ང་དང་ཤེས་རབ་འོད་སྣ​ང་སློབ་གླིང་།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 20 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» བོད་ཀྱི་སློབ་ཆུང་གི་སྐོར། »ང་དང་ཤེས་རབ་འོད་སྣ​ང་སློབ་གླིང་།
ང་དང་ཤེས་རབ་འོད་སྣ​ང་སློབ་གླིང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/6/28ལྟ་ཀློག (2864)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁམས་ཀྱི་མུ་འབྲེལ་ཟིན་རྩོམ། 

ཁག་དང་བོ།

ང་དང་ཤེས་རབ་འོད་སྣང་སློབ་གླིང་།

      ན་ནིང་དབྱར་སྟོན་ཞིག་ལ་གྲོགས་ག་གེ་མོ་ཞིག་བརྒྱུད་དེ་ཁམས་ཕྱོགས་ཀྱི༼ཤེས་རབ་འོད་སྣང་སློབ་གླིང་༽ གསོལ་བ་ཞིག་ཏུ་དགེ་རྒན་གྱི་ལས་ཀ་གཉེར་བར་སེམས་ཐག་བཅད་ནས། ཕ་ཡུལ་ནས་ལམ་ཆས་བསྒྲིགས་ཏེ་ཟི་ལིང་ནས་ཡུལ་ཤུལ་ལ་སྐྱོད་པའི་ལམ་བར་དུ། རླངས་འཁོར་གྱི་ལྡིར་སྒྲ་རིང་མོས་ཉིན་མཚན་ཞིག་ཕར་ལ་བསྐྱལ་ཏེ། རི་ཆུ་ལུང་གསུམ་ཕྲེད་ཀྱིས་གཅོད་སྐབས། ངའི་རེ་དོགས་ཁྲོད་ཀྱི་སློབ་གླིང་དེ་ཐག་རིང་ཐག་རིང་ཞིག་ཡིན་སྣང་སྐྱེས་ཀྱང་། ལས་ཀྱིས་འབྲེལ་བའི་སློབ་གླིང་དེའི་སྐོར་གྱི་གནས་ཚུལ་ཅུང་ཙམ་རེ་སྔོན་ནས་རྣ་སར་ལྷུང་མྱོང་བས། ལུས་སེམས་ཅུང་ལྷོད་ཉམས་ཀྱིས་སྒོ་ནས་ཏག་ཏག་ཉི་ནུབ་ཀྱི་ས་སྲོད་ཅིག་ལ། སྤང་གཞུང་སྔོ་ལྡེམ་ལྡེམ་འཁྱིལ་བའི་འབྲོག་སྡེ་མང་བོ་ཞིག་གིས་བསྐོར་འདུག་པའི་སློབ་གླིང་དེར་དངོས་སུ་འབྱོར་སོང་།  

        དེ་ནས། དེ་གར་ཡོད་པའི་སྔོན་ཆད་སློབ་གླིང་གཅིག་ནས་སྐྱིད་སྡུག་མཉམ་རོགས་ཀྱི་གྲོགས་པོ་གཉིས་དང་ལྷན་དུ་གླེང་མོལ་ཁྲོད་ནས་ཉིན་དེའི་འཚོ་བ་དེ་ལྟར་མཇུག་སྒྲིལ་སོང་། ཕྱི་ཉིན་སྔ་མོར་ལངས་ཏེ་སློབ་གྲྭའི་ཁོར་ཡུག་ལ་འཆམ་འཆམ་དུ་སོང་བ་ཡིན། ཉིན་དེར་གཟའ་ཉི་མར་འཁེལ་འདུག་པས། སློབ་མ་ཚང་མས་རང་མོས་སྒོས་དཔེ་དེབ་སྣ་ཚོགས་ལ་ལྟ་བཞིན་འདུག སློབ་གྲྭའི་ཉལ་ཁང་དང་སློབ་ཁང་སོགས་གྲོང་ཁྱེར་ནང་བཞིན་ཁང་རྩེག་ལ་བརྗིད་ཉམས་མེད་ཀྱང་། འབྲོག་ཁུལ་གྱི་སློབ་གྲྭ་ཞིག་ལ་མཚོན་ན་ཆ་རྐྱེན་ལེགས་སོང་བྱུང་འདུག་པར་མ་ཚད། རང་ཉིད་ལ་སྔོན་ནས་བོད་ཕྲུག་གཙང་མ་ཞིག་གི་རྣམ་ཤེས་ལ། གཞན་རིགས་ཀྱི་སླད་མི་འདྲེས་སའི་འབྲོག་ཁུལ་གྱི་སློབ་གྲྭ་ཞིག་ཏུ་བསྡད་ན་བསམས་པའི་རེ་བ་དེ་མ་འགྲིག་རང་འགྲིག་ཏུ་གྱུར་འདུག་པས། སེམས་ལ་ཅུང་དགའ་ཚོར་ཞིག་སྐྱེ་ཞོར་ཉིན་ཞག་འགའ་འདས་རྗེས། དངོས་སུ་འཛིན་གྲྭ་གཉིས་ལ་བོད་ཡིག་སློབ་ཁྲིད་ཀྱི་ལས་སུ་ཞུགས་པ་ཡིན། དེ་ནས་བཟུང་ཉིན་རེ་རེའི་སློབ་ཐུན་སྐབས་སུ་སློབ་མ་ཚོ་དང་མཉམ་པོར་སྤྲོ་སྣང་གིས་སློབ་ཁྲིད་དང་གླེང་མོལ་མང་བོ་བྱས་པར་མ་ཟད། ད་དུང་ཁོ་ཚོའི་མིག་མདངས་ཁྲོད་ནས། རང་ཉིད་ཆེས་སྤྱིར་གཏང་གི་ཁོ་ཚོའི་གྲོགས་པོ་ཞིག་གི་ཚུལ་གྱིས་སྡོད་པའི་སྐབས་རེ་རེར། བདག་གི་འཚོ་བ་ཁོ་ཚོའི་ཟོལ་མེད་ཀྱི་མིག་མདངས་ཁྲོད་ནས་འཛུམ་གྱིས་ཁེངས་མྱོང་།

       དེ་ལྟར་དགུ་ཟླ་རིང་མོ་ཞིག་གི་སྣེ་ནས་སློབ་སྐབས་ཤིག་མཇུག་སྒྲིལ་ལ་ཉེ་དུས། ད་ནི་སློབ་གླིང་དེའི་ཕྱི་ནང་ཡོད་ཚད་རྒྱུས་ཡོད་དུ་གྱུར་ཡོད་ལ། སློབ་གླིང་དེ་ནི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་ནར་སོན་པའི་ངེས་དོན་གྱི་མཁས་པ། ༧མཚན་ལ་མཁན་པོ་ཚུལ་ཁྲིམས་རྣམ་དག་གསོལ་བ་ཁོང་གིས་བོད་ཀྱི་རིག་གནས་སྤྱིའི་ཉམས་རྒུད་དང་། སྒོས་སུ་རང་ཡུལ་གྱི་འབྲོག་སྡེ་ཕྱུག་མོ་འདིའི་བྱིས་པའི་གྲངས་འབོར་མང་ཡང་། རིག་གནས་སྦྱང་བའི་གོ་སྐབས་རག་གི་མེད་པ་སོགས་སེམས་ནས་མ་བཟོད་པར། སློབ་གླིང་ཞིག་འཛུགས་དགོས་སྙམ་པའི་རེ་བ་ཟབ་མོ་ཞིག་བཅངས་ཀྱང་། ཆེས་སྦྱིར་གཏང་གི་གྲྭ་རྐྱང་ཞིག་གིས་སློབ་གླིང་ཞིག་འཛུགས་དགོས་ན་སྒོར་མོའི་གྲངས་ཚད་ཉུང་ངུ་ཞིག་གིས་མི་ཡོང་བར་ཐུགས་ལ་དགོངས་ནས། ཕ་ཡུལ་རྒྱབ་ཏུ་བཞག་སྟེ་ཅི་ཞིག་འཚོལ་འདོད་ཀྱི་གོམ་ཁ་འགྲུལ་བཞུད་ལ་ཕྱོགས་ཏེ། ཧི་མ་ལའི་ཕ་རོལ་ནས་ཡུལ་ལུང་དང་སྐད་རིགས་མི་གཅིག་ས་རེ་ནས་ཟོས་གོས་ངན་ངོན་རེ་སྤྱད་དེ། མིག་ཟུང་རང་ཡུལ་ལ་ཕྱོགས་བཞིན་བསགས་པའི་དངུལ་རྡོག་རེ་རེས་ཕུགས་བསམ་མངོན་འགྱུར་བྱུང་སྟེ།

     སྤྱི་ལོ་༢༠༠༢ལོར་ཕ་ཡུལ་གྱང་དགེ་རྩྭ་ཐང་དུ་སྒོར་ཁྲི་༢༠༠ལྷག་བཏང་སྟེ་སློབ་ཁང་དང་ཉལ་ཁང་སོགས་གསར་འཛུགས་གནང་བར་མ་ཟད། དགེ་རྒན་དང་སློབ་མར་ཟོས་གོས་ཀྱི་འཚོ་བ་ཆ་ཚང་སྤྲད་དེ་སློབ་མགོ་བཟུང་ནས། ཕ་ཡུལ་ལུང་བ་ལ་ཤེས་རིག་གི་འོད་སྣང་གསར་བ་ཞིག་བསྐྲུན། དེ་འདྲའི་སློབ་གླིང་དེའི་མིང་ལ༼ཤེས་རབ་འོད་སྣང་སློབ་གླིང་༽གསོལ། དེ་བཞིན་༧མཁན་པོ་ཁོང་གི་དཀའ་ལས་མང་བོ་མྱངས་ཀྱང་། ད་དུང་མི་རིགས་སློབ་གསོའི་ཆེད་དུ་ཐུགས་ལྷོད་ལྷོད་ཀྱིས་སྡོད་རྒྱུ་མ་ལོངས་པར། སྔར་བཞིན་གཞན་ཡུལ་དུ་དངུལ་རྡོག་རེ་སློང་བར་ཕེབས་པའི་ཕྱིར་དུ། ཁོང་གི་སྤུན་ཆུང་བ་ཕུན་ཚོགས་དར་རྒྱས་ལགས་ཀྱིས་དཀའ་བ་ཁྱད་དུ་བསད་ནས། སློབ་གླིང་འདིའི་གཙོ་འགན་ཆ་ཚང་བཞེས་ཏེ་ད་བར་དུ་རིག་གནས་སློབ་གསོའི་ཕྱོགས་སུ་ཐུགས་ཁུར་གནང་བར་མ་ཟད། ད་དུང་གཏོང་མོས་སུ་མཆིས།

      ༢༠༠༦ ལོར་ཞིང་ཆེན་དང་ཁུལ་རིམ་པ་སོགས་ཀྱིས་༧མཁན་པོ་ཁོང་གི་ཕྱག་ལས་དང་ལྷག་བསམ་ལ་གོང་བཀུར་བྱས་ཏེ། སློབ་གླིང་འདི་ནི་སྐྱོ་བྲག་བཅའ་སྡོད་སློབ་ཆུང་གཉིས་པར་གཏན་འཁེལ་བྱས། ཁོ་བོས་འདི་ལྟར་གླེང་འདོད་པ་ནི་གཞན་ལ་ངོམ་སོ་རྒྱག་ཆེད་མ་ཡིན་པར། སློབ་གླིང་འདིའི་ཚེ་སྲོག་ནི་བོད་ཀྱི་རིག་གནས་ལ་ལྷག་བསམ་རྣམ་དག་གིས་གཅེས་པའི་གྲྭ་རྐྱང་ཞིག་དང་མི་ཚང་དཀྱུས་མ་ཞིག་ལ་འབྲེལ་འདུག་ཡོད་པས་ཡིན། མི་ཚང་དཀྱུས་མ་དེ་ནི་༧མཁན་པོ་ཁོང་གི་སྤུན་ཆུང་བ་ཕུན་ཚོགས་དར་རྒྱས་ཚང་རེད། ང་རང་གནང་བ་ཞིག་གི་སྐབས་དང་བསྟུན་ནས་ཁོང་ཚོའི་ཁྱིམ་དུ་ཉིན་བཅུ་ཕྲག་ལྷག་ལ་བསྡད་པ་ཡིན། ཁོང་གི་ཁྱིམ་དུ་རང་གི་མི་ཚེ་སྐྱེལ་རོགས་ཀྱི་བཟའ་ཟླ་བུ་ཕྲུག་ཚོས་ཀྱང་། ཆེས་སྤྱིར་བཏང་གི་འཚོ་བ་ཞིག་བསྐྱལ་ཏེ་བསྡད་འདུག་པར་མ་ཚད། དབྱར་དགུན་གྱི་གནང་བའི་སྐབས་སུ་ཡང་དགེ་སློབ་སྟོང་ལ་ཉེ་བ་རེར་དཔལ་འབྱོར་གྱི་འགྲོ་གྲོན་ཆ་ཚང་བཏང་ནས། གསབ་སྦྱོང་བསྡུས་ཏེ་ཁ་བཤད་ལག་ལེན་གྱིས་བོད་སྐད་ཡིག་ལ་ཞབས་ཞུ་རྣམ་དག་རེ་བསྒྲུབས་པ་དེས། ང་རང་ཁོ་ཚོར་དགའ་དད་བླ་ལྷག་ཅིག་སྐྱེ་རུ་བཅུག ང་རང་མི་ལོ་ཉི་ཤུ་ལྷག་ཟད་པའི་ད་ལྟའི་བར་དུ་འདི་འདྲའི་རླབས་ཆེན་གྱི་ལས་དོན་བགྱིས་པའི་མི་ལ་འཕྲད་པ་ཧ་ཅང་ཉུང་ཉུང་ཡིན་ལ། ཕལ་ཆེར་གཅིག་གཉིས་ལས་མེད་ཅེས་བརྗོད་ཀྱང་ཆོག

      དེའི་ཕྱིར། རང་ཉིད་ལ་མཚོན་ན་མི་རིགས་ཀྱི་སྐད་ཡིག་གཅེས་ནོར་དུ་འཛིན་པའི་འདི་འདྲའི་སློབ་གླིང་ཞིག་གི་ནང་དུ་ཁོ་ཚོའི་དཔུང་རོགས་བྱ་རྒྱུ་བྱུང་བ་ནི་རིན་ཐང་ལྡན་པ་ཞིག་ཏུ་བསམས་ཡོད། འོན་ཀྱང་། མི་སུ་ཡིན་ཡང་རང་གི་འདོད་མོས་ཀྱི་ལམ་ཁ་དེར་བགེགས་རྐྱེན་མང་བཞིན། ང་རང་དབྱར་དགུན་གྱི་གནང་བ་སྐབས་ཕྱིར་ཕ་ཡུལ་ལ་ལོག་ཐེངས་རེ་རེར་ཕ་མ་གཉེན་ཉེ་དག་གིས་བཀའ་བཀྱོན་གནང་སྟེ། ཁྱོད་ས་ཐག་རིང་ཞིག་ནས་དེ་ལྟར་རྒས་སུ་འཇུག་གམ། ས་མཐའ་ན་ཁྱོད་ལ་བློས་མི་ཆོད་པའི་བྱ་བ་ཅི་ཞིག་ཡོད་ཅེས་ནམ་ནམ་སྡིགས་དམོད་བྱས་ཀྱང་། ཡིད་ངོས་ལ་ལྷག་པའི་ཐག་རིང་གི་སློབ་གླིང་དེ་དང་སློབ་མ་ཚོའི་འཛུམ་མདངས་རེ་རེ།   ང་ལ་མཚོན་ན་བརྗེད་དུ་དཀའ་བ་ཞིག་རེད།           དེ་ཡང་ལོས་ཡིན་ཏེ། ཁོ་ཚོ་ནི་ངའི་མི་ཚེ་ནང་དགེ་རྒན་ཞེས་འབོད་མཁན་ཐོག་མ་དེ་ཡིན་པས། ང་ཁོ་ཚོར་སྙིང་ནས་དགའ་མོད། ཉིན་ཉིན་ཁོ་ཚོས་ང་དགེ་རྒན་ཞེས་འབོད་སྐབས། ང་ལ་སེམས་ཁྲལ་ཞིག་དང་དྲི་རྟགས་ཤིག་ཐོན་ཡོང་། དགེ་རྒན་གྱི་ལས་ཀ་ནི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་ཡང་། རླབས་ཆེན་གྱི་དགེ་རྒན་ཞིག་བྱ་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་རེད་བསམ་རྒྱུ་དེ་ཡིན། ཉིན་རྒྱུན་ངས་སློབ་འཁྲིད་ཀྱི་སྐབས་སུ་སློབ་མ་ཚོར་དེ་ལྟར་བཤད་མྱོང་། ང་ནི་ས་ཐག་རིང་བོ་ནས་ཡོང་བའི་དགེ་རྒན་ཞིག་ཡིན། ང་འདིར་གར་བསྡད་དེ་ཁྱོད་ཚོར་ཕན་པ་རེ་བྱུང་ན་སྡོད་ཆོག་ལ། མ་བྱུང་ན་འཁྲིད་སྟེགས་འདིའི་གོ་ཐོབ་སྤྱོད་མི་ཕོད་ཅེས་བཤད་མྱོང་། ད་ལྟ་ཡང་དེ་ཡིན། ང་རང་ཚུལ་མཐུན་གྱི་དགེ་རྒན་ཞིག་བྱས་ནས་ཅི་ཙམ་གནས་ཐུབ་པ་བྱུང་ན་སློབ་གླིང་འདིར་གར་སྡོད་རྩིས་ཡིན་ལ། དེ་མ་ཐུབ་ཀྱང་འདི་གའི་དགེ་སློབ་ཚོ་ནི་མི་ཚེ་འདིའི་ཆེས་བརྗེད་དུ་མེད་པའི་དྲན་ངོས་ཀྱི་མི་རེ་རེ་རེར་ཆགས་ཡོད།

2015 5 20 མེ་རོ། 


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wum1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15119545
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号