རུས་པའི་ལམ་གྱི་ཚོམ། ཙ་སུར་སྦྱིན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »རུས་པའི་ལམ་གྱི་ཚོམ། ཙ་སུར་སྦྱིན་པ།
རུས་པའི་ལམ་གྱི་ཚོམ། ཙ་སུར་སྦྱིན་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/9/20ལྟ་ཀློག (1998)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།རུས་པའི་ལམ་གྱི་ཚོམ།

ཙ་སུར་སྦྱིན་པ།  མདོ་ལྷོ།

སེམས་འདི་ཚོ།


སེམས་ཁམས་ཀྱི་ཤེལ་ཡོལ་ལ།
ཚི་དྲེག་གིས་བྲིས་པའི་གསང་བ་དེ།
རྣམ་ཤེས་ཀྱིས་སློང་བའི་སྒམ་ཚིགས་གང་རུང་།
རླུང་གཤོག་གིས་བཟོས་པའི་གཡོ་གྲུ་བཞིན།
མིག་ཆུའི་འགྲམ་ངོགས་ན་རྒྱུ་བའི་རྡུལ་ཕྲན་གྱི་དཔུང་ཁག་ཅིག

སེམས་ཆེན་པོའི་རྒྱབ་ལྗོངས་དེར།
གནོད་ཤུགས་མི་མིན་གྱི་འབྱུང་བོའི་འདུ་འགོད།
ཞོད་འཇགས་དང་སྒྲིག་གཏམ་བོར་བའི་གསེང་ནས།
ཡིད་འཁུལ་དང་བརྟན་བརླིང་དབེན་པས།
འགུལ་སྐྱོད་འཆར་བའི་གླགས་མིག་དེ།
འབུ་མེ་ལྕེབས་བཞིན་ཅིས་ཀྱང་འདོད་དབང་གིས་ལམ་ག་གཉེར།

སེམས་ཞེས་པར་གྲིབ་གཟུགས་དབེན་པས།
སེམས་ཀྱིས་གྱེར་བའི་རོལ་དབྱངས་གང་ཞིག
མུ་མཐའ་དང་འཛད་མཐའ་བྲལ་བའི་མདུན་སྒོ་ནས།
མིང་བྱང་དང་ཐོབ་ཐང་གི་འཁྱུག་འགྲོས་ལ་བལྟ་ཞོར།
རྒྱུ་སྐར་ལ་འཁྱུད་པའི་ཟླ་བའི་ཕུགས་བསམ་གྱི་རེ་བ།
མིག་ཆུའི་ཤག་སྒྲ་བཞིན་ཉིན་སྐར་གྱི་དབྱིངས་ལ་འཐིམ་ཉེན་ཆེ།
                      
              2016.4.21གཟའ་ཕུར་བུའི་ཉིན།


            ལས་དབང་།

ལས་དབང་རྨས་མ་ཞིག
ཀི་བསྭོ་དང་ན་བུན་བར་ནས།
སྨོན་འདུན་གྱི་རྡོག་ཁྲེས་ལྕི་མོ་ཞིག་འཁུར་གྱིན།
བརྩེ་བ་མང་བོའི་ཞོགས་ཟིལ་གྱི་རྨུ་ཐག་ལ་འཇུ་བཞིན།
ཆེས་ཐོག་མའི་ངུ་སྐད་སྐྱོམ་སའི་ཕ་ཁྱིམ་ལ་ཡུན་གྱིས་ཕྱོགས།

ལས་དབང་གཉོམ་པོ་ཞིག
བསིལ་རླུང་དང་བུ་ཡུག་འཚུབ་ས་ཞིག་ནས།
མེས་པོའི་རུས་རྐང་དཀར་བོའི་ཕྱི་ནང་སློག་པའི་ཁ་སང་།
ཚོར་བ་ལ་རྣམ་ཤེས་ཐོགས་ཀྱང་ཡ་ང་ཞིང་སྐྱི་གཡའ་བའི་དེ་རིང་།
དྲོད་མ་ཉམས་པའི་བྲང་ཁོག་གི་གློ་སྙིང་མཆིན་གསུམ་དང་།
ལྷད་མ་འདྲེས་པའི་རྒྱགས་ཕྱེ་སྣུམ་པོའི་རོ་མངར་དེ་གང་ན་ཡོད།

ལས་དབང་དཀར་ནག་ཅིག
རྒྱུ་འབྲས་ཀྱིས་བཙེམས་པའི་ཤོག་ལྷེ་བཞིན།
རྔམ་མཐུག་པའི་འཁོར་བའི་རི་སུལ་གྱི་གྲུ་ག་རེ་རེ་ན།
གཡོ་ཐབས་དང་བསླུ་ཐབས་དབེན་པའི་རླབས་ཕྲེང་ཞིག
ང་དང་ངའི་འཇིག་རྟེན་གྱི་ལྷས་རར་བཅའ་སྡོད་བྱེད་པ་ནི།
ཡངས་པའི་ཁམས་ཆེན་པོར་བརྙས་བཅས་བྱེད་པ་ནི་དེ་བས་ཀྱང་མིན།

ལས་དབང་གི་ལམ་ག
ལས་ཀྱིས་བརྒྱུས་པའི་དར་སྐུད་ཀྱི་བདེ་སྡུག
ཆ་མི་སྙོམ་ཞིང་ཕྱོགས་མི་གཅིག་པའི་ལྒང་བུ་བཞིན
ས་སྒང་འདིའི་གྲུ་ཟུར་རེ་ན་མ་ནི་རྡོ་འབུམ་བཞིན་འགྱིང་ལྷིང་ངེར།
དད་མོས་ཀྱིས་འཐག་པའི་འཚོལ་སྙེག་ཡིན་ཡང་།
གནས་ལུགས་སློང་བའི་མི་གཞི་དང་རང་གཤིས་མ་བོར་ན།
དེ་ནི་ངའི་འཚོ་བའི་གྲུབ་ཆ་དང་།  དེ་ནི་ངའི་དན་རྟགས་ངོ་མ་ཡིན།

               2016.4.24གཟའ་ཉི་མའི་ཉིན།

           བྱིས་པ།

བྱིས་པའི་སྣང་བ།
ངུ་ལ་བྲོ་ཞིང་རྩེ་ལ་རྒོད་པས།
བྱིས་བློ་གཙང་མའི་ཤོག་དཀར་ངོས་ལ།
སྣང་བ་སྲབ་མེད་ཅིག་ཁད་ཀྱིས་དེད་ཅིང་།
སྐྱིད་སྡུག་སྣང་མེད་ཀྱི་བན་བུན་གསེང་ནས།
ཅི་འདོད་གང་ཐོབ་ཀྱིས་འཇིབ་བུའི་བཅོས་མིན་གྱི་དགོད་སྒྲ།
ལྷས་རའི་སྒོ་འགྲམ་བར་ནས་སྙིང་ཉེ་བའི་འཛུམ་ཆུང་དེ་ཐོལ་གྱིས་ཤོར།

བྱིས་པའི་རྩེ་ར།
ཨ་མའི་རུམ་ཁ་ནས་གོད་ཁར་གོག་ཅིང་།
ལྷས་རའི་ར་སྐོར་ནས་སྒོ་ལམ་བཙལ་གྱིན།
ལམ་གྱི་ཆེས་ཐོག་མའི་རྡོག་སྣེ་དེ་ཨ་མས་གནང་ཞིང་།
ཨ་མས་བསླབ་པའི་ཆེས་ཐོག་མའི་ཨ་ཡིག་གི་ངག་སྒོ་དང་།
ཨ་ཕས་བྱིན་པའི་སྙིང་རུས་དཀར་བོའི་དཔའ་སྤོབས་ངོ་མ་དེ།
ལུས་ཀྱི་ཧྲག་བར་དང་སེམས་པའི་གཏིང་རིམ་ལ་བྲིས་ཤིང་།
དེ་ནི་གཉོམ་དུང་དུང་གི་སྐད་ངག་ལ་བརྒྱུས་པའི་བླ་སྲོག་གི་འཇུ་ཐག་རིང་མོ་ཡིན།

བྱིས་པ་སྣབས་ལུག
ཨ་མའི་པང་ཁུག་ནས་ནུ་ཞོ་འཇིབས་ཤིང་།
སྦྲང་དཀར་རྩམ་པས་སྙིང་སྟོབས་ཀྱི་བློ་མིག་གནང་ཡང་།
དྭངས་གཙང་གིས་བརྒྱན་པའི་བྱིས་བློའི་སེམས་ངོས་ན།
ཆེས་ཐོག་མའི་སེམས་ཀྱི་སྒོ་གླེགས་རྡུང་བའི་ཅོང་སྒྲ་དང་།
ཆེས་ཐོག་མའི་འཚོ་ལམ་གྱི་སློབ་སྟོན་གནང་མཁན་ནི་ཨ་མ་ཡིན་ལ།
ཨ་མའི་གདམས་ངག་གིས་ཁྱེད་ཀྱི་འཚོ་བར་ཁ་ཕྱོགས་ཤིག་ཅིས་ཀྱང་སྟོན་ངེས།

བྱིས་པ་བསམ་མེད།
བསམ་མེད་བྱིས་པར་ཨ་མ་མཁོ་ཞིང་།
རླབས་ཆེན་གྱི་ཨ་མར་ཚང་དགོས་པ་ནི།
ཤེས་རབ་ཀྱིས་བསྐྱེད་པའི་བྱམས་བརྩེ་ཡིན་ལ།
བྱམས་བརྩེ་ལས་འཁྲུངས་པའི་ཐབས་མཁས་ཡོད་ན།
བྱིས་པ་ནི་ཁྱེད་ཀྱི་རེ་འདུན་གྱིས་གཅེས་པ་འཁུར་ས་དང་།
རེ་སྙེག་གི་ཕུགས་བསམ་མངོན་གྱུར་བྱེད་ཐུབ་མཁན་གྱི་རྣམ་ཤེས་ངོ་མ་ཡིན།

              2016.4.27གཟའ་ལྷག་པའི་ཉིན།

        འཚོ་བའི་ལམ།

ཚེ་ཡི་རྒྱུན།
བླ་ཡི་ཁྱིམ།
སྲོག་གི་གནས།
གཟུགས་མེད་ཀྱི་ངར་ཁ་སྣོན་ས་དང་།
གཟུགས་ཡོད་ཀྱི་འཕག་འཚག་རྒྱག་ས།
འདི་ནི།  འཚོ་བ་ཞིག་གི་ངོ་གདོང་གི་ཁ་དོག་འཛིན་ས་ཡིན།

གློ་ཡི་དམར།
སྙིང་གི་རྩ།
མཆིན་གྱི་ལམ།
སེམས་མེད་ཀྱི་ལས་དབང་ཁེན་ས་དང་།
སེམས་ཡོད་ཀྱི་འཚོ་ལམ་མཐུད་ས།
འདི་ནི།   འཚོ་བ་ཞིག་གི་བཞུར་རྒྱུན་གྱི་རྡོག་སྣེ་གཏོད་ས་ཡིན།

མི་ཡི་སེམས།
རིགས་ཀྱི་ཤ
རུས་ཀྱི་མདངས།
མི་སེམས་ཀྱི་རེ་སྙེག་འཚོལ་ས་དང་།
རིགས་ཞེན་གྱི་དར་སྐུད་བརྒྱུས་ས།
འདི་ནི།  རིགས་མཐུན་ཞིག་གི་དབུགས་རྒྱུན་གྱི་འཚོ་བ་རྒུམ་ས་ཡིན།

ང་ཡི་སྐད།
ཁྱོད་ཀྱི་ངག
ང་དང་ཁྱོད།
སྐད་ངག་གི་དབྱངས་རྟ་མཐུན་ས་དང་།
སྐད་ཡིག་གི་གསེར་ཟམ་འཛུགས་ས།
འདི་ནི།  མི་རབས་ཤིག་གི་གདོང་མཆོང་གི་དབུ་འཕང་བསྟོད་ས་ཡིན།

མ་ཡི་དབྱངས།
ཕ་ཡི་གདངས།
བུ་ཚའི་རྒྱུད།
དབང་ཐང་གི་གླུ་སྐད་རྒོད་ས་དང་།
གདངས་དབྱངས་ཀྱི་མཉམ་འཛོམས་བྱེད་ས།
འདི་ནི།  ཁྱིམ་ཚང་གཅིག་གི་མིང་སྲིང་ཚོའི་འཚོ་བའི་གཞི་རྟེན་ཡིན།

               2016.4.29གཟའ་པ་སངས་ཉིན།
        
        ཕ་ས་ཕ་ཡུལ།

ཕ་ས་ནི་ཕ་ཡུལ་གྱི་རྟེན་གཞི་དང་།
ཕ་ཡུལ་ནི་ཕ་མའི་འཚོ་བཅུད་བཙལ་ས།
འཚོ་བཅུད་ནི་སེམས་ཅན་གྱི་ཚེ་སྲོག་ཕུལ་ས་དང་།
ཚེ་སྲོག་ནི་སེམས་ཅན་སུ་ཞིག་གིས་འདོར་མི་འདོད་པས།
རྔུལ་ཁྲག་འབུལ་ས་དང་། ཐོད་རུས་ཀྱི་ལྷུ་ལག་གཏོར་ས་ཡིན།

ཕ་ཡུལ་གྱི་མིང་བྱང་ལས།
ཕ་སར་མཛེས་སྡུག་སྣོན་དགོས་ལ།
མཛེས་སྡུག་བསྣན་པའི་ཕ་ཡུལ་ནི།
ཅིས་ཀྱང་འོད་སྣང་གིས་བགྲོད་དགོས།
བགྲོད་པའི་ལམ་བུ་རེ་རེའི་སྒལ་གཞུང་འདིར་ཀེར་དུས།
ཁྱེད་ཀྱི་བློ་མིག་གིས་བྱིན་པའི་རེ་སྙེག་གི་རྒྱང་བསྐྱོད་དེ།
དུས་གང་ཞིག་གིས།   ཉི་མའི་གཟི་འོད་ལ་སེམས་ཀྱི་རི་མོ་འབྲི་ཐུབ།

དེ་མིན་དུས་རླུང་གིས་ཟས་པའི་ཕ་སར།
མེ་རླུང་གིས་དེད་པའི་གཤོག་སྣེ་འཐེན་ཡང་།
ཕ་ས་ཕ་ཡུལ་གྱི་མིང་བྱང་གཡུགས་ཚར་དུས།
མདུན་ངོས་ཀྱི་ཕུན་ཚོགས་དེ་རེ་ཞིག་ཙམ་ལས།
སྤྱོད་མི་ཤེས་ཤིང་བཟའ་ཡང་མི་ཐུབ་པའི་འགལ་རྐྱེན་དག
ཁྱེད་ཀྱི་སྒོ་འགྲམ་དང་རྣ་མིག་བར་གྱི་མཆིལ་ཞགས་རིང་མོས།
ལས་མི་ཐུབ་ཅིང་འགུལ་ཡང་མི་ནུས་པའི་ཁ་ལྕེ་རྒོད་པོ་དག
ཕ་ས་ཕ་ཡུལ་གྱི་བྲང་ཁོག་བར་ནས་ཇི་ལྟར་འཕག་ཀྱང་།
དེ་ལྟར་གནམ་སའི་བར་གྱི་འཇིག་རྟེན་འདི་མཚན་མོའི་རྨི་ལམ་ལྟ་བུ་ཞིག

ཕ་ས་ཕ་ཡུལ་ནི།
དགེ་བཅུའི་མཛེས་སྡུག་གིས་ཕྱུག་ཅིང་།
ཕ་ཡུལ་གངས་ལྗོངས་ནི་ནམ་ཡང་མཚར་སྡུག་བཀྲ།
དགེ་མཚན་དང་ལྗང་མདོག་གིས་ཁྱབ་པའི་ཕ་ཡུལ་ནི།
ནམ་ཞིག་མེས་པོ་གོང་མའི་པོ་ཏ་ལའི་གཟི་བྱིན་ངོ་མར།
འོད་ལྔའི་གུར་ཁང་གི་དགྱེས་འཛོམས་ཀྱི་དགའ་སྟོན་ལ་རོལ་ཐུབ།
དེ་ནི་ཕྱི་རབས་གཞོན་སྐྱེས་ཚོའི་གངས་རྒྱན་མེ་ཏོག་ཡིན་ལ།
མེ་ཏོག་གི་ཚོས་ཀྱིས་བྱུགས་པའི་རྟ་ནོར་ལུག་གསུམ་ནི།
ཕ་ས་ཕ་ཡུལ་གྱི་གཡང་གི་སྒོ་མང་དང་ནོར་གྱི་གཏེར་བདག་ཡིན།

ཕ་ས་ཕ་ཡུལ།
ཁྱེད་ཀྱི་ཐུ་འོག་ན་འཚོ་ཞིང་གནས་པ་ནི།
ཁྱེད་ཀྱི་རང་བྱུང་བྱམས་བརྩེ་ཡིས་གནང་བའི་འཚོ་རྟེན་དང་།
ཁྱེད་ཀྱི་རང་གཤིས་རང་ས་ནས་འཁྲུངས་པའི་ཡོན་ཏན་དག
ལྷན་སྐྱེས་ཀྱི་གོང་བུས་ས་ཆེན་པོར་བཏབ་པའི་འབྲས་རྟགས་དང་།
ཁམས་ཆེན་པོས་ཁ་བ་གངས་ཅན་ལ་གནང་བའི་བདེ་སྐྱིད་ཀྱི་ཟལ་མོའི་སྒང་བ་ཡིན།
                      2016.5.4གཟའ་ལྷག་པའི་ཉིན།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42042662
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1