མེ་མདའི་མཆུ་འོག་གི་གཙང་བོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »མེ་མདའི་མཆུ་འོག་གི་གཙང་བོ།
མེ་མདའི་མཆུ་འོག་གི་གཙང་བོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/8/2ལྟ་ཀློག (2318)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཨན་ཏུང་ཉི་ཟི་སུའུ་མ་ལ་ཅི་ཟི་ཡིས་བརྩམས།

རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།

      ལོ་གཉིས་དང་ཕྱེད་ཀའི་ཡར་སྔོན་དུ་རྒྱལ་ཁབ་འདིར་དམག་འཁྲུག་བྱུང་སོང་།  དེ་ནས་བཟུང་དམག་འཁྲུག་གི་མེ་ལྕེ་ནི་རྒྱལ་ཁབ་འདིའི་གྲུ་ཁ་སོ་སོར་མཆེད་ཀྱིན་གདའ།

གནས་འདི་ནི་ནུབ་བརྒྱུད་ཀྱི་ནགས་ཁུལ་ཡིན། ཡངས་ཤིང་རྒྱ་ཆེ་བའི་འཛིན་མའི་སྟེང་དུ་ནགས་ཚལ་སྟུག་པོས་ཡོངས་སུ་བཀླུབས་ཤིང་ཁོད་ཆེ་བའི་གཙང་བོ་ཞིག་ལྷུང་ལྷུང་དུ་འབབ་བཞིན་ཡོད། གཟའ་འཁོར་གསུམ་གྱི་ཡར་སྔོན་དུ་རུ་ཤོག་གཅིག་གི་དམག་མི་གཙང་བོའི་ཚུར་རོལ་ནས་བསྡད་བྱུང་།  དེར་མཐུད།  དགྲ་དམག་གི་རུ་ཤོག་གཉིས་ཀྱིས་གཙང་བོའི་ཕ་རོལ་ནས་སྒར་བཏབ་བྱུང་།  འོན་ཀྱང་ཁོ་ཚོས་འཛིང་རེས་བྱས་མ་སོང་བས་ཡང་སྙིང་ཅི་ཞིག་བྱེད་འདོད་ཡོད་པ་མི་རྟོགས།  དེ་བཞིན་དུ་ཕྱོགས་གཉིས་ཀའི་སོ་དམག་གཙང་བོའི་འགྲམ་གཉིས་ཀྱི་ནགས་གསེབ་ཏུ་བསྐུངས་ནས་དམག་འཐབ་ཀྱི་གོ་སྐབས་ལ་བསྒུག་ཡོད།

       དམག་དཔུང་གཙང་འགྲམ་དུ་འབྱོར་དུས་ནམ་ཟླ་ཧ་ཅང་འཁྱག   ཡིན་ཡང་ཉིན་འགའི་སྔོན་གནམ་གཤིས་དྭངས་ཤིང་དཔྱིད་ཀྱི་དཔལ་ཡོན་ཤར་ཡོད།

      གནམ་གཤིས་ཀྱི་བརྗེ་འགྱུར་གྱིས་འཐབ་མོ་བ་རྣམས་ཀྱི་ལུས་པོ་ཚ་བས་གཟེར།   མ་ཟད་ལོ་འདི་གཉིས་དང་ཕྱེད་ཀའི་རིང་ཁོ་ཚོས་ལུས་པོ་ཁྲུས་ཐེངས་གཅིག་ཀྱང་བྱས་མ་མྱོང་བར་ལུས་སྟེང་ནས་དྲི་ངན་འཐུལ་འོང་བས་གཙང་བོ་དེ་ནི་ཁོ་ཚོ་དབང་མེད་དུ་བསླུ་བྱེད་ཅིག་ཏུ་གྱུར་སོང་།  ཉིན་ཞིག་གི་ཞོགས་པར་དམག་མི་ཞིག་ཁ་རོག་གེར་དམག་སྒར་ལས་ཕྱིར་བུད་དེ་གཙང་བོའི་ནང་ལ་ཞུགས།  ཁོ་རང་ཏག་ཏག་རང་བྱུང་ཁམས་ཆེན་པོའི་པང་ནས་དགའ་བདེའི་ངང་ཁྲུས་ལ་རོལ་བཞིན་པའི་སྐབས་སུ།  སྐག་སྐག་གི་སྒྲ་དང་བཅས་གཙང་བོའི་ཕ་རོལ་ནས་བརྩེ་མེད་ཀྱི་མདེའུ་གཉིས་ཐོན་བྱུང་།  ཁྲག་དམར་གྱིས་གཙང་བོའི་ཁ་དོག་བསྒྱུར་ཞིང་ཅང་མ་འགོར་བར་དམག་མི་དེ་རང་ཕྱོགས་ཀྱི་གཙང་འགྲམ་དུ་བུད་མཐར་ཆུ་ཚོད་འགའི་རྗེས་དབུགས་ཆད།

  ཉིན་གཉིས་པར།  ཡང་དམག་མི་གཉིས་བུད་སོང་།  ཡིན་ཡང་ཁོ་ཚོ་སླར་ཡར་ཕྱིར་ལོག་རྒྱུ་མ་སོང་།  མི་རྣམས་ཀྱིས་གཙང་བོའི་ཕ་རོལ་ནས་སྦགས་སྦགས་མེ་མདའི་སྒྲ་ཞིག་གྲགས་རྗེས་འཇམ་ཅག་གེར་གྱུར་བ་ཐོས།

    ཉིན་འདིར།   དམག་སྒར་ཧྲིལ་བོའི་དམག་མི་ནགས་འགྲམ་གྱི་ཐང་སྟོང་དུ་བསྡུས།  བཀའ་འཛིན་ཁང་གིས་དམག་དཔོན་ཞིག་མངགས་ཏེ་དམག་མི་ཡོངས་ལ་འདི་འདྲའི་བཀའ་ཡིག་ཅིག་སྒྲོག་འདོན་བྱས།   གཙང་བོའི་ནང་ནས་ཁྲུས་ལ་རོལ་མི་ཆོག་པར་མ་ཟད་གཙང་བོ་དང་བར་ཐག་སྨི་ཉིས་བརྒྱའི་མཚམས་ནས་མི་སུ་ཞིག་ཀྱང་ཉེ་བར་བཏུད་མི་ཆོག   བཀའ་ཡིག་འདི་དང་འགལ་མཁན་ཡོད་ན་དམག་དོན་ཁྲིམས་ཁང་དུ་བསྐྱལ་རྒྱུ་ཡིན།

     བཀའ་འཛིན་ཁང་གི་བཀའ་ཡིག་ལ་དགོད་བྲོ་བ་ལ་ཨང་།  དམག་མི་ཡོངས་ཀྱིས་ཀྱི་འདི་ལྟར་སྐད་མོས་ལེ་བདའ་བྱས།

     ཉིན་འདིའི་ཞོགས་པར།  དམག་མི་ཞིག་དམག་སྒར་ལས་བྲོས་ཏེ་གཙང་འགྲམ་དུ་སོང་།  ཁོས་རང་ཉིད་ཀྱི་ལྭ་བ་གཙང་བོའི་འགྲམ་ངོགས་ཀྱི་སྡོང་བོའི་གམ་ནས་བསྐྱུར་ཞིང་བོའུ་རིང་སྡོང་བོའི་སྟེང་དུ་ཁེན་ནས་ཡར་བསླངས།

    ལོ་གཉིས་རིང་ལ་འཐབ་པའི་དམག་འཁྲུག་འདིས་ཁོའི་ལུས་སེམས་གཉིས་ཀར་མནར་གཅོད་བཏང་ཡོད།  ཁོའི་ལུས་སྟེང་དུ་ད་དུང་རྨ་ཁ་གཉིས་ཀྱང་ཡོད།  དེའི་ཕྱིར་ཁོའི་དམར་མདོག་གི་ལུས་ཕུང་ཆུ་ལ་ཞུགས་མ་ཐག་ཚོར་བ་ལ་རང་ཉིད་བྱིས་པ་ཞིག་ཏུ་གྱུར་བའམ་མི་གསར་བ་ཞིག་ཏུ་གྱུར་བའི་སྣང་བ་བྱུང་།   དེ་མིན་བརྩེ་བ་དང་ཤེད་ཤུགས་ཀྱིས་ཁེངས་པའི་ལག་ཟུང་གིས་འགྱིག་སོབ་བཀོལ་ཏེ་རང་ཉིད་ཀྱི་ལུས་ཡོངས་ལ་ཕུར་ན་ལོ་ངོ་གཉིས་དང་ཕྱེད་ཀའི་ནང་གི་སྡུག་བསྔལ་ཡོད་ཚད་ཧ་ལམ་ཡོངས་སུ་ཕྱིས་པ་དང་འདྲ་བྱུང་།

    ཁོ་རང་སྐབས་འགར་ཆུ་ལ་རྐྱལ་ཞིང་སྐབས་འགར་ཆུ་ཁར་གན་རྐྱལ་དུ་བསྡད།  གཙང་བོའི་འགྲམ་གཉིས་སུ་མིང་མི་ཤེས་པའི་མཛེས་སྡུག་ཡི་གར་འོང་བའི་བྱིའུ་སྣ་ཚོགས་འཕུར་བཞིན་འདུག   བྱིའུ་དེ་དག་ཁོའི་མགོ་ཐོག་ཏུ་བབས་ཏེ་ཁོ་དང་མཉམ་དུ་རྩེད་འཇོར་རོལ་བ་དང་འདྲ།

    སྐབས་འདིར།  སྡོང་བོའི་ཡལ་ག་ཞིག་གཙང་བོའི་རླབས་ནང་དུ་ལྷུང་།  ཁོ་རང་དབང་མེད་དུ་ཆུ་བོའི་ནང་ཞུགས་ཏེ་དུས་ཚོད་ཡུན་རིང་བའི་དིམ་རྐྱལ་ཞིག་བྱས་ནས་ཚེ་སྲོག་མེད་ཀྱང་གཙང་བོའི་རླབས་ནང་དུ་བཏུམས་པའི་སྡོང་བོའི་ཡལ་ག་དེ་རང་ཉིད་ཀྱི་ལག་ནང་དུ་འཛིན་འདོད་བྱུང་།  ཁོས་དངོས་གནས་འདི་ལྟར་བསྒྲུབས་བྱུང་།  ཆུ་ཁར་བུད་དུས་ཏག་ཏག་སྡོང་བོའི་ཡལ་ག་དེའི་གམ་དུ་ཡོད།  སྐབས་འདིར་ཁོ་རང་དངངས་ཤིང་སྐྲག   རྒྱུ་མཚན་ཁོས་མདུན་ཕྱོགས་ཀྱི་སྨི་སུམ་ཅུའི་མཚམས་ནས་མི་ཞིག་གི་མགོ་མཐོང་བྱུང་།

    ཁོ་རང་ཁ་མལ་དུ་བསྡད་དེ་གསལ་བོ་ཞིག་ལྟ་འདོད་སྐྱེས།

    ཆུ་ལ་རྐྱལ་མཁན་གཞན་པ་དེས་ཀྱང་ཁོ་རང་མཐོང་སྟེ་བསྡད་བྱུང་།  ཁོ་གཉིས་ཀྱིས་ཕན་ཚུན་ལ་མིག་ཅེར་གྱིས་བལྟས་ཏེ་རང་ཉིད་ལ་གཏད་པའི་མི་དེ་ནི་རང་ཕྱོགས་ཀྱི་མི་ཡིན་ནམ་དགྲ་ཕྱོགས་ཀྱི་མི་ཡིན་པ་གསལ་བོར་མ་ཤེས།  ཁོ་གཉིས་ཀྱིས་ཆུ་ནང་ནས་ཕན་ཚུན་ལ་མིག་ཅེར་རེར་བལྟས་ཏེ་ཡུད་ཙམ་འགོར།  གློ་བུར་དུ།  མི་དེ་མགྱོགས་མྱུར་གྱིས་གཙང་བོའི་ཕར་ངོགས་སུ་རྐྱལ་ཞིང་དུས་མཉམ་དུ་མི་འདི་ཡང་ཧ་ལམ་རང་ཕྱོགས་ཀྱི་གཙང་བོའི་ཚུར་ངོགས་སུ་རྐྱལ་བྱུང་།  སྐད་ཅིག་མའི་དུས་དེར་ཚུ་རོལ་གྱི་མི་དེ་ཆུ་ཁར་བུད་ཅིང་མེ་མདའི་ཕྱོགས་སུ་བརྒྱུགས་ནས་ལག་ལ་མེ་མདའ་བཟུང་།   ཡིན་ཡང་ཕ་རོལ་གྱི་མི་དེ་སྐབས་ཏག་ཏག་འདིར་ཆུ་ཁར་བུད་དེ་མེ་མདའ་ཕྱོགས་སུ་རྒྱུག་བཞིན་འདུག

    ཁོས་མེ་མདས་དམིགས་འབེན་ལ་གསལ་བོར་གཏད།  ཁོ་ལ་མཚོན་ནས་བཤད་ན་མདེའུ་ཞིག་ཕ་རོལ་གྱི་མི་དེའི་ཀླད་པའི་ནང་རྫོང་རྒྱུ་ནི་སླ་མོ་ཞིག་ཡིན།  རྒྱུ་མཚན་མི་དེ་སྨི་ཉི་ཤུའི་མཚམས་སུ་ཡོད་པར་མ་ཟད་དམར་ཧྲེང་ཧྲེང་དུ་དམིགས་འབེན་ཧ་ཅང་གསལ།

    འོན་ཀྱང་ཁོས་མདེའུ་གཏོང་ཐབས་མི་འདུག   གཙང་བོའི་ཕ་རོལ་གྱི་མི་དེ་ཨ་མའི་བུམ་ལས་ལྷུང་མ་ཐག་པ་ནང་བཞིན་དམར་ཧྲེང་ཧྲེང་དུ་ཡོད། ཚུར་རོལ་གྱི་མི་དེ་ཡང་དམར་ཧྲེང་ཧྲེང་དུ་གཙང་འགྲམ་ན་འགྲེངས་ཡོད།  ཁོ་གཉིས་ནི་ལྭ་བ་ཕུད་ཅིང་རུས་མིང་དོར།  རྒྱལ་ཁོངས་དོར།  རས་ཁ་ཆིབ་ཀྱི་དམག་ལྭ་དོར་ཏེ་དམར་ཧྲེང་ཧྲེང་དུ་ཡོད།  མེ་མདའི་མཆུ་འོག་གི་གཙང་བོ་འདིས་ཁོ་གཉིས་ཁ་ཁར་མ་བཏང་བར་མཉམ་གཅིག་ཏུ་སྦྲེལ་ཡོད།

    ཁོས་མེ་མདའ་ས་རུ་བཞག་སྟེ་མགོ་བོ་སྒུར་བྱུང་།   སྐབས་འདིར་གཙང་བོའི་ཕ་རོལ་ནས་མེ་མདའི་སྒྲ་ཞིག་མཆེད་བྱུང་།  ཁོའི་མིག་མདུན་ནག་དུབ་བེར་གྱུར་ཏེ་ཅི་ཡང་མཐོང་རྒྱུ་མ་བྱུང་།བྱིའུ་འགའ་མེ་མདའི་སྒྲས་དཀྲོགས་ཏེ་ནགས་རྫོབ་ལས་ཕྱིར་འཕུར་འོང་།  ཁོ་རང་པུས་ཚུགས་སུ་བསྡད་དེ་དངངས་སྐྲག་གིས་ཁེངས་པའི་ངོ་གདོང་ས་ཐོག་ཏུ་འགྱེལ།

                    ༢༠༡༦ ༦ ༡༨ཉིན་གྱི་ཞོགས་པར་ཙོང་ཁ་གྱི་ཐང་ནས་བསྒྱུར།



མཆན།

༡    རྩོམ་འདིའི་ཁ་བྱང་ལ་མ་གཞིར༼གཙང་བོ༽ཟེར་ཞིང་བརྩམས་ཆོས་ལས་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་དད་མོས་བྱེད་པའི་རྩལ་ནུས་དང་དམག་འཁྲུག་གི་མནར་གཅོད་ཟབ་མཚོན་བྱས་ཡོད།

༢   ཨན་ཏུང་ཉི་ཟི།  སུའུ་མ་ལ་ཅི་ཟི་ནི་ཀེ་རི་སིའི་བཀུར་བསྟི་ཆེས་ཆེར་ཐོབ་ཡོད་པའི་རྩོམ་པ་པོ་ཞིག་ཡིན།  ཁོ་རང་ཆབ་སྲིད་ཤོག་ཁག་གང་ལའང་མི་གཏོགས་ཤིང་ཁོའི་ཕུགས་བསམ་ནི་ཞི་བདེ་དང་རང་དབང་།  སྤྱི་ཚོགས་དྲང་བཞག་ཡོང་རྒྱུ་ཡིན།  ཁོའི་སྒྲུང་ཐུང་སྐད་རིགས༣༠ལྷག་ལ་བསྒྱུར་ཡོད་པར་མ་ཟད་བྱ་དགའ་ཡང་ཐེངས་མང་ཐོབ་ཡོད།  དེའི་ཁྲོད་ཀེ་རི་སིའི་ཟླ་བཅུ་གཉིས་པའི་གཟེངས་རྟགས་དང་ཧྥ་རན་སིིའི་རྩོམ་རིག་གཟེངས་རྟགས།  ཡོ་རོབ་གླིང་གི་རྩོམ་རིག་གཟེངས་རྟགས་ཆེན་མོ་སོགས་འདུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41980243
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1