ཧོར་གཙང་ཡུལ་གྱི་གནས་མཇལ་​ཟིན་ཐོ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» ཡུལ་སྐོར་ཟིན་ཐོ་དང་བཏུས་རྩོམ། »ཧོར་གཙང་ཡུལ་གྱི་གནས་མཇལ་​ཟིན་ཐོ།
ཧོར་གཙང་ཡུལ་གྱི་གནས་མཇལ་​ཟིན་ཐོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/6/28ལྟ་ཀློག (3458)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཐུབ་པའི་གདུང་འཚོབ།

        དེ་རིང་གི་གནམ་གཤིས་ཀྱང་དེ་འདྲ་བཟང་རྒྱུ་མེད་ལ་རི་རྩེ་ཕལ་ཆེར་སྨུག་པས་གཡོགས་འདུག་ནའང་། ཐེངས་འདིས་གཟའ་མཇུག་གི་ངལ་གསོའི་གོ་སྐབས་དང་བསྟུན་ཏེ་རང་འཛིན་གྲྭའི་ཆོས་གྲོགས་ཉི་ཤུ་ལྷག་དང་མཉམ་དུ།  མདོ་སྨད་བསྟན་པའི་འབྱུང་གནས་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་སྡེ་ཆེན་མོ་ནས་ལེ་བར་དྲུག་ཅུ་ཡས་མས་ཀྱི་མཚམས་སུ།   གནས་ཆགས་པའི་ཧོར་གཙང་མཚོ་ཁ་སྡེ་བའི་ཕྱོགས་སུ་ཆས་པ་ཡིན།  ཧོར་གཙང་མཚོ་ཁ་སྡེ་བ་ནི་ཧོར་གཙང་ཙག་ཙག་སྒར་གྱི་ཞོལ་དུ་མར་ཐང་ཟམ་ཆེན་གྱི་འཁྲིས་སུ་ཡོད་པའི་རྡོ་ལམ་ཀྱག་ཀྱོག་ཅིག་གི་ལུང་ཁོག་བརྒྱུད་དེ།   རིམ་གྱིས་རི་གཟར་ཞིག་གི་ངོས་སུ་ཁུག་མང་བའི་འཕྲེད་ལམ་ཞིག་བརྒྱུད་མཐར་རི་རྩེར་ཐོན་ལ་ཉེ་སྐབས་ཀྱི་མཚམས་སུ་ད་གཟོད་ཧོར་གཙང་མཚོ་ཁ་སྡེ་བ་གཞིས་ཆགས་འདུག་ལ།  སྡེ་བ་དེའི་ཀླད་ཐོག་ཏུ་མཚོ་ཆུང་ཆུང་ཞིག་འཁྱིལ་ཡོད་པའི་རྒྱུ་མཚན་གྱིས་ཡུལ་གྱི་སྡེ་མིང་ལའང་མཚོ་ཁ་སྡེ་བ་ཞེས་བཏགས་པར་བཤད། མཚོ་ཁ་སྡེ་བ་ནི་རོང་ལས་དང་འབྲོག་ལས་གཉིས་ཀ་དར་བའི་སྡེ་བ་ཞིག་རེད། རྒྱུ་མཚན་ཡུལ་འདི་ནི་ཞིང་ལས་བྱེད་སའི་ས་ཁུལ་ཞིག་ཡིན་པར་མ་ཟད།  དེའི་ནང་ནས་ཀྱང་སྒོ་ཕྱུགས་ལ་བརྟེན་ནས་ཐོན་སྐྱེད་རྒྱ་ཆེར་བཙལ་བཞིན་པས་སོ།།

        མཚོ་ཁ་སྡེ་བའི་ཉེ་འཁོར་ཕལ་ཆེ་བ་ཞིང་ས་ཡིན་ལ་དེའི་ནང་དུ་ནས་སོགས་འབྲུ་རིགས་ཀྱི་ལྗང་བུས་ཡོངས་སུ་གཏམས་འདུག  སྡེ་བའི་ཀླད་དུ་མཚོ་མོ་ལྟེམ་ལྟེམ་འཁྱིལ་བའི་གཡོན་ཕྱོགས་ཀྱི་རི་ངོས་སུ་ས་མཁར་རྙིང་བ་འགའ་འདུག་པ་ནི་མཚོ་ཁ་སྡེ་བའི་ད་ལྟའི་ཕྱུགས་ར་རེད།  གནས་འདིར་སྔར་གནམ་གྱིས་ས་བཀབ་པ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་སྐྱེས་ཆེན་མང་བོ་ལུ་གུ་རྒྱུད་ཀྱི་ཚུལ་དུ་ཆིབས་བསྒྱུར་གནང་བའི་ལོ་རྒྱུས་གསལ་དག་ཅིག་ད་སྔ་ཅོལ་ཆུང་བདག་གི་མཐོང་ཐོས་སུ་མ་གྱུར་ཅིང་།  རང་ཅག་བོད་པ་ཡོངས་ལ་གནམ་གྱི་ཉི་ཟླ་ལྟར་གྲགས་པའི་༧ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གི་ཡོངས་འཛིན་དམ་པ། ༧རྗེ་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་གིས་གནས་འདི་ནས་སྒྲུབ་པ་ཉམས་ལེན་གནང་བའི་ལོ་རྒྱུས་ཤིན་ཏུ་གསལ་བས།  སྙིགས་དུས་ཀྱི་སློབ་དཔོན་ཐོན་མི་གཉིས་པ་༧རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་དཔལ་བཟང་བོ་མཆོག་གིས་མཛད་པའི་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་དད་པའི་པདྨོ་བཞད་པའི་བདེན་གཏམ་ཉི་མ་གཞོན་ནུ་ལས།   ཟླ་བདུན་པའི་ཉེར་ལྔ་ལ་ཧོར་ཚང་ཤོག་ཁ་བཞིའི་སེར་སྐྱ་ཚང་མས་ཆིབས་བསུ་ཐབས་བསུ་སོགས་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་ཧོར་ཚང་མཚོ་ཁར་ཕྱག་ཕེབས། དེར་ཐུགས་རྗེ་ཆེན་པོའི་དབང་དང་། སྐྱབས་འགྲོ། དམིགས་བརྩེ་མ།  གདུགས་ཤེར་སྒྲོལ་མ། མ་ཎི་རྣམས་ཀྱི་ལུང་གནང་།  ཞེས་གསུངས་པ་ལྟར་ལགས་ལ།  ཧོར་གཙང་མཚོ་ཁ་སྡེ་བའི་ཀླད་ཐོག་ཏག་ཏག་ན་ཞིག་རལ་དུ་གྱུར་བའི་ཁང་རྙིང་ཞིག་འདུག་པ་དེའི་ནང་ནས། སྔོན་ཆད་༧ཁོང་ཨ་ལག་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་གིས་དངོས་སུ་སེར་སྐྱ་མང་ཚོགས་ལ་མ་ཎི་སོགས་ཀྱི་ལུང་གནང་བར་ཡུལ་མི་རྒན་པ་དག་གིས་ངག་འགྲོས་ལས་ཐོས་པར་བཤད།  སྒྲུབ་ཁང་དེའི་འགྲམ་དུ་ཡོད་པའི་ཐོད་འབུར་ཆུང་ཆུང་ཞིག་གི་མིང་ལ་ད་དུང་ཡང་མ་ཎི་ཐོད་མགོ་ཟེར་གྱིན་འདུག

       གཞན་ཡང་མཚོ་ཁ་དེར་སྤྱི་ལོ་༢༠༡༣ལོའི་ཧོར་ཟླ་༨པའི་ཚེས་༩ཉིན་མདོ་སྔགས་བསྟན་པའི་བདག་པོ་༧ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་དྲུག་པ་ཆེན་པོ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་ཕེབས་པར་མ་ཟད།   ཁོང་གི་བཞུགས་ཁྲི་ཆུང་ཆུང་ཞིག་ཀྱང་མཚོ་ཁ་དེར་འདུག  ད་ལྟ་ཡོངས་གྲགས་སུ་དེ་ལ་ཧོར་གཙང་མཚོ་ཟེར་གྱིན་འདུག   རྒྱུ་མཚན་ཁོང་གི་རྣམ་ཐར་ལས། སྟོན་མཇུག་ཧོར་གཙང་མཚོ་ཁར་གདན་དྲངས་པ་ལྟར་ཕེབས་ཏེ་ཞག་ཤས་དེར་བཞུགས་ནར་ཧོར་གཙང་དགོན་གསར་དུ་ཕེབས་ཏེ། ཞེས་གསུངས་པ་ལས་ཀྱང་ཤེས་སླ།     རིག་གསར་གྱི་གདུག་རྩུབ་ཁྲོད་མཚོ་ཁ་སྡེ་བར་སྨན་སྐུ་བྱིན་ཅན་ཞིག་ཡོད་པ་དེ་ཡང་སྐབས་དེའི་སྔོན་ཐོན་པ་དག་གིས་མཚོ་ནང་དུ་གཤེགས་པར་བཤད་ལ། ཕྱིས་སུ་སྨན་སྐུ་རིམ་གྱིས་ཞུ་ནས་མཚོ་ནང་འཐིམ་ཟིན་ནའང་། སྨན་སྐུ་བྱིན་ཅན་དེའི་སྲོག་ཤིང་མཚོ་ནང་དུ་གསལ་ལྷང་ངེར་ད་དུང་དངོས་སུ་མཇལ་རྒྱུ་ཡོད་པར་མ་ཟད།  ༧ཁོང་ཨ་ལག་བླ་ཁོ་རིན་པོ་ཆེ་མཆོག་གིས་དངོས་སུ་རང་ཉིད་ཀྱི་གཟིགས་སྣང་ལྟར་དུ་ཀླུ་མ་དྲོས་པའི་སྐུ་བརྙན་ཞིག་གམ་མཚོ་མ་དྲོས་པའི་དབྱིབས་གཟུགས་ཇི་བཞིན་རྡོ་ངོར་བྲིས་ནས་མཚོ་ནང་དུ་བཞུགས་སུ་གསོལ་བས། སྐབས་དེ་ནས་བཟུང་མཚོ་འདིས་མིང་ལ་མ་དྲོས་མཚོ་ཞེས་འབོད་པར་བཤད་སྲོལ་ཞིག་ཀྱང་འདུག  

     སྤྱི་ལོ་༢༠༡༣ལོར་༧ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་དྲུག་པ་ཆེན་པོ་མཚོ་ཁར་ཕེབས་སྐབས་མཚོ་ནང་ནས་ཀླུ་མ་དྲོས་པའམ་མཚོ་མ་དྲོས་པའི་དབྱིབས་གཟུགས་བྲིས་པའི་རྡོ་ཕྱིར་བཏོན་ཏེ།  མཚོ་ཁར་བཞུགས་ཡོད་པ་དེང་སང་དངོས་སུ་མཇལ་རྒྱུ་ཡོད་པ་ལྟར་ལགས་ཤིང་།  དེ་བཞིན་དུ་མཚོ་ཁ་སྡེ་བ་འདིས་གནའ་ནས་བཟུང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དམ།  ཀླུ་རིགས་ཀྱིས་གནོད་པ་ཐེབས་པར་དོགས་ནས་ཕག་རིགས་འཚོ་སྐྱོང་བྱ་སྲོལ་གཏན་ནས་མེད་པར་བྱས་འདུག  མཚོ་དེའི་གཡས་ཕྱོགས་ཀྱི་ཅུང་མཐོ་བའི་རི་སྐེད་དུ་ལབ་ཙེ་ཞིག་ཡོད་ལ་དེ་ནི་མཚོ་ཁ་སྡེ་བའི་ཡུལ་ལྷ་གཞི་བདག་བྲག་ཆོག་ཟེར་བ་དེ་རེད།  ལབ་ཙེ་དེའི་འགྲམ་དུ་ཁོང་གིས་ཐུགས་རྗེ་ཆེན་པོའི་དབང་གསུངས་སའི་ཁྲི་རེད་ཅེས་སྐུ་འབུམ་ཆུང་ཆུང་ཞིག་ཀྱང་འདུག   དེ་ནས་གཡས་ཕྱོགས་ཀྱི་སྣེ་གདོང་ཅུང་ཙམ་བརྒལ་ཚེས་གནས་དེར་ཆ་འགྲིག་ཡང་འགྲིག་གི་ལྷ་ཁང་ཆུང་ཆུང་ཞིག་འདུག་ལ།

     དེ་ནི་༧རྗེ་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་གི་སྒྲུབ་ཕུག་དངོས་ཡིན་པར་བཤད་ལ།  བགྲང་བྱ་བཅུ་ཕྲག་ལྷག་གི་ཡར་སྔོན་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་ལགས་ཁྱུང་དགེ་ཚང་གི་དབུ་ཁྲིད་འོག  མཚོ་ཁ་སྡེ་བས་མཐུན་རྐྱེན་གང་མང་སྦྱར་བ་ལ་བརྟེན་ཏེ་ད་གཟོད་ད་ལྟའི་ལྷ་ཁང་འདི་ལེགས་འགྲུབ་བྱུང་བ་རེད་འདུག  ལྷ་ཁང་དེའི་ནང་གི་གཙོ་སྐུ་ནི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཞིག་ཡིན་ལ། དེའི་གཟུངས་བཞུགས་ཏུ་ཁོང་གི་བསེའུ་གའུ་ཞིག་བཞུགས་ཡོད་པར་བཤད་མོད། རྣམ་ཐར་ལས།  སྐུ་གོང་མ་རིན་པོ་ཆེས་བསེའུ་གའུ་ཁ་སྦྱོར།   བསེའུ་གའུ་ད་ལྟ་ཡོད་པ་འདི་ཡིན་གསུངས་པས་ཁོང་གི་དུས་སུ་ཡོད་འདུག་ཀྱང་ད་ལྟ་ཡོད་མེད་ཆ་མ་འཚལ།  ཞེས་གསུངས་འདུག་པས་ད་ལྟའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་གཟུངས་བཞུགས་ཏུ་བཞུགས་པའི་བསེའུ་གའུ་དེ་ཡིན་ནམ་སྙམ་པས་དཔྱོད་ལྡན་དག་གིས་དཔྱད་པར་བྱའོ།།

     གཞན་ཁོང་གིས་དངོས་སུ་ཕྱག་བཟོ་མཛད་པའི་གནྜི་བྱིན་ཅན་རེད་ཅེས་གོས་སེར་བོ་ཞིག་གིས་བཅུད་ནས་གཙོ་སྐུའི་མདུན་གྱི་རབ་གསལ་ནང་དུ་བཞུགས་འདུག་ལ།  གཙོ་སྐུའི་མདུན་ནས་ཕྱག་འབུལ་རྗེས་ཐད་ཀར་མགོ་བོ་དགྱེས་ཙམ་གྱིས་གནྜི་བྱིན་ཅན་ལ་གསལ་བོར་མཇལ་ཐུབ།   གཙོ་སྐུའི་གཡས་ཕྱོགས་ཀྱི་མཐོ་སར་བལྟས་ན་ཀུན་དགའ་ར་བའི་ནང་དུ་སྒྲོན་ལྗང་བརྩེགས་གྲུབ་མའི་ཞལ་ཐང་ཆུང་ཆུང་ཞིག་ལ་མཐའ་ཤིང་སྤྲད་དེ་བཞུགས་ཡོད་པ་ནི། དཀོན་གཉེར་གྱིས་དེ་ནི་༧ཁོང་གིས་དངོས་སུ་ཕྱག་བཟོ་མཛད་པ་ཡིན་ལ། སྔོན་ཆད་མཚོ་ཁ་སྡེ་བའི་སྒྲུབ་ཁང་རྙིང་བའི་ནང་དུ་རྟེན་སྐལ་དུ་གནང་བ་ཡིན་མོད།  ཕྱིས་སུ་༧ཀུན་མཁྱེན་དྲུག་པ་ཆེན་པོའི་བཀའ་ལུང་བཞིན་སྒྲུབ་ཁང་རྙིང་བ་ཁ་མལ་ནས་བཞག་ཏེ། སྔར་གྱི་སྒྲུབ་ཁང་རྙིང་བའི་ཞོལ་དུ་བགྲང་བྱ་བཅུ་ཕྲག་ལྷག་གི་ཡར་སྔོན་དུ་སྒྲུབ་ཁང་གསར་བ་ཞིག་གསར་བཞེངས་ལེགས་འགྲུབ་བྱུང་འདུག   སྐབས་དེ་དག་གི་སྔ་ཕྱི་གང་རུང་ཞིག་ཏུ་སྒྲོན་ལྗང་གི་ཞལ་ཐང་ཡང་ཁོང་གི་སྒྲུབ་ཕུག་ཏུ་གདན་དྲངས་པར་གསུངས།  དེ་བཞིན་དུ་༧ཁོང་གི་ལྗགས་རྩོམ་དང་ཕྱག་དཔེ་གྱ་ནོམ་པ་ཞིག་སྒམ་དུ་བཅུག་ནས་རང་དགར་ཁ་འབྱེད་མི་ཆོག་པའི་ཐམ་ཀ་བརྒྱབ་པ་སྟེ། རྗེས་སུ་བདག་གཉེར་ཡག་པོ་བྱེད་མཁན་མ་བྱུང་བར་རེ་འགས་སྒམ་ཁ་ཕྱེ་ནས་གང་འདོད་དུ་ཁྱེར་བ་སོགས་ཀྱི་རྐྱེན་ལས་འཐོར་བརླག་ཏུ་སོང་བ་ཤིན་ཏུ་མང་ནའང་།  ད་ལྟ་ང་ཚོའི་བགོ་སྐལ་དུ་གྱུར་བ་འདི་དག་ནི་༧ཁོང་གི་དངོས་སློབ་ཅིག་གིས་སྐབས་དེ་ཙམ་དུ་ཐབས་ཤེས་ཡོད་དགུའི་ཉར་ཚགས་བྱས་པ་རྐྱང་རྐྱང་ཡིན་འདུག  གཞན་ད་དུང་ལྷ་ཁང་ནང་དུ་ཁོང་གི་བཞུགས་ཁྲི་དང་ཞལ་ཐང་སྨན་སྐུ་གསེར་སྐུ།  རྒྱལ་བའི་བཀའ་འགྱུར་སོགས་ཤིན་ཏུ་ངོ་མཚར་བའི་སྐུ་གསུང་ཐུགས་རྟེན་མཐའ་ཡས་པ་ཡོད་ནའང་འདིར་མང་དོགས་ནས་རྒྱས་བཤད་ཀྱིས་མ་སྤྲས་སོ།། 

     ལྷ་ཁང་གི་གཡས་ཕྱོགས་ཀྱི་ལུང་ཁུག་ཅིག་ཏུ་ཡན་ལག་བརྒྱད་ལྡན་གྱི་ཆུ་ཧ་ཅང་དྭངས་ཤིང་བསིལ་བའི་རང་བཞིན་ཅན་ཞིག་ཡོད་པ་ནི། ༧ཁོང་གིས་སྒྲུབ་སྦྱོང་མཛད་སྐབས་ཀྱི་གསོལ་ཆུ་ཡིན་པར་ཡུལ་མི་དག་གིས་བཤད། དེའི་ཕྱིར་མཚོ་ཁ་སྡེ་བའི་ཡུལ་མི་དག་གིས་ཆུ་དེ་ཆུ་སྦུབས་སུ་དྲངས་ཏེ་ད་ལྟ་སྡེ་བ་དེའི་རྒན་དར་གཞོན་གསུམ་ཀུན་གྱིས་ལོངས་སུ་སྤྱོད་བཞིན་པ་ལགས་སོ།། 

     ཞེས་ཧོར་གཙང་མཚོ་ཁར་གནས་མཇལ་དུ་སོང་བའི་སྐོར་གྱི་མཐོང་སྣང་མདོར་བསྡུས་ཙམ་ཞིག་བྲིས་པ་འདི་ལ་ནོར་འཁྲུལ་གང་ཡོད་མཐའ་དག་ཐ་ཤལ་བ་བདག་ཁོ་ནས་ལན་པ་ཡིན་པས།  ཐམས་ཅད་ལ་དགོངས་འགལ་མེད་པར་ཞུ་བ་དང་ཆབས་ཅིག་འདི་ལྟ་བུའི་གནས་ཁྱད་པར་ཅན་ཞིག་ལ།  སྔར་མཇལ་མ་མྱོང་བའམ་ཐོས་མ་མྱོང་བ་དག་ལ་ཨེ་ཕན་སྙམ་པའི་ཀུན་སློང་གཙང་མས་བྲིས་པ་ལགས་པས།  རང་དང་སྐལ་བ་མཉམ་པའི་དད་ལྡན་འགྲོ་བ་ཡོངས་ལ་ཕན་ཐོགས་པར་གྱུར་ཅིག

སྤྱི་ལོ་༢༠༡༦ལོའི་ཟླ་༦པའི་ཚེས་༢༦ཉིན་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་ནས།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
64va བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15095775
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号