ང་ཡི་སློབ་ཆེན་ཕུགས་བསམ། ༼བསྒྱུར་རྩོམ།༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ང་ཡི་སློབ་ཆེན་ཕུགས་བསམ། ༼བསྒྱུར་རྩོམ།༽
ང་ཡི་སློབ་ཆེན་ཕུགས་བསམ། ༼བསྒྱུར་རྩོམ།༽
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/6/16ལྟ་ཀློག (2856)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མོ་ཡན་གྱིས་བརྩམས།

ལེགས་གྲུབ་ཀྱིས་བསྒྱུར།


    སློབ་ཆེན་འགྲིམ་པའི་ཕུགས་བསམ་ནི། ཁོ་བོར་ལོ་རབས་དྲུག་བཅུའི་ལོ་མགོ་སྟེ་ཕུ་བོ་༼རིན་དཔའ་དུང་ཧྲི་ཧྥན་སློབ་ཆེན་༽人华东师范大学དུ་རྒྱུགས་སྤྲོད་བཞིན་པའི་སྐབས་ནས་སྐྱེས་ཤིང་། སྐབས་དེར། ང་ཚོའི་སྡེ་བའི་ནང་སློབ་ཆེན་སློབ་མ་ལ་བརྩི་བཀུར་བླ་མེད་བྱེད་པ་དང་། དེའི་ཁྱིམ་མི་ལའང་གདེངས་འཇོག་དང་བརྩི་བཀུར་ཆེན་པོ་བྱེད་པ་རེད། འོན་ཏེ། ཕྲག་དོག་ཀྱང་མི་ཉུང་བ་བྱེད་པ་སྨོས་ཅི་དགོས།
       ཁོ་བོས་རང་ཁྱིམ་གྱི་རྭ་སྐོར་ནས་རྒྱུན་པར་ཐོས་ཡོང་བ་ནི་སྲང་ལམ་གྱི་མི་རེ་འགས་“འདི་ཚང་གི་ཁང་ཁྱིམ་བཙོག་པ་ལ་མ་བལྟ། ཁོ་ཚང་དུ་སློབ་ཆེན་སློབ་མ་བྱུང་མྱོང་།”ཟེར་བ་དང་། སྐབས་ལན་རེར་མི་རེ་འགས་སྐད་གདངས་དམའ་མོའི་ངང་“ཞིང་འབྲིང་རྒན་པའི་ཁྱིམ་ཞིག་ལ་མ་གཞི་སློབ་ཆེན་སློབ་མ་ཞིག་བྱུང་སོང་ཨང་”ཟེར།
     ལོ་ཞིག་གི་དགུན་གནང་སྐབས།ཕུ་བོ་ཕྱིར་ཁྱིམ་དུ་གཉེན་ཉེར་བལྟ་རུ་ཡོང་ཞིང་། ཐེངས་ཤིག་ཁོ་གཉིད་ནས་འདུག་པའི་དུས་སུ། ངས་ཁོའི་སློབ་རྟགས་ཁ་རོག་གེར་མར་བླངས་ནས་རང་གི་བྲང་ཁར་བཏགས་ཏེ། སྲང་ལམ་དུ་སོང་ནས་བྱིས་པ་ཚོར་ངོམ་པ་ཡིན། ཁོ་ཚོས་ང་ལ་ཟུར་ཟའི་ངང་“ཁྱོད་ཀྱི་ཕུ་བོ་སློབ་གྲྭར་སོང་བ་ལས། ཁྱོད་སོང་བ་མིན། མགོ་མཐོ་མཐོ་ཅི་ཞིག་བྱེད”ཟེར། དུས་དེར། ངས་ལྐོག་ནས་ ནར་སོན་རྗེས་ངེས་པར་དུ་སློབ་གྲྭ་ཆེན་མོར་འགྲོ་རྒྱུ་དང་། སློབ་ཆེན་པ་ཞིག་བྱེད་རྒྱུའི་ཐག་བཅད། འོན་ཀྱང་། ཐོབ་ཤོར་འགྲན་རྩོད་ཀྱི་འབོད་སྒྲ་ཇེ་མཐོ་དང་བསྟུན། སྐྱེ་ཁུངས་གླེང་གཞིག་གི་ངར་ཤུགས་ཇེ་བཙན་དུ་གྱུར་བས། བདག་གི་སློབ་ཆེན་ཕུགས་བསམ་ཀྱང་མག་མོག་དང་རབ་རིབ་ཏུ་གྱུར།

༼རིག་གནས་གསར་བརྗེ་ཆེན་མོ༽
     འཚུབ་པ་ནས་བཟུང་། སློབ་ཆེན་དག་གིས་སློབ་མ་བསྡུ་མཚམས་བཞག་ཅིང་། བདག་གི་སློབ་ཆེན་ཕུགས་བསམ་ཀྱང་རྩ་བ་ནས་རྨེག་མེད་དུ་བཏང་བར་མ་ཟད།  ཐ་ན་སློབ་འབྲིང་འགྲིམ་པའི་དབང་ཆའང་ཁྱིམ་གྱི་སྐྱེ་ཁུངས་ཀྱི་དབང་གིས་མེད་པར་བཟོས། སྐབས་དེའི་ཁྲིམས་སྲིད་ཀྱི་ལུགས་ལྟར་ན། ཞིང་པ་འབྲིང་བའི་བྱིས་པ་དག་སློབ་འབྲིང་འགྲིམ་ཆོག་པ་དང་། རྒྱལ་ཁབ་ཀྱིས་“ཞིང་ཕྱུག་གསར་བརྗེར་ངོ་རྒོལ་པའི”་ཕྱི་རབས་པ་དག་གིས་སློབ་གསོ་མྱང་བའི་དབང་ཆ་འཕྲོག་པ་དེ་ཡིན། འོན་ཀྱང་དོན་དངོས་སུ་འདི་འདྲ་ཞིག་གཏན་ནས་མིན་ཏེ། ཞིང་པ་འབྲིང་བའི་བྱིས་པ་ཐམས་ཅད་སློབ་གྲྭ་ནས་མར་བདས་སོང་། སློབ་གསོའི་ཁྲིམས་སྲིད་འདི་འཇོག་མཁན་གྱི་མི་དེའང་གཡོ་ཟབ་སེམས་བརྟན་ཅིག་སྟེ། ཁོ་ཚོས་གྲལ་རིམ་དགྲ་བོའི་ཕྱི་རབས་པའི་སློབ་གསོ་མྱང་བའི་དབང་ཆ་བླངས་པ་དེ། དམར་པོའི་རྒྱལ་ཁམས་སྲ་བརྟན་དུ་ཡོང་བའི་ཆེས་ཤུགས་ཆེན་གྱི་ཐབས་ཤེས་ཤིག་ཡིན་པ་རྟོགས་ཡོད་དོ། “རིག་གསར་གྱི་”རྗེས་ནས། སློབ་ཆེན་དག་གིས་བཟོ་བ་དང་ཞིང་བའི་སློབ་དམག་བསྡུ་ལེན་བྱེད་མགོ་བརྩམས་ཤིང་། ཁྲིམས་སྲིད་ལྟར་ན། ཞིང་སྡེའི་ན་གཞོན་དག་གི་ཁྱིམ་གྱི་སྐྱེ་ཁུངས་“ཞིང་ཕྱུག་གསར་བརྗེར་ངོ་རྒོལ་པ”མིན་ནས་བཟུང་། སློབ་འབྲིང་གི་འདྲ་མཉམ་ཡོན་ཚད་དང་ལས་ཀའི་ཧུར་བརྩོན་འཛོམས་པ་དག ཞིང་པ་དབུལ་པོ་དང་ཞིང་འབྲིང་འོག་མས་མཚམས་སྦྱོར་བྱས་པར་བསྟེན། རང་འགུལ་ངང་སློབ་གྲྭ་ཆེན་མོར་ཚོད་ཞུགས་བྱས་ཆོག
       འོན་ཀྱང་དོན་དངོས་སུ་འདི་འདྲ་ཞིག་གཏན་ནས་མིན།  སྐབས་དེར་སློབ་ཆེན་དུ་བསྡུ་ཞུགས་ཐུབ་པའི་སློབ་མ་ཧ་ཅང་ཉུང་། ལོ་རེའི་སློབ་བསྡུའི་མིང་ཐོ། སྡེ་བར་མ་སླེབས་གོང་ནས་གྲངས་རིམ་དེ་གཅིག་ཀྱང་མི་ལྷག་པར་སྟོང་བར་གྱུར་འགྲོ་བས། ཞིང་པ་དབུལ་བོ་དང་ཞིང་འབྲིང་འོག་མས་མཚམས་སྦྱོར་བྱས་པ་ཟེར་བ་དེ་དོན་དུ་མཛེས་སྡུག་གི་རྫུན་གཏམ་ཞིག་གོ། རྗེས་སུ་ཀྲང་ཐའེ་ཧྲིན张铁生ཟེར་བ་ཞིག་གིས་འཕྲིན་ཡིག་ཅིག་ལ་བསྟེན་ནས་སློབ་ཆེན་འགྲིམ་ཐུབ་སོང་། ད་ལྟ་ཁོ་རང་ཡིད་ལ་དྲན་ཚེ། ཚང་མས་ཁོང་དགོད་དང་ཁྲེལ་དགོད་བྱེད་སྲིད། འོན་ཀྱང་དེ་དུས། ངས་ཁོ་ལ་དད་གུས་བླ་མེད་བྱེད་པ་ཡིན། ཀྲང་ཐའེ་ཧྲིན་གྱི་ལེགས་འགྲུབ་ཀྱིས་བདག་གི་སློབ་ཆེན་ཕུགས་བསམ་གཉིད་ལས་བསླངས་ཤིང་། ང་ལ་རེ་ཆད་ཀྱི་ཀློང་ནས་རེ་བ་ཉག་ཕྲ་བ་ཞིག་མཐོང་དུ་བཅུག་སོང་། ངས་་སློབ་འབྲིང་བཏོན་མ་མྱོང་ནའང་། ཕུ་བོས་ཁྱིམ་དུ་བསྐྱུར་བའི་སློབ་འབྲིང་བསླབ་དེབ་ཆ་ཚང་བཀླགས་པ་ཡིན། རྩིས་རིག་དང་སྐྱེ་དངོས། རྫས་འགྱུར་སོགས་ཀྱི་ཆུ་ཚད་བཟང་རྒྱུ་མེད་ནའང་། རྒྱ་ཡིག་གི་ཆུ་ཚད་ནི་སློབ་འབྲིང་བཏོན་མྱོང་བའི་ཞིང་པ་དབུལ་པོ་དང་ཞིང་འབྲིང་འོག་མའི་བུ་ཕྲུག་དག་ལས་བཟང་པོ་བྱུང་འདུག
དེའི་རྐྱེན་གྱིས། ངས་དང་ཐོག་སློབ་གསོ་སྡེ་ཁག་གི་སྡེ་གཙོ་ཀྲིའོ་རོང་ཤེན་周荣鑫ལ་འཕྲིན་ཡིག་བསྐུར་ཏེ།

     རང་ཉིད་སློབ་ཆེན་དུ་ཞུགས་འདོད་ཀྱི་འདུན་པ་དྲག་པོ་བརྗོད། འཕྲིན་ཡིག་བསྐུར་ནས་ཡུན་རིང་མ་འགོར་བའི་ནུབ་མོ་ཞིག་ལ། ངས་ལས་ཀ་བྱས་ནས་ཕྱིར་ཁྱིམ་ལ་ལོག་སྟེ་ཐབ་ཀའི་འགྲམ་གྱི་ཨ་མར་ཟ་མ་ལས་རོགས་བྱས། སྐབས་དེར་ཨ་ཕ་ཆང་གིས་བཟི་བ་ལྟར་དུ་ཡོམ་མ་ཡོམ་གྱིས་ཁྱིམ་གྱི་སྒོ་ནང་དུ་འཛུལ་བྱུང་།

     ཁོའི་ལག་ཏུ་འཕྲིན་ཡིག་ཅིག་བཟུང་འདུག་པས།ངས་འཕྲིན་ཡིག་དེ་དེ་མ་ཐག་རང་དང་འབྲེལ་བ་ཡོད་པ་ཤེས་སོང་། ཨ་ཕ་ཐབ་ཀའི་མདུན་དུ་འགྲེང་ནས་ང་ལ་བལྟས་འདུག ལུས་པོ་ཡོངས་རྫོགས་ཅུང་འདར་ཉམས་དང་གདོང་ལས་ཐབ་ཀ་ནས་འཕྲོས་པའི་འོད་དམར་པོ་གསལ་ཡོང་། ཁོས་ང་ལ་“ཁྱོད་ཀྱིས་ཅི་ཞིག་བྱེད་འདོད”ཟེར་བ་དང་། དེ་རྗེས་འཕྲིན་ཡིག་དེ་ངའི་ལག་ལ་གཏད། དེ་ནི་རྫ་མདོག་གི་སྤྱི་སྤྱོད་ཟོག་ཀོའི་ཤོག་བུ་བཀོལ་ཡོད་པའི་འཕྲིན་ཡིག་ཅིག་ཡིན་པ་དང་ཁ་སྔ་མོ་ནས་འབྱེད་ཟིན། ངས་ནང་ནས་ཡི་གེ་དམར་པོ་ཞིག་གིས་འབྲི་མགོ་བཟུང་བའི་སྤྱི་སྤྱོད་འཕྲིན་ཤོག་དེ་བླངས་ཤིང་། ཐབ་ཀའི་མེ་འོད་ལ་བསྟེན་ནས་དེའི་སྟེང་དུ་བྲིས་པའི་ཡིག་འབྲུ་འཁྱོག་པོ་ཐིག་ཕྲེང་འགའ་མཐོང་བྱུང་།
     ནང་དོན་ཕལ་ཆེར་ནི་འཕྲིན་སྔ་མོ་ནས་འབྱོར་ཟིན་པ་དང་། སློབ་ཆེན་འགྲིམ་པའི་ཕུགས་བསམ་ནི་བཟང་ཡང་། ད་ལྟ་ད་དུང་ཞིང་སྡེ་རུ་བསྡད་ནས་སེམས་བདེ་མོའི་ངང་ལས་ཀར་འབད་པ། དེ་རྗེས་ཞིང་པ་འོག་མ་དང་ཞིང་འབྲིང་གི་མཚམས་སྦྱོར་ལ་བསྒུག་དགོས་པ་སོགས་བྲིས་འདུག ངས་འདི་དག་ནི་སྟོང་ལབ་དངོས་ཤིག་ཡིན་པ་ཤེས་ནའང་། ང་ལ་སེམས་འགུལ་བླ་མེད་ཐེབས་སོང་། ལྷག་པར་དུ་འདི་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡི་འཕྲིན་ལན་ཡིན་པས། ང་ཞིང་སྡེའི་བྱིས་པ་ཞིག་གིས་རྒྱལ་ཁབ་སློབ་གསོ་པུའུ་ལ་འཕྲིན་ལན་བསྐུར་དུ་འཇུག་ཐུབ་པ། མ་གཞི་ནས་ངོ་མཚར་གྱི་དོན་ཞིག་ཡིན་སོང་། ཨ་ཕ་ཨ་མ་གཉིས་ཀྱིས་མཚན་གང་བོར་སྐད་ཆ་ཤབ་ཤུབ་ཅིག་བཤད་པས། ངས་ཀྱང་ཁོ་གཉིས་ཀྱི་སེམས་ཁམས་ཧ་ཅང་རྙོག་འཛིང་ཡིན་པ་ཚོར། དེ་རྗེས་ཀྱི་ལོ་ཕྱེད་ཅིག་གི་དུས་ཚོད་ནང་ངས་ཞིང་ཆེན་དང་རྫོང་ཁག གཞུང་ལས་ས་ཁུལ་དང་སློབ་བསྡུའི་མགོ་ཁྲིད་སོགས་ལ་འཕྲིན་ཡིག་མང་པོ་བྲིས་ནས་རང་གི་སློབ་ཆེན་འགྲིམ་འདོད་ཀྱི་བཅོས་མ་མིན་པའི་ཕུགས་བསམ་བརྗོད་ནའང་། ཕྱིར་ལན་ཅི་ཡང་མ་བྱུང་།

    སྡེ་བའི་ནང་གི་མི་དག་གིས་ང་ལ་སློབ་ཆེན་འགྲིམ་འདོད་དྲག་པོ་ཡོད་པ་ཤེས་པས། སྨྱོན་པའམ་སྐྱོན་ཅན་ཞིག་ལ་བལྟ་བའི་མིག་གིས་ང་ལ་བལྟ། ཐོན་སྐྱེལ་ཁག་གི་ཞིང་དབུལ་འཐུས་མི་དག་གིས་མི་མང་པོ་ཚོགས་ས་རུ་ང་ལ་བཤད་རྒྱུར“ཁྱོད་ལྟ་བུ་ཡང་སློབ་ཆེན་འགྲིམ་ཐུབ་ཚེ། རྭ་སྐོར་གྱི་ཕག་དག་ཀྱང་འགྲིམ་ཐུབ་རྒྱུ་རེད”ཟེར། ཁོས་བཤད་པས་གཏམ་སྙན་རྒྱུ་མེད་ནའང་། སྐབས་དེའི་གནས་ཚུལ་ལ་མཚོན་ན། བདེན་པ་བདེན་རྐྱང་གི་སྐད་ཆ་རེད། དོན་ངོ་མར། རུ་ཁག་གི་ཕག་ཀྱང་སློབ་ཆེན་འགྲིམ་སོང་ནའང་། ང་འགྲིམ་ཐུབ་ཀྱི་མི་འདུག
    སྐབས་དེའི་ཞིང་སྡེའི་ན་གཞོན་དག་ཞིང་སྡེ་དང་ཁ་བྲལ་འདོད་ཚེ། སློབ་ཆེན་འགྲིམ་པ་ལས་ལམ་གཞན་ཞིག་ཡོད་པ་ནི་དམག་ལ་ཞུགས་རྒྱུ་དེ་རེད། དམག་ལ་ཞུགས་སྐབས། གལ་ཏེ་སྦྱངས་སྟོབས་ལེགས་པོར་མངོན་ཚེ། སློབ་ཆེན་དུ་ཞུགས་པར་མཚམས་སྦྱོར་བྱ་བའི་ངེས་པ་ཡོད་ལ།  ཐད་ཀར་དུ་དམག་དཔོན་དུ་ཡར་འཐེན་བྱེད་པའི་ངེས་པའང་ཡོད། འདི་ནི་གསེར་མདོག་གི་ལམ་བུ་ཞིག་རེད། འོན་ཀྱང་ཞིང་འབྲིང་གི་བྱིས་པ་ཞིག་ལ་མཚོན་ནས་བཤད་ན། དམག་ལ་ཞུགས་རྒྱུ་ནི་སློབ་ཆེན་དུ་ཞུགས་པ་ལས་ཀྱང་དཀའ་ཡི་འདུག ལོ་བཅུ་བདུན་ནས་བཟུང་། ངས་ལོ་རེར་མིང་ཐོ་བཀོད་ཅིང་དམག་ལ་ཞུགས་སྐུལ་བྱས་ནའང་། ལམ་ཕྱེད་ཙམ་གྱིས་མར་འཐེན་བྱས་འགྲོ་བ་རེད། དེ་ནི་ལུས་པོ་ཚད་ལྡན་མིན་པ་མ་ཡིན་ལ། ཁྱིམ་གྱི་སྐྱེ་ཁུངས་ཀྱི་དབང་གིས་རེད།  ཁྱིམ་གྱི་སྐྱེ་ཁུངས་ཀྱང་རིགས་གཞུང་ལྟར་ན་ཚད་ལྡན་ཡིན་མོད། འོན་ཀྱང་ཞིང་འབྲིང་དང་ཞིང་པ་དབུལ་བོ་སོགས་ཀྱི་ལོ་ཆུང་གཞོན་ནུ་མང་པོ་དམག་ལ་ཞུགས་འདོད་ཡོད་པས། ཞིང་འབྲིང་རྒན་པའི་བུ་ཞིག་དམག་ལ་ཞུགས་ཏུ་འཇུག་གམ། གནམ་ལ་མི་འགོག་པའི་ལམ་མེད་ཅེས་པ་ལྟར་གོ་སྐབས་གཞི་ནས་སླེབས་བྱུང་།

    ༡༩༧༦ལོའི་དམག་བསྡུའི་དུས་ཚིགས་སུ། སྡེ་བའི་ནང་གི་ལས་བྱེད་པ་དང་གཞུང་ཁང་མི་སྣ་ཐམས་ཅད་ཁྲང་ཡས་རྫོང་དུ་昌邑县ཅའོ་ལེའེ་གཙང་པོ་胶莱河བསློག་ཏུ་སོང་ཞིང་། ལོ་ཚད་རན་པའི་ན་གཞོན་དག་ལས་ཚིགས་སུ་དངོས་སུ་ཞུགས་ཏེ་ཉམས་མྱོང་བསྡུ་ལེན་བྱས། དེ་དུས་ངས་ཅེན་དཔའ་ཅའ(锦花加)བཟོ་གྲྭ་རུ་དུས་ཐུང་ཞོར་ལས་བྱེད་ཀྱིན་ཡོད། གཙང་པོ་བསློག་ཏུ་མ་སོང་ཞིང་སྤྱི་ཁག་གཞིས་སྡོད་དང་ཐད་ཁག་ཚོད་འཛིན་པའི་ན་གཞོན་དག་དང་མཉམ་དུ་ཚོད་ཞུགས་བྱས། ཏག་ཏག་དུས་དེར། སྤྱི་ཁག་དམག་ཆས་སྒྲིག་འཇོག་པུའུ་ཡི་པུའུ་ཀྲང་གི་བུ་ཡང་ཅེན་དཔའ་ཅའ་བཟོ་གྲྭ་རུ་དུས་ཐུང་ཞོར་ལས་སུ་ཡོད་པ་མཐོང་། ངས་ཁོའི་ཨ་ཕའི་ལག་གི་དབང་ཆ་ནི་རང་ལ་ཧ་ཅང་གལ་ཆེན་ཡིན་པ་རྟོགས་ཤིང་། རྒྱུན་པར་ཁོའི་བུ་དང་མཐུན་སྒྲིལ་ཡོང་ཅི་ཐུབ་བྱས། དམག་བསྡུ་མགོ་བརྩམས་པ་ནས། ངས་ཁོའི་ཨ་ཕར་འཕྲིན་ཡིག་ཅིག་བྲིས་ཤིང་ཁོ་ལ་བསྐྱལ་ནས་འགྲོ་རུ་བཅུག ད་དུང་མི་བཟང་དག་གི་རོགས་སྐྱོར་ལ་བསྟེན་ནས་ད་གཟོད་གསར་བརྗེ་དམག་དཔུང་དུ་ཞུགས་ཐབས་བྱས་སོང་།                       
     དམག་དཔུང་དུ་ཞུགས་པའི་ལོ་གཉིས་པར། མཐོ་རྒྱུགས་སྔར་ལྟར་བསྐྱར་བཙུགས་བྱས་ཤིང་། ང་ཚོའི་མགོ་ཁྲིད་ཀྱིས་ང་རང་མཐོ་འབྲིང་མཐར་ཕྱིན་པའི་སློབ་མ་རེད་སྙམ་ནས། ང་ལ་བསླབ་ཚན་བསྐྱར་སྦྱོང་བྱས་ཏེ་མཐོ་རྒྱུགས་༼高考 སློབ་ཆེན་དུ་སྤྲོད་པའི་རྒྱུགས༽སྤྲོད་པར་གྲ་སྒྲིག་བྱེད་པའི་གོ་སྐབས་ཐེངས་ཤིག་བྱིན་སོང་།
    མིང་ཐོ་བཀོད་སའི་སློབ་གྲྭ་ནི་བཅིངས་གྲོལ་དམག་གི་བཟོ་ལས་ཚན་རྩལ་སློབ་གླིང་དང་། ཆེད་ལས་ནི་རྩིས་འཕྲུལ་གྱི་མཐའ་སྣེ་༼终端༽བསྐྱར་གསོ་ཡིན། མགོ་ཁྲིད་ཀྱིས་ཐག་གཅོད་འདི་ང་ལ་བཤད་སྐབས། ང་ནི་དགའ་སྐྱོ་གཉིས་འཛོམས་ཀྱི་ཚོར་བས་བསླུས་ཤིང་། ཉིན་གསུམ་མཐུད་མཐུད་དུ་ཟས་མ་ཟོས། ངས་རང་གི་ཕོ་བོའི་ནང་དུ་སྨྱུག་ཆུ་མེད་པ་རྟོགས་ཤིང་། རྩོམ་ཡིག་འབྲི་བ་ལས་རྩིས་རིག སྐྱེ་དངོས་རྫས་འགྱུར་བཅས་ལ་ལག་སྟོང་མཆན་དུ་བཙིར་རྒྱུ་ལས་མེད་པ་ཤེས་ཡོད། ངས་ཉིས་ཆའི་གཅིག་ལ་སུམ་ཆའི་གཉིས་བསྣན་ཚེ་ཐོབ་གྲངས་ནི་ལྔ་ཆའི་གསུམ་རེད་འདོད།
    འོན་ཏེ་མཐོ་རྒྱུགས་དང་བར་ཐག་ཟླ་ཕྱེད་ཅིག་ལས་མེད་པས། ཅི་བྱེད་དམ། རྒྱུགས་སྤྲོད་དམ་མི་སྤྲོད།   མཇུག་མཐར་ངས་རྒྱུགས་སྤྲོད་རྒྱུ་ཐག་བཅད། ངས་ཁྱིམ་མིར་ཕུ་བོའི་དཔེ་ཆ་དག་སྐུར་ཤོག་ཅེས་སྐད་བསྐུར་ཞིང་། སྡུག་རུས་ཀྱིས་རང་སློབ་བྱེད་པའི་མགོ་བརྩམས།  ལོ་ཕྱི་མིའི་ཟླ་དྲུག་པ་བར་བསླབས་རྗེས། ད་གཟོད་གྲུབ་འབྲས་ཅུང་ཐོན་འདུག་བསམ་ཞིང་། རྒྱུགས་ལ་སྐར་གྲངས་ཐིག་མི་ལེན་བསམས་ནས་ཡོད། དེ་དུས་མགོ་ཁྲིད་ཀྱིས་ང་ལ་རྒྱུགས་སྐར་གྱི་མིང་ཐོ་ལྷག་མ་མི་འདུག་ཟེར། འདི་ཡང་ང་ལ་མཚོན་ན་དགའ་སྐྱོ་གཉིས་འཛོམས་ཀྱི་གནས་ཚུལ་ཞིག་སྟེ། དགའ་བ་ནི་རྒྱུགས་སྤྲད་དེ་མ་འཕྲོད་པའི་ངོ་ཚ་མྱང་མི་དགོས་པ་དང་། སྐྱོ་བ་ནི་ཟླ་ཕྱེད་ལྷག་གི་འབད་བརྩོན་དོན་མེད་དུ་གྱུར་བས་ཡིན། རྗེས་སུ་ངས་ཤེས་བྱུང་བ་ནི། ལོ་དེར་རྒྱུགས་ལ་ཞུགས་པའི་མི་དག་ནི་དམག་མིའི་བུ་ཚ་སོགས་ཏེ། ང་དང་ཆུ་ཚད་ཕལ་ཆེར་འདྲ་མཉམ་རེད། ཡིན་ཡང་ཁོ་ཚོ་སྔར་ལྟར་སློབ་གྲྭར་ཞུགས་སོང་། གལ་ཏེ་ང་རང་ཐེངས་དེའི་རྒྱུགས་ལ་ཞུགས་ཡོད་ཚེ་མི་འཕྲོད་པའི་ངེས་པའང་མེད། གལ་ཏེ་འཕྲོད་སོང་ཚེ། ང་རང་ད་ལྟ་སྐུལ་མེད་གློག་རྩལ་མཁན་ཞིག་ཏུ་གྱུར་བ་ལས། སྒྲུང་རྩོམ་འབྲི་མཁན་ཞིག་ཏུ་འགྱུར་མི་སྲིད་དོ། །
     འོན་ཏེ། ཏག་ཏག་བདག་གི་སློབ་ཆེན་ཕུགས་བསམ་རྨེག་མེད་དུ་འགྲོ་བཞིན་པའི་སྐབས། སློབ་ཆེན་གྱི་སྒོ་ཆེན་གློ་བུར་ང་སར་ཆེས་ཆེར་ཕྱེས་སོང་། དེ་དུས་ང་ཏང་སྲིད་ལས་བྱེད་པའི་རྨང་གཞིའི་སློབ་སྦྱོང་དུ་ཞུགས་ཤིང་། ལོ་ཕྱེད་ཅིག་གི་རིང་སྒོ་བཞི་ཚེགས་མེད་དུ་བརྒལ། དེ་ནས་ལོ་གཅིག་འགོར་རྗེས། ཆེད་ཚན་གྱི་སློབ་ཐོན་ལག་ཁྱེར་འཐོབ་སྲིད། དུས་འདིར། བཅིངས་གྲོལ་དམག་སྒྱུ་རྩལ་སློབ་གླིང་གི་རྩོམ་རིག་ཁག་བསྐྱར་བཙུགས་བྱས་ཤིང་སློབ་བསྡུའི་གནས་ཚུལ་ངའི་རྣ་ལམ་དུ་འབྱོར། ངས་རང་གི་དེ་སྔོན་སྤེལ་མྱོང་བའི་རྩོམ་ཡིག་འགའ་ཁྱེར་ནས་དམག་རྩལ་དུ་འབྱོར་སྐབས། མིང་ཐོའི་བྱ་བ་མཇུག་བསྡུས་ཟིན། ང་ཡི་དྲིན་ལྡན་གྱི་དགེ་རྒན་ནམ། དུས་དེར་རྩོམ་རིག་ཁག་གི་མགོ་གཙོའི་འགན་ཁུར་བའི་ཤེའུ་ཧྭེ་ཀྲོང་༼徐怀中༽སྐུ་ཞབས་ཀྱིས་ངའི་རྩོམ་ཡིག་ལ་བལྟས་ཤིང་། དུས་དེར་རྩོམ་རིག་ཁག་ཏུ་ཆེད་ལས་གཉེར་བའི་ལིའོ་ཡེས་རན་༼刘毅然༽ལ་དགའ་སྤྲོའི་ངང་བཤད་རྒྱུར། “སློབ་མ་འདིས། རིག་གནས༼文化༽་ཀྱི་རྒྱུགས་མ་འཕྲོད་ཀྱང་ང་ཚོར་དགོས”ཟེར། རྒྱུགས་སུ་འཇུག་སྐབས། ཆབ་སྲིད་དང་རྒྱ་ཡིག་ལ་ང་རང་གདེངས་ཚོད་ཡོད་ལ། གདེངས་ཚོད་མེད་ས་ནི་ས་ཁམས་རེད། འོན་ཀྱང་སྟབས་ལེགས་པ་ཞིག་ལ། རྒྱུགས་ལེན་སྐབས། ངའི་མདུན་གྱི་གྱང་ངོས་སུ་འཛམ་གླིང་གི་ས་ཁྲ་ཞིག་བཀལ་འདུག་པ་དང་། ད་དུང་ཀྲུང་གོའི་ས་ཁྲ་ཞིག་ཀྱང་བཀལ་འདུག རྒྱུགས་ཀྱི་དྲི་གཞི་གཅིག་ནི། རང་རྒྱལ་གྱི་མཐའ་མཚམས་བསྐོར་བའི་རྒྱལ་ཁམས་དེ་གང་ཡིན་ཟེར་བ་དེ་ཡིན་ཞིང་། ངས་ནོར་འཁྲུལ་ཅི་ཡང་མེད་པར་ལན་བཏབ་པ་ཡིན།
    ད་དུང་དྲི་གཞི་གཞན་ཞིག་ནི། མཐོ་ཐིག་དང་འབྲེལ་བའི་སྐོར་ཡིན་ལ། ངས་རང་གི་ཐད་ཚོར་ལ་བསྟེན་ནས་ལན་བཏབ་པས་དེའང་འགྲིག་འདུག འདི་ལྟར། ང་ནི་རྩོམ་ཡིག་སྐར་གྲངས་ཆེས་མཐོན་པོ་དང་། རིགས་གནས་རྒྱུགས་སྤྲོད་ཀྱི་ཨང་གཉིས་པའི་ཕུལ་བྱུང་སྐར་འབྲས་ཀྱིས་བཅིངས་གྲོལ་དམག་སྒྱུ་རྩལ་སློབ་གླིང་དུ་འཛུལ་ཞིང་། ལོ་སུམ་བཅུར་འབུད་ཉེ་བའི་ཆེད་ཚན་སློབ་མ་ཞིག་ཏུ་གྱུར་སོང་།
   དུས་ཚིགས་དེར། དམག་རྩལ་རྩོམ་རིག་ཁག་ཏུ་འཛུལ་ཏེ་སློབ་སྦྱོང་བྱེད་ཀྱིན་པའི་སློབ་མ་ནི། མིང་གྲགས་ཆེ་ཞིང་མཚན་སྙན་འབར་བ་ཁ་ཤས་འདུག་སྟེ། དཔེར་ན།
ཅེས་ནན༼济南༽དམག་ཁུལ་གྱི་ལེས་ཚོན་པོའོ་དང་།༼李存葆༽ ལས་ཆན།༼李荃༽ ཧྲིན་ཡང༼沈阳༽དམག་ཁུལ་གྱི་སུང་ཤེའེ་བོས།༼宋学武༽ནན་ཅེན༼南京༽དམག་ཁུལ་གྱི་ཆན་ཀང་།༼钱刚༽ སོགས་དེ་དག་ཐམས་ཅད་ལ་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཐོབ་མྱོང་ཞིང་། སློབ་གྲོགས་གཞན་དག་གིས་ཀྱང་རྩོམ་ཡིག་བརྩམས་ཆོས་མང་པོ་སྤེལ་མྱོང་།
དུས་དེར། ང་ཚོས་ཉིན་མོར་སློབ་ཁྲིད་ལ་ཉན་པ་དང་། མཚན་མོར་རྩོམ་ཡིག་བྲིས་པ་ཡིན། མི་བཞི་མལ་ཁང་གཅིག་ཏུ་འདུག་པ་དང་། ཕན་ཚུན་ལ་བར་ཆད་མི་བཟོ་ཆེད་མལ་ཁང་མང་པོའི་ནང་དུ་ཡོལ་བ་འཐེན་འདུག་ལ། ནང་དུ་སོང་ཚེ་ལམ་ནོར་ནས་འགྲོ་མི་ཤེས་པ་ཞིག་རེད།
    ང་ཚོའི་མལ་ཁང་གི་མི་ཉམ་ཆུང་བ་དང་།ད་དུང་ཧ་ཅང་བབ་ཆགས་ཀྱི་སྐྱེས་གཟུགས་ཤིག་རྒྱུན་འཁྱོངས་ནས་ཡོད། དེ་དུས་ནི་ད་ལྟ་དང་བསྡུར་ན་འཁྱགས་ལ་དྲོད་རླངས་ཚ་བོ་མིན་པས། མལ་ཁང་དུ་དར་ཡང་ཆགས་འགྲོ། ནམ་ཕྱེད་ཙམ་ལ་རྩོམ་བྲིས་རྗེས་ལྟོགས་ཡོང་བ་དང་། དེ་དུས་དེ་མ་ཐག༼དྲོད་སྐྱེད༽མགྱོགས་ཐུག་ཆུ་ཚན་དུ་སྦངས་ནས་ཟོས་པ་ཡིན། མགྱོགས་ཐུག་གི་གོང་འཕར་བ་ཐོས་རྗེས། ཐེངས་ཤིག་ཉོ་ཐེངས་གཅིག་ལ་ཁུག་མ་བརྒྱད་ཅུ་ཉོས་པ་ཡིན། མཚན་གྱི་ཆུ་ཚོད་གཉིས་པར་སླེབས་ཀྱང་།རྩོམ་རིག་ཁག་ཏུ་ད་དུང་ཡང་གློག་འོད་ཁྲ་ལམ་མེར་གསལ་བ་མཐོང་ཐུབ། མི་ཞིག་གིས་ཐོག་ཁང་བར་ཁྱམས་སུ་ལྕགས་ཀྱི་ཅ་ནེ་བརྡུངས་ཏེ་“ལས་མཚམས་མཇུག་རྫོགས”ཟེར་བ་དང་། ད་དུང་མི་རེ་འགས་ང་ཚོའི་མལ་ཁང་ལ་“དངུལ་བཟོ༼造币༽འཁོར་སྒམ་”ཟེར་བ་དང་། ངའི་མིང་ལ“དངུལ་བཟོ་མཁན་”ཟེར་བའི་མིང་ཆེན་སྦྱར་བ་རེད།ང་ཚོའི་ཁག་༼系༽ནི་ལས་བྱེད་པའི་ཆེད་གསོའི་འཛིན་གྲྭ་ཡིན་ལ། དགེ་རྒན་མང་པོ་མེད་པས།
སློབ་ཁྲིད་མང་ཤོས་ལ་དགེ་རྒན་ཕྱི་ནས་བཙལ་ཡོང་དེ་ཁྲིད་དུ་འཇུག་པ་རེད། པེ་ཅིང་སློབ་ཆེན༼北大༽གྱི་དགེ་རྒན་དང་། སྤྱི་ཚན་༼社科༽གྱི་དགེ་རྒན་སོགས་མདོར་ན་རྩོམ་རིག་དང་འབྲེལ་བ་ཡོད་ཚད་ཕལ་མོ་ཆེ་དག་ང་ཚོས་ཐེངས་རེར་གདན་འདྲེན་བྱས་ཤིང་། ད་དུང་སྤྱི་ཚོགས་དུ་མིང་གྲགས་པ་ཁ་ཤས་ཀྱང་གདན་འདྲེན་བྱས།
    འདི་ལྟ་བུའི་བྱེད་ཐབས། མང་པོ་དང་མི་མཐུན་ནའང་།གྲགས་འགུལ་ཧ་ཅང་ཆེ་སྟེ། ང་ཚོའི་ཀླད་པའི་ནང་དུ་ཡོད་པའི་རྩོམ་རིག་གི་ལྟ་ཚུལ་རྙིང་བ་ལ་ཕན་ཐོགས་རྒྱ་ཆེན་པོ་ཐོབ་སོང་། གདན་འདྲེན་བྱས་པའི་དགེ་རྒན་དག་མང་ཆེ་ཤོས་དོན་དམ་པའི་རིག་གནས་པ་དང་འཇོན་ཐང་ཅན་ཡིན་ལ། ད་དུང་དེ་མ་ཡིན་པའི་འདྲེ་སྲིན་ཀྱང་གདའ། དཔེར་ན། ང་ཚོའི་སློབ་གྲོགས་བུད་མེད་ཅིག་གིས་གཞི་གྲུབ་རིང་ལུགས་ལ་ཞིབ་འཇུག་ཡོད་པའི་མི་ཞིག་ཁྲིད་ཡོང་བ་དང་། ཁོ་ནི་སྐྱེས་པ་ཡིན་ཀྱང་སྐྲ་རིང་པོ་བཞག་འདུག སློབ་ཁང་དུ་ཐོན་མ་ཐག་ཁོ་ཁྲིད་སྟེགས་སུ་སོང་ནས། གཞི་གྲུབ་རིང་ལུགས་ཁྲིད་མགོ་བརྩམས། དེ་རྗེས་ཁོས་ཉིན་ཕྱེད་ཙམ་ལ་ཁྲིད་ཀྱང་དོན་ངོ་མར་གཞི་གྲུབ་རིང་ལུགས་ཟེར་བ་གང་འདྲ་ཞིག་ལ་ཟེར་བ་ཁྲིད་ཤེས་མ་སོང་། ཁྲིད་ནས་ཕྱི་ངོས་སུ་ཐོན་དུས། ཁོའི་ལུས་ཕུང་ཁྲིད་སྟེགས་སུ་འཁྱར་འཁྱོར་བྱེད་ཅིང་། ངས་ཁོ་ཧ་ཅང་དཀའ་བཞིན་པ་ཤེས། ཁྲིད་སྟེགས་སུ་སྡོད་པ་ལས་རྐུབ་སྟེགས་སུ་སྡོད་པ་མི་བཟང་ངམ།འོན་ཀྱང་མདུན་ཅོག་ལས་མར་ལྡང་ཚེ་དེ་ཡང་ཧ་ཅང་ངོ་ཚ་བ་ཞིག་རེད།
       ང་ཚོས་རྩ་རླུང་ལ་ཞིབ་འཇུག་ཡོད་པའི་མི་ཞིག་གདན་འདྲེན་བྱས་མྱོང་ཞིང་། མི་འདིས་ཁོས་གལ་ཏེ་རྩ་རླུང་བསྒོམ་ཚེ། རོལ་དབྱངས་སྟེང་དུ་སྲིད་ན་དཀོན་པའི་དབྱངས་གྲགས་ཐུབ་ཟེར། ཁོས་དངོས་གནས་དཀྲོལ་བྱུང་མོད། འོན་ཀྱང་ང་ཚོའི་ཁྲོད་ཀྱི་གླུ་དབྱངས་ལ་རྒྱུས་ལོན་ཡོད་པའི་སློབ་གྲོགས་ཤིག་གིས་བཤད་ན། ཁོས་དཀྲོལ་བ་ནི་དམའ་རིམ་པའི་རོལ་དབྱངས་སྦྱོང་བརྡར་དབྱངས་ཤིག་རེད་ཟེར། ང་ཚོས་ད་དུང་མིང་དུ་གྲགས་པའི་གླུ་དབྱངས་བཀོད་འདོམས་པ་ལས་ཏི་ལོན༼李德伦༽ལ་མཉམ་སྒྲོག་རོལ་དབྱངས་༼交响曲༽ ཁྲིད་དུ་བཅུག་པ་ཡིན། ལེས་སློབ་དཔོན་གྱིས་རྒྱལ་པོ་གསུམ་དང་རྗེ་བོ་ལྔ་ནས་ཁྲིད་དེ། གུང་ཟས་བཟའ་རན་བར་དུ་ཁྲིད་ཅིང་། དེ་རྗེས་ད་གཟོད་ནང་དོན་དངོས་ལ་འཇུག་མགོ་བརྩམས་སོང་།སྒྲ་ལེན་ཆས་ལས་དབྱངས་རྟ་ཞིག་མངགས་ཏེ་ང་ཚོར་ཉན་དུ་བཅུག་པ་དང་།
ངས་ཁོ་ལ་སྒྲ་ལེན་ཆས་དབྱིབས་བཤད་བྱེད་པའི་རེ་བ་ཞིག་ཞུས་པས། ཁོས་ཁྲེལ་དགོད་ངང་བཤད་རྒྱུར“ངས་རོལ་ཚོགས་ལ་བཀོད་འདོམས་བྱེད་པ་ལས། སྒྲ་ལེན་ཆས་ལ་བཀོད་འདོམས་བྱེད་མི་ཤེས་”ཟེེར། སློབ་ཁྲིད་གྲོལ་རྗེས།སློབ་གྲོགས་རེ་འགས་ང་ལ་སྡིགས་པ་དང་། རེ་འགས་འཕྱ་དམོད་བྱེད། དུས་དེར་ངས་རང་ཉིད་འགྲིག་ཡོད་པ་དང་། ལས་ཏི་ལོན་ལ་ང་རྒྱལ་ཆེ་སྙམ་ཡོད་ནའང་། ད་ལྟ་ཕྱིར་དྲན་དུས་དངོས་གནས་གླེན་རྟགས་ཡིན་པ་ཤེས་བྱུང་དེ། ངས་ཅི་ལྟར་མིང་དུ་གྲགས་པའི་བཀོད་འདོམས་པ་ཞིག་ལ་སྒྲ་ལེན་ཆས་བཀོད་འདོམས་བྱེད་དུ་འཇུག་གམ།
དམག་རྩལ་ལས་མཐར་ཕྱིན་ཏེ་ལོ་གཉིས་འགོར་རྗེས། ང་པེ་ཅིང་ཧྲི་ཧྥན་སློབ་ཆེན་དང་།༼北京师范大学༽ ལོའུ་ཤོན་རྩོམ་རིག་གླིང་གཉིས་ཀྱིས་མཉམ་འབྲེལ་གྱིས་བཙུགས་པའི་རྩོམ་པ་པོ་ཞིབ་འཇུག་སློབ་མའི་འཛིན་གྲྭ་རུ་ཞུགས། དེ་དུས་དབྱིན་ཡིག་དང་རིག་གཞུང་བསླབས་ནས། སློབ་གཉེར་བའི་སྐོར་གྱི་རྩོམ་པ་པོ་ཞིག་ཏུ་འགྱུར་འདོད་སྐྱེས། འོན་ཀྱང་ས་དེར་ཐོན་རྗེས། ད་གཟོད་དབྱིན་ཡིག་དང་རིག་གཞུང་སྦྱངས་བ་ཅི་འདྲའི་དཀའ་བ་ཤེས་བྱུང་། ལྷག་པར་དུ་སློབ་མའི་རྩལ་སྦྱོང་དུས་ཚིགས་སུ་ཁེལ་འདུག་པ་དང་། སེམས་བདེ་ངང་སློབ་ཁྲིད་དུ་མ་སོང་། ད་སྐབས་དྲན་ཚེ། ཧ་ཅང་འགྱོད་པ་སྐྱེ་འོང་སྟེ། ལྷག་པར་དུ་ཕྱི་རྒྱལ་དུ་འགྲོ་སྐབས་དེ་གའི་བུ་མོ་མཛེས་མ་དག་གིས་ཁ་ནས་མིག་མིག་ཏུ་སྐད་ཆ་བཤད་པ་དང་ངས་ཅི་ཡང་མི་གོ་བའི་དུས་སུའོ། །
    ད་ལྟ་ང་ལ། ཡིན་ལ་མིན་ཁུལ་གྱི་རབ་འབྱམས་པའི་ལག་ཁྱེར་ཞིག་དང་། ཁ་སྐོང་སྐབས་ཀྱང་ཁྲེལ་མེད་ཀྱི་ཞིབ་འཇུག་སློབ་མའི་སློབ་རིམ་གྱིས་ཁ་བསྐངས། འོན་ཀྱང་ངས་སེམས་སུ་གསལ་བོར་ཤེས་པ་ནི། ང་རང་དོན་ངོ་མར་སློབ་ཆེན་དུ་འགྲོ་མ་ཐུབ་ལ། དོན་ངོ་མར་སློབ་ཆེན་དུ་སོང་ཟེར་བ་ནི་ངའི་ཕུ་བོ་དང་འདྲ་བར་སློབ་ཆུང་ནས་སློབ་འབྲིང་སྟེ། གོམ་པ་རེ་རེས་རིམ་གྱིས་སོང་བ་ལ་ཟེར། ང་ལ་ད་སྐབས་རྒྱལ་ཁབ་ཀྱིས་ངོས་ལེན་བྱས་པའི་ཞིབ་འཇུག་སློབ་མའི་སློབ་རིམ་ཡོད་ནའང་། དོན་དངོས་སུ་སྔར་ལྟར་ཝ་ལྡོམ་སྒོམ་དུ་ཞུགས་ཚུལ་ལས་མ་འདས་སོ།།


2016.4.30ཉིན་བླ་རུང་དུ་མཇུག་གྲུབ་པར་བསྒྱུར། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཇོ་ཡུ་ཚུལ་ཁྲིམས། སྤེལ་དུས:2016/6/20
བཀའ་དྲིན་ཆེ། ལེགས་པོ་ཞིག་བསྒྱུར་འདུག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41993623
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1