག་དེ་དམར་ནག་བྱུར་རུ་འདྲ་བ་ཞིག་ཏུ་གྱུར་ནས་སེམས་ལ་འཚུབ་ཆ་ལང་བཞིན“ངའི་མིང་ལ་བསོད་ནམས་ཟེར་ང་རང་ས་གནས་འདིའི་གཞི་རིམ་ལས་བྱེད་དམག་དོན་ཧྲུའུ་ཅུ་རྒྱ་མཚོ་ཚང་གི་བུ་ཡིན། ང་རང་སྔོན་ཆད་སློབ་གྲྭར་སོང་ནས་སློབ་ཆུང་ནས་སློབ་འབྲིང་ལ་ཐུག་རག་བར་ནན་གྱིས་སློབ་སྦྱོང་བྱས་པ་ཡིན། དེ་ནས་སློབ་འབྲིང་འདོན་སྐབས་སུ་བསྟུད་མར་སློབ་གྲོགས་ཕྱུག་པོ་འགའ་དང་སྣང་བ་བརྩད་ནས་འཁོན་འཛིང་ལན་འགར་བྱས་རྐྱེན་ང་ཚོ་ཚང་མ་སློབ་གྲྭ་ནས་ཕྱིར་ཕུད་བཏང་བཞག ལོ་དེ་ནས་བཟུང་ང་རང་ཁ་ཕྱོགས་དང་དམིགས་ཡུལ་གང་ཡང་མེད་པ་ཞིག་ཏུ་གྱུར་སོང་བ་རེད་”ཅེས་གོང་གི་གཡང་སྐྱིད་ཀྱིས་དྲི་བ་དག་ལ་གཅིག་གཅིག་གཉིས་གཉིས་ཀྱིས་ལན་གསལ་བོར་བཏབ་པ་ན།
གཡང་སྐྱིད་ཀྱི་སེམས་སུ་ན་གཞོན་འདི་ཚོས་དེ་འདྲའི་སློབ་གྲྭར་འགྲིམ་པའི་གོ་སྐབས་ལེགས་པོ་ཞིག་རྙེད་ཀྱང་སློབ་གྲྭ་ནས་རིག་གནས་ལ་སྦྱང་བ་མི་བྱེད་པར་གསེར་ལས་དཀོན་པའི་དུས་ཚོད་དེ་ཐོབ་བྱ་གང་ཡང་མེད་པར་འཕྲོ་བརླག་བྱས་པར་ཅི་འདྲའི་ཕངས་པ་ལ་སྙམ་ནས། སེམས་ཅུང་ཙམ་སྐྱོ་བའི་ངང་ནས་ཧ་གོ་སོང་བའི་བརྡ་རུ་མགོ་བོ་ནང་དུ་གུག་ཙམ་བྱས་ནས་ཅི་ཡང་མི་སྨྲ་བར་དོན་དག་འགང་ཆེན་ཞིག་ལ་བསམ་བློ་གཏོང་གིན་ཨེ་ཡོད་སྙམ་པའི་ཉམས་ཀྱིས་ཅུང་ཙམ་ཞིག་ལ་བསྡད་ནས་ལག་པ་གཡས་པས་རང་གི་མགོ་བོ་འཕྲུག་ཞོར་དུ“དེ་ན་ཁྱེད་ཀྱི་དེ་ནས་བཟུང་སློབ་གྲྭར་འགྲོ་བའི་གོ་སྐབས་ཨེ་རག་མ་བལྟས་སམ”ཞེས་སྨྲས། བསོད་ནམས་ཀྱིས་གཡང་སྐྱིད་ལ་བལྟས་པ་ན་ཁོ་པ་སློབ་གྲྭར་འགྲོ་མ་ནུས་པར་ཕངས་སེམས་སྐྱེས་ཀྱིན་ཡོད་པ་མཐོང་ནས་སེམས་ཅུང་ཙམ་འཚབ་ཏེ། ཁོའི་ཡ་ཐོད་ཀྱི་སྟེང་དུ་སྤེན་མ་སྐམ་པོ་ཞིག་གི་རྩ་བ་དང་འདྲ་བའི་རྩ་ཕྲན་འགའ་བྲུག་བཞིན་དགོད་ཞོར་དུ“ང་རང་སྔོན་འགྲོ་སའི་རང་རྫོང་གི་སློབ་འབྲིང་སློབ་གཙོ་རྒན་ཚེ་རིང་ལགས་ལ་ངེད་ཚང་གི་ཨ་ཕས་ང་རང་ཕྱིར་སློབ་གྲྭར་བསྡུ་བར་རེ་ཞུ་ལན་དུ་མར་བྱས་པ་མ་ཟད་དངུལ་སྒོར་གྱི་འགྲོ་གྲོན་ཡང་མང་ཙམ་གཏོང་གྲབ་བྱས་ཀྱང་། རྒན་ཚེ་རིང་ལགས་ནི་དེང་དུས་ཀྱི་གཞི་རིམ་ལས་བྱེད་གཞན་དག་དང་མི་འདྲ་བར་དངུལ་སྒོར་ལས་དྲན་རྒྱུ་མེད་མཁན་ཞིག་མིན་པ་མ་ཟད་རང་གི་བྱ་བ་གང་བསྒྲུབ་ཀྱང་འགན་ཁུར་གྱི་འདུ་ཤེས་བརྟན་པོ་ཡོད་མཁན་ཞིག་ཡིན་རྐྱེན་ཁོང་གིས་ངའི་ཨ་ཕའི་སྐད་ཆ་དག་དང་ལེན་བྱས་མ་སོང”ཞེས་ལབ། དེ་ནས་ཁོང་གཉིས་ཀྱི་ཕན་ཚུན་ལ་དེ་འདྲའི་སོ་སོའི་གནས་ཚུལ་གྱི་ཕྱོགས་ནས་དགོས་ཡོད་མེད་ཀྱི་ཁ་བརྡ་མང་ཙམ་བྱས་མཐར་ཉི་མ་དམར་ཐག་ཆད་འདུག་པས་རང་རང་གི་སར་སོང་།
ཉིན་དེ་ནས་བཟུང་ཁོང་གཉིས་ཕན་ཚུན་ལ་ཧ་ཅང་ཆ་རྒྱུས་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་གིས་བསླུས་ཏེ་ཉིན་རེ་ནས་ཉིན་རེ་བཞིན་ཕན་ཚུན་ལ་འབྲེལ་བ་ཇེ་ཆེ་དང་བརྩེ་བ་གཏིང་ཇེ་ཟབ་དུ་སོང་ནས་སོ་སོར་འབྲལ་མི་ཕོད་པ་ལྟ་བུ་ཞིག་ཏུ་གྱུར། བསོད་ནམས་ལ་རང་གིས་སློབ་བཤོལ་བྱས་པའི་ཉིན་དེ་ནས་བཟུང་ཁོའི་ནུ་བོ་སྐར་མ་བཀྲ་ཤིས་ལགས་སྔ་དྲོ་སློོབ་གྲྭར་སྐྱེལ་རྒྱུ་དང་དགོང་མོ་ཕྱིར་རང་ཁྱིམ་དུ་བསུ་རྒྱུ་ལས་གཞན་ལས་ཀ་གང་ཡང་མེད་རྐྱེན་ནམ་རྒྱུན་སྲང་ལམ་ནས་གཡང་སྐྱིད་འོང་བར་ངང་སྒུག་བྱས་ནས་འདུག་ལ། ཁོ་མོ་སླེབ་རྗེས་ཉིན་གང་བོར་ཁོ་མོ་ལ་ཚོང་ལས་གཉེར་རོགས་དང་ཁ་བརྡ་ལབ་རོགས་སོགས་བྱེད་ཀྱིན་ཡོད། གཡང་སྐྱིད་ཀྱིས་ཀྱང་བསོད་ནམས་ངོ་ཤེས་པ་ནས་བཟུང་ནམ་རྒྱུན་མོའི་ཨ་མ་ལགས་ལ་གསོལ་ཇ་བྲེལ་མྱུར་གྱི་ངང་དྲངས་ནས་ལམ་བར་དུ་ལེ་དབར་བཅུ་ཕྲག་ལྷག་ཙམ་ལ་ངལ་གསོ་ཞིག་ཀྱང་མི་བྱེད་པར་གོམ་ཆེན་དང་གོམ་ཆུང་ཟུང་སྦྲེལ་ནས་བསོད་ནམས་དང་མགྱོགས་མྱུར་ངང་འཕྲད་པར་རེ་སྙེག་བྱེད་སྲིད། ཁོང་གཉིས་མཉམ་འཛོམས་བྱུང་སྐབས་མང་ཕྱོགས་སུ། གཡང་སྐྱིད་ནི་དཀའ་ངལ་ལ་མི་འཛེམ་པར་བྲེལ་མྱུར་གྱི་ངང་ས་ཐག་རིང་པོ་ནས་བརྒྱུགས་ཡོང་བས་ན་མོའི་སྐམ་ཞིང་རིད་པའི་ལུས་ཟུང་ལས་དངུལ་ཆུ་རྡོལ་ནས་ཁ་དོག་སྔོ་ནག་ཅན་གྱི་བལ་སྐུད་ཀྱིས་བསླེས་པའི་སྟོད་ལྭ་དེ་དང་། རས་རྐྱང་གི་གྲུབ་པའི་ཉི་ཤམ་འོག་གི་ནང་དོར་དག་ཀྱང་རློན་པར་གྱུར་ཏེ་ལུས་ཡོངས་ལ་འབྱར་ནས་ཡོད། དེ་ལྟར་ཕན་ཚུན་ལ་འདང་བརྩེ་ཧ་ཅང་ཆེ་བའི་ན་གཞོན་འདི་གཉིས་ཀྱི་མིག་མདུན་གྱི་སྟོན་ཟླ་གསུམ་པོ་ནི་སྐད་ཅིག་མ་ཙམ་ལ་འཇའ་ལྟར་ཡལ་སོང་།
དེ་ནས་དགུན་ཟླ་དང་པོ་ཚེས་པ་ནས་ཉིན་རེ་བཞིན་ཇེ་འཁྱག་ནས་ཇེ་འཁྱག་ཏུ་སོང་བ་ན་གཡང་སྐྱིད་ཀྱི་ཨ་མ་སྟེ་ཨ་ནེ་སྒྲོན་དཀར་ལགས་ཀྱིས་གཡང་སྐྱིད་ལ“ད་ནས་བཟུང་ཁྱེད་རང་ཚོང་བྱེད་དུ་འགྲོ་མི་དགོས”ཞེས་ནན་གྱིས་ལབ། གཡང་སྐྱིད་ལ་མཚོན་ན་ལྷ་བྲག་རྫོང་མཁར་གྱི་གྲོང་གསེབ་ཏུ་ཚོང་བྱེད་པར་འགྲོ་འདོད་ཧ་ཅང་ཡོད་ནའང་མོའི་ཨ་མ་ལགས་ཀྱི་བཀའ་བཅག་མ་ནུས་པར་སེམས་པ་སྨྲེང་བཞིན་རང་ཁྱིམ་དུ་ལུས། དགུན་གཞུང་དེར་གསེར་མདོག་གི་རེ་ཁ་བཀྲ་བའི་རི་བོ་དག་གིས་ཀྱང་ཁ་བའི་ལ་ཐོད་དཀྲིས་ཏེ་འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་གསར་བུ་འུར་རྐྱལ་ཞིག་གིས་གུས་ཞྭ་གྱོན་ནས་བརྗིད་ཉམས་ཀྱིས་འགྱིང་བ་དང་འདྲ་བར་སྟོབས་སྟོབས་འདྲ་ཞིག་བྱས་ནས་ཚུར་འཁོར་འདུག་ལ། ད་དུང་གཞན་སྐད་ཅིག་ཀྱང་མི་སྡོད་པར་ལྷུང་ལྷུང་དུ་བཞུར་གྱིན་པའི་ཆུ་ཕྲན་དག་གིས་ཀྱང་བུད་མེད་ཚོའི་བག་ལྭ་ལྟ་བུའི་དཀར་ཞིང་འོད་མདངས་བཀྲ་བའི་ནབ་བཟའ་རེ་གསོལ་ནས་འདུག
སྐབས་དེར་དགོད་སླ་ལ་ངུ་རྐྱེན་པའི་གཡང་སྐྱིད་ནི་མཛའ་གྲོགས་དང་བྲལ་བའི་སྐྱོ་གདུང་གིས་མནར་ཏེ་ཉིན་མོར་ཟ་མ་རུ་ཡིད་ཀ་མེད་ལ་མཚན་མོར་གཉིད་མི་ཁུག གལ་ཏེ་མཚམས་མཚམས་སུ་ཅུང་ཙམ་གཉིད་ནའང་རྨི་ལམ་རབ་རིབ་ཅིག་དུ་བསོད་ནམས་དང་མཉམ་དུ་བསྡད་ནས་ཁོའི་ལྷད་མེད་དྭངས་གཙང་གི་མིག་མདངས་དང་ཁ་ཁོག་མཐུན་པའི་སྙིང་གཏམ་དེས་ཁོང་གཉིས་ཀའི་འགྱུར་མེད་ཀྱི་དུང་སེམས་ལ་བཀྲག་མདངས་སྤྲས་པ་རྨིས་ཀྱིན་ཡོད། གཡང་སྐྱིད་ནི་འཇིག་རྟེན་འདིར་སླེབ་ནས་བརྩེ་དུང་གི་གཟེབ་ཏུ་ཚུད་པའི་མྱ་ངན་དང་འཕྲད་པ་ཐེངས་དང་པོ་ཡིན་པར་མ་ཟད། མོའི་ཉེ་འཁོར་དུ་ལྐོག་གྱུར་གྱི་སྐྱོ་གདུང་དང་མིག་ཆུ་འདི་སུ་ཞིག་གི་ཆེད་དུ་བཞུར་བ་ཡིན་ཙམ་རྟོགས་མཁན་གྱི་ཐ་ན་མོའི་གློ་བ་ཉེ་སར་བཅར་ནས་སེམས་གསོ་བྱེད་མཁན་ཞིག་ཀྱང་མེད་པ་དེ་ནི་མོར་མཚོན་ན་སེམས་ཁུང་ན་ལྷོག་ལྷོག་ཏུ་གདུ་བའི་ན་ཟུག་ཆེས་ཆེ་ཤོས་ཤིག་རེད། འོན་ཀྱང་བསོད་ནམས་ཀྱིས་གཡང་སྐྱིད་ཀྱི་གནས་ཚུལ་གཅིག་ཀྱང་རྟོགས་མེད་རྐྱེན་ཁོ་ད་དུང་ཉིན་རེ་བཞིན་སྔོན་ཁོང་གཉིས་འདུག་སའི་ཚོང་ར་ཆུང་ཆུང་དེའི་སྒོ་འགྲམ་དུ་ཉིན་འདི་གར་ཁོ་མོ་ཚོང་རར་མི་འོང་དོན་ག་རེ་ཡིན་ནམ། མོ་ལ་ཨ་མ་བགྲེས་པོ་ཞིག་ཡོད་པ་དེ་ཅིག་ན་ཡི་ཡོད་པ་ཡིན་ནམ་ཡང་ན་མོ་རང་རྒྱུ་རྐྱེན་གློ་བར་བ་ཞིག་དང་འཕྲད་པས་ཡིན་སྙམ་གྱིན། གྱོན་ཆས་འགྲེམ་སྟོན་བྱེད་སྤྱད་ཀྱི་འགྱིག་གིས་བཟོས་པའི་མི་ཞིག་དང་འདྲ་བར་དྲང་པོར་འགྲེང་ནས་རང་གི་ཀླད་པར་འདྲི་རྟགས་མང་པོ་ཞིག་འབྲི་བཞིན། ཁོས་མཛའ་མོ་གཡང་སྐྱིད་ལགས་ཕེབས་པར་ངང་སྒུག་བྱས་ནས་བསྟུད་མར་ཉིན་བདུན་བརྒྱད་ཅིག་ལ་བསྒུག་རྗེས་ཁོ་བོ་ཡིད་ཆད་ནས་གཡང་སྐྱིད་ཅིའི་ཕྱིར་འོང་རྒྱུ་མ་རྙེད་པ་གསལ་བོར་མི་ཤེས་མོད་འོན་ཀྱང་བལྟས་ཚོད་ལ་ད་ནས་བཟུང་གནས་འདི་ནས་ཁོ་མོར་བསྒུག་ཀྱང་རུང་ལ་མ་བསྒུག་ཀྱང་ཆོག གང་ལྟར་རེ་ཞིག་གནས་འདིར་མོ་མི་འོང་ཁོ་ཐག་རེད་སྙམ་ནས་སེམས་མི་སྐྱིད་པའི་ཉམས་ཀྱིས་རང་ཁྱིམ་དུ་ལོག་པ་ན་ཁོའི་ཨ་མ་ལགས་ཀྱིས་སྔོ་ཚོད་འགའ་བརྔོས་ནས་དགུང་ཟས་བཟའ་བར་སྟ་གོན་བྱེད་གྲབ་འདུག་པས། ཁོ་བོ་ཇ་ཁང་དུ་ཕྱིན་ནས་ནམ་རྒྱུན་ཁོང་བཟའ་མི་ཚོས་ཇ་འཐུང་སྐབས་བརྔོས་ཚོད་དག་འཇོག་སའི་ཤེལ་གྱི་མདུན་ཅོག་དེའི་གམ་དུ་གོ་ལྤག་གིས་གྲུབ་པའི་འདུག་སྟེགས་ཁེན་ས་ཅན་དེའི་སྟེང་དུ་བསྡད་ནས་ཅུང་ཙམ་འགོར་བ་ན། ནང་མི་གཞན་དག་ཀྱང་ཅོག་ཙེ་གྲུ་བཞི་དེའི་མཐའ་འཁོར་དུ་འོར་གྱི་ལེར་བསྡད་ནས་ཚང་མས་ནུབ་ཟས་ལ་རོལ་མགོ་བརྩམས།
དེ་ནས་སྐར་མ་འགའི་རྗེས་སུ་བསོད་ནམས་ཀྱི་ཨ་ཕ་སྟེ་སྐུ་ཞབས་རྒྱ་མཚོ་ལགས་ཀྱིས་རང་གི་མཆུའི་གོང་འོག་ཏུ་སྐྱེས་པའི་སྨ་ར་ནག་ཁྱུག་གེ་བ་དེའི་གསེབ་ཏུ་འཚང་བའི་སིལ་བྱེ་དང་ཟན་སྣུམ་དག་མཛོ་མོ་རྐུན་མ་ཚོའི་མདུན་དུ་ཚྭ་ཁུག་གཡུག་པ་ལྟར་གཡས་ལྡག་ཡོན་ལྡག་འགའ་བྱས་ནས་ཕར་ལྟ་ཚུར་ལྟ་ཞིག་བྱས་ཏེ“ད་ཁྱེད་ཚོའི་མ་འུར་དང་ངས་ཁྱེད་ཚོར་དོན་དག་ཅིག་ཁྱབ་བསྒྲགས་བྱེད”ཅེས་ལབ། སྐབས་དེར་ཁོང་བཟའ་མི་ཚང་མས་མིག་དག་ཁྲ་རིག་རིག་དང་རྣ་བ་ཀྲོང་ཀྲོང་བྱས་ནས་ཁོའི་གདོང་ལ་ཅེར་ནས་ཉན་པ་ན་། “དེ་རིང་བརྩིས་པའི་ཉིན་གསུམ་གྱི་རྗེས་སུ་ང་ཚོ་ཕྱི་ལོགས་སུ་འཆམ་འཆམ་ལ་འགྲོ་དགོས་པས་ཚང་མའི་གྲ་སྒྲིག་ལེགས་པོ་བྱོས”ཞེས་ལབ་པ་ན། བསོད་ནམས་ལས་གཞན་བཟའ་མི་ཡོངས་ཀྱིས་སྐད་གསེང་མཐོན་པོའི་ངང“ཡ་ཡ་གོ་སོང”ཞེས་སྐྱུང་ཚང་ལ་རྡོས་བརྒྱབ་པ་དང་འདྲ་བར་འུར་ཆིལ་ལེར་སོང་། མཚམས་དེར་བསོད་ནམས་ཀྱིས་ང་ཕྱི་ལོགས་སུ་མ་ཕྱིན་པའི་སྔོན་དུ་རང་གི་རྨི་ལམ་ནས་ཀྱང་བརྗེད་མི་སྲིད་པའི་མཛའ་མོ་གཡང་སྐྱིད་དང་ལན་གཅིག་འཕྲད་སྲིད་དམ་སྙམ་ནས་རང་གི་ཡིད་ཀྱི་མེ་ལོང་ལ་སེམས་ཁྲལ་ཆེན་པོ་ཞིག་གི་དབུ་འཁྱུད་བྲིས།
དེའི་ཕྱི་ཉིན་གཡང་སྐྱིད་ཀྱིས་ཨ་ནེ་སྒྲོན་དཀར་ལགས་ལ“ཁོ་མོ་ཉེ་ལམ་ཅུང་ཙམ་ན་ཡི་འདུག་པས་ང་རང་སྨན་ཁང་དུ་གཅིག་སོང་ན་ཆོག་གམ”ཞེས་དགོངས་གནང་ཞུས་པ་ན། ཨ་ནེ་སྒྲོན་དཀར་ལ་འཐད་པ་བྱུང་ནས“ཁྱེད་རང་རེ་མ་སོང”ཞེས་ལབ། དོན་དངོས་སུ་གཡང་སྐྱིད་སྨན་པར་སྟོན་དགོས་ངེས་ཀྱི་ཚབ་ཆེན་གང་ཡང་ན་ཡི་མེད་མོད། འོན་ཀྱང་ཁོ་མོ་རང་གི་མཛའ་བོ་བསོད་ནམས་ལ་ངོ་ཐུག་འདོད་ཞེ་དྲག་ཡོད་རྐྱེན་མོས་ཨ་མ་ལགས་ལ་དགོངས་གནང་ཞུས་པ་ཡིན་པས་ན། གཡང་སྐྱིད་ལ་མཚོན་ན་ཨ་ནེ་སྒྲོན་དཀར་གྱིས་ཁྱོད་སོང་ཆོག་ཅེས་ལབ་པ་དེ་ནི་གསེར་སྲང་སྟོང་གིས་མི་ཁུག་པའི་ནོར་བུ་ཞིག་རྙེད་པ་ལྟར་སེམས་དགའ་ཡ་ལེ་དང་སྣང་བ་སྤྲོ་སིང་ངེར་ལྷ་བྲག་རྫོང་མཁར་དུ་བསོད་ནམས་འཚོལ་བར་ཕྱིན། གཡང་སྐྱིད་ཤར་མར་སྔོན་ཁོང་གཉིས་ཀྱིས་སྔོ་ཚལ་བཙོང་སའི་གནས་དེར་སོང་ནས་ཉིན་ཕྱེད་ཙམ་ལ་བསྒུག་ཀྱང་བསོད་ནམས་གནས་དེར་ལར་ནས་མ་ཡོང་། དེ་ནས་མོའི་ཉེ་འགྲམ་གྱི་ཚོང་ཁང་ཆུང་ཆུང་དེའི་སྦྱིན་བདག་ཀྲོའུ་ཅེ་ལ་བསོད་ནམས་ཉིན་འདི་གར་གནས་འདིར་འོང་མིན་སོགས་ཞིབ་ཀྱིས་དྲིས་པ་ན། ཀྲོའུ་ཅེས་ཀྱང་བསོད་ནམས་ཀྱིས་མོ་ཉིན་བདུན་བརྒྱད་ཅིག་ལ་བསྒུག་ཚུལ་སོགས་ཞིབ་ཕྲའི་སྒོས་ལབ་པ་ན་གཡང་སྐྱིད་ནི་དགའ་སྐྱོ་གང་ཡིན་ཆ་མ་འཚལ་བའི་ཚོར་སྣང་ཞིག་གིས་དེད་ནས།
ཉིན་གང་བོར་དུས་རྒྱུན་ཁོང་གཉིས་ཀྱི་འགྲོ་ས་འདུག་ས་དག་དང་ཁོའི་ནུ་བོ་ཡོད་སའི་སློབ་གྲྭ་སོགས་མདོར་ན་ཕྱོགས་ཡོངས་ལ་ས་རུབ་རག་བར་བཙལ་ཀྱང་ཉིན་དེར་ཐ་ན་བསོད་ནམས་ཀྱི་གྲིབ་མ་ཙམ་ཡང་མ་རྙེད་པས་ན། མོས་སྔར་ལས་ཀྱང་ལྕི་བའི་སྐྱོ་གདུང་དང་ན་ཟུག་རི་འདྲ་བ་ཞིག་ཕྲག་ཏུ་ཁུར་ནས་སླར་རང་ཁྱིམ་དུ་ལོག མ་གཞི་བསོད་ནམས་ཉིན་དེར་རང་གིས་གཡང་སྐྱིད་ལ་བྲིས་པའི་འཕྲིན་ཡིག་དེ་སྐྱེལ་ཆེད་སྔར་ཁོང་གཉིས་འདུག་སའི་ཉེ་འཁོར་གྱི་ཀྲོའུ་ཅེའི་ཚོང་ཁང་དུ་འགྲོ་བའི་གྲ་སྒྲིག་ཡོད་ཀྱང་། ཁོའི་ནུ་བོ་དང་ཨ་མ་གཉིས་ལ་འཆམ་འཆམ་དུ་འགྲོ་བྱེད་ཀྱི་ཅ་ལག་ཉོ་བར་རོགས་བྱེད་དགོས་བྱུང་སོང་རྐྱེན་རང་གིས་བཀོད་སྒྲིག་ལྟར་འགྲོ་མ་ནུས། ཉིན་དེར་ཁོང་ཚོས་ཉིན་གང་བོར་སྲང་ཉུལ་བྱས་པའི་རྐྱེན་གྱིས་བསོད་ནམས་ས་མ་རུབ་བར་འཕྲིན་ཡིག་སྐྱེལ་དུ་འགྲོ་བའི་གོ་སྐབས་མ་རྙེད། ས་རུབ་པ་ན་ཁོའི་ནུ་བོ་དང་ཨ་མ་གཉིས་ཁྱིམ་དུ་བསྐྱལ་ནས་དགེ་སྦྱོང་བསམ་གཏན་པ་ཞིག་གིས་ཏིང་ངེ་འཛིན་ཡིད་བསྒོམ་པ་ལྟར་ཁོའི་སེམས་སུ་གཡང་སྐྱིད་ཁོ་ན་བསྒོམ་ནས་བདེ་སྐྱིད་སྲང་ལམ་གྱི་ནུབ་ཕྱོགས་བརྒྱུད་དེ་ཀྲོའུ་ཅེའི་མགྱོགས་ཟས་ཚོང་ཁང་དུ་ཕྲིན་ཡིག་སྐྱེལ་དུ་ཕྱིན། ཁོ་ཚོང་ཁང་དུ་ཕེབས་ནས་སྦྱིན་བདག་ཀྲོའུ་ཅེ་ཡི་ལག་ཏུ་འཕྲིན་ཡིག་དེ་བཞག་ནས“ཉེ་སྔོན་ཉིད་ཀྱི་ཚོང་ཁང་གི་སྒོ་འགྲམ་ནས་སིལ་ཏོག་བཙོང་མཁན་གྱི་བུ་མོ་ཆུང་ཆུང་དེ་འདིར་འོང་ན་མོ་ལ་འཕྲིན་ཡིག་འདི་སྟེར་རོགས”ཞེས་ལབ་པ་ན། ཀྲོའུ་ཅེས་བསོད་ནམས་ཀྱི་གདོང་ལ་བལྟས་ཏེ་དགོད་ཞོར་དུ“བུ་མོ་དེས་དེ་རིང་ཉིན་གང་བོར་གནས་འདིའི་སྲང་ལམ་ཆེ་ཆུང་ཕལ་ཆེ་བར་ཁྱོད་བཙལ་ཀྱང་མ་རྙེད་པར་ཅུང་ཙམ་གྱི་སྔོན་མོ་རང་ཁྱིམ་དུ་ལོག་སོང”ཞེས་ལབ་བྱུང་། བསོད་ནམས་ཀྱི་གཏམ་དེ་ཐོས་པ་ན་དགའ་སྐྱོ་གང་ཡིན་ཆ་མ་འཚལ་བའི་ཚོར་བ་དྲག་པོ་ཞིག་གིས་གཙེས་ནས་གོམ་པའི་འདེགས་འཇོག་འཁྱ་འཁྱོལ་བྱེད་ཀྱིན་རླངས་འཁོར་དུ་བསྡད་ནས་སླར་རང་ཁྱིམ་དུ་ཕྱིན་པ་ན། དོན་དེའི་སྐྱོ་གདུང་མ་བཟོད་པར་མིག་ཆུའི་ཐིགས་པ་འགའ་ཡང་མཁུར་ཚོས་བརྒྱུད་ནས་ཁང་རྙིང་དག་ལས་ཐིགས་ཆུ་ཟེགས་པ་དང་འདྲ་བར་ཐག་ཐག་ཐག་ཁོའི་རྐང་པའི་བར་མཚམས་ཀྱི་འདུག་སྟེགས་སུ་དལ་གྱིས་འཐོར།
བར་མཚམས་དེར་མ་གཞི་བསོད་ནམས་གཡང་སྐྱིད་ཀྱི་གམ་དུ་ལོག་འདོད་ནའང་ཁོ་རང་གི་ཨ་ཕ་ལ་ཞེད་སྣང་དྲག་པོ་ཞིག་ཡོད་རྐྱེན་གཡང་སྐྱིད་ཀྱི་གམ་དུ་འགྲོ་མ་སྤོབས་པར་སླར་རང་ཁྱིམ་དུ་ལོག
2016 4 1 ནས་མགོ་བརྩམས་ཏེ་བྲིས། ཚེས་20མཇུག་གྲུབ། ཟླ་5 7 གྱི་ཞོགས་པར་དག་བཅོས་བྱས་ནས་སྤེལ།
|