ཐོ་ཡོར་གྱི་རྩོམ་བཏུས་ཁག་དྲུག་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ཐོ་ཡོར་གྱི་རྩོམ་བཏུས་ཁག་དྲུག་པ།
ཐོ་ཡོར་གྱི་རྩོམ་བཏུས་ཁག་དྲུག་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/10/1ལྟ་ཀློག (2352)རྩོམ་ཁུངས: ངེད་དྲ་བ།པར་འདེབ།



དྲན་གདུང་གི་གྲིབ་མ།

ངའི་ཁ་གཏད་དུ་ཡོད་པའི་ཉི་ནུབ་ནི
གསེར་མདོག་གི་སྟོན་ཁའི་མཚན་མོ
ལྷིང་འཇགས་ཀྱི་གཏམ་རྒྱུད་རིང་བའི་བུ་མོ་ཁྱོད་ཀྱིས་རྟག་ཏུ
ནམ་མཁར་ལག་སྙོབས་བྱས་ཏེ
ས་རུབ་ཁའི་རླུང་བུའི་ནང་དུ
བརྩེ་དུང་ཞི་བའི་དུས་ཚོད་ཀྱི་ཐང་སྟོང
ངའི་རྐང་འོག་གི་གྲིབ་མར་སྦྲེལ་ནས
དྲན་གདུང་ཡོད་པས
ཁྱོད་མེད་པའི་དུས་ཚོད་ཧ་ཅང་ཐུང་ཨང་ཟེར


གྲིབ་མའི་ཆུ་རྒྱུན་གང་ལ་བཞུར་འགྲོ་བསམ་ན
མཚན་མོ་བརྒལ་ནས་འོངས་བའི་བུ་མོ་ཁྱོད་ཀྱིས་ཕྱི་དྲོ་ཞིག་ལ
རང་གི་ཕྲག་པ་བསྡམས་ཏེ
དུས་ཚོད་ཀྱི་ཕྱི་རོལ་ནས་ངའི་མིང་ནས་འབོད་པའང
ནོར་འཁྲུལ་ལྷག་མ་ཞིག་མ་རེད་དམ



སྙིང་བོ།


ས་སྲོས་ནི།
བུད་སོང་བའི་མི།
མི་རྟག་པ་བསུབ་ཤུལ་གྱི།
སྙིང་རྗེའི་རྩ་བ་འདམ་ལ་ཟུག
ཁ་སང་གི་གསང་བའི་གཟིག་དེ་བཞིན།
སྐོམ་པའི་དོན་དུ་མེ་ལོང་ལ་ཉིན་མཚན་དུ་ལྟ།

ཆུ་ནང་གི་སྐྱེ་བོའི་རྣམས་ཀྱི་རྐང་པ་མེ་ཡིས་འཚིག
མེ་ཏོག་ནི་རླུང་གི་ནང་ནས་བཞད་རྗེས།
མེ་མདའི་མཆུ་ནི་ལྗོན་ཤིང་ངོ་།
གངས་ནི་བ་སོའི་ཕོ་བྲང་།
སྟོན་ཁ་སླེབས་རྗེས་སུ།
ང་ནི་ཁྱོད་ཡིན།

                   2016.4.13


མཚམས་ཤིག་ལ།

ཉི་འོད་ཀློང་གི་རོལ་མོ་དག་ཅིག་ཅར་གྲགས་པ་བཞིན།
བྱ་གླག་གིས་སེམས་ཁྲལ་དང་བྲག་ཐེམ་གཉིས་གཤོག་སྟེང་གི་རྡུལ་བཞིན་སྤྲུགས།

སྐྱེ་འཆིའི་མེ་ལོང་དུ་གསང་སྟབས་ཀྱིས་གོམ་པ་སྤོས་པ་ན། 
གློ་བུར་དུ་སྒོ་རྡུང་མཁན་དེ་སུ་ཡིན།

ཚ་གྲང་འཐག་པའི་ཐ་གུའི་སྣེ་མོ་གཉིས་སུ།
བདག་དང་གྲིབ་མ་སྟོང་ཉིད་དུ་འབྱམས་ཀླས་པ་བཞིན།
འཆི་བ་བསྒོམ་པ་བཞིན།  སུ་དང་གང་ལ་མི་གཏོགས།

ཁང་མིག་སྟོང་བ་དེའི་གྱང་ངོས་སུ་བྱ་ཁྱུ་དཀར་པོ་ཞིག་བྲིས།
བྱ་ཁྱུའི་གཤོག་པར་སྐྱེ་བ་འདི་དང་ཕྱི་མ་གཉིས་བྲིས།
མིག་ཟུང་བཙུམས་ཀྱང་དྲན་པའི་ངོས་སུ་ནམ་མཁའ་མི་འདུག

ནག་པོའི་སྙན་ངག་པ་ཚན་པ་ཞིག  
བདག་གི་དྲན་ཡུལ་གྱི་སྨུག་མུན་གཙང་བོ་ནས་ཤི་སོང་ངོ་།

གློ་རྡེག་ལ་གསང་བའི་སྒོ་གླེགས་དེ་སྐྱེ་བ་ཕྱི་མ་ནས་བརྡུང་བ་ན།
འཇིག་ཚར་བའི་རྩེད་ར་ཞིག་ལ་ཆར་བ་ཤག་ཤག་ཏུ་བབས།

ཁྱེད་ནི་གཞན་ཞིག་མིན་ཏེ།
བདག་གི་མུན་ནག་དང་གཉིས་སུ་མེད།

           

བུ་མོ་ཁྱོད་ཀྱིས།


སྔོན་ཆད་ཀྱི་དྲན་པ་ཐམས་ཅད་ཕྱི་དྲོ་འདིར་སྤུངས།
རྩེད་རའི་ཚབ་ཏུ་རྨི་ལམ་དུ་མ་འཁོར་བའི་མི་ཞིག་ཕྲིས།
ཕྱི་རོལ་ཏུ་རྐང་རྗེན་དུ་སོང་ལ་ཕྱིར་མིག་ནང་དུ་ཉིན་ཞིག་གི་ན་ཟུག་གཏོར།

ཁ་པར་དུ་གཏག་མ་ཐུབ་པ་འགའ་ཞིག་རི་མོའི་ནང་ནས་རྒྱང་ཕུད་ཐོངས།
སྒེའུ་ཁུང་འགྲམ་ནས་ཉིན་ཞིག་གི་ངལ་དུབ་ཐག་རྡང་དུ་འཕོངས།
ཕྱི་དྲོའི་དུས་ཚོད་ལྔ་བར་ནམ་ཟླ་འཁྱག་པ་འདིའི་མེ་ཏོག་ཐུས།
རྒྱང་རིང་གི་མདུན་ནས་ཡིད་སུ་ལའང་མ་ཆགས་པར་སོང་།

དཀལ་ཡོལ་དེའི་ནང་དུ་ཡུན་རིང་ལ་འཕྱུར་བའི་རྨ་ཁ་དེ་གྱོན།
སྡོང་མགོར་བབས་པའི་བྱ་དེ་རྣམས་ལྡུམ་ར་སྟོང་བ་དེར་ཆུགས།
ཆེས་རྗེས་མར་དུས་ཚོད་ཆད་པའི་སྒྲ་ལ་ཞིབ་ཏུ་ཉོན།

                                2016.4.13


སེམས་གཏམ།


     
སྲིད་པའི་སྐྱོ་གར་ཧ་ཅང་དགོད་རེ་བྲོ།།
ལས་ལ་བསྐོས་པའི་མི་དག་རྒྱང་དུ་འགྲོ།།
ལན་རེར་ཆ་རྒྱུས་མེད་པའི་མི་ཡི་སར།།
དགའ་སྡུག་སྣང་བ་ཆུ་བཞིན་ལྷུང་ལྷུང་འབབ།།
ལན་བུའི་མདངས་ལ་སྲོད་ཁའི་མཚམས་སྤྲིན་ངུ།།
སྨུག་པ་ཡང་ནི་སྨྲེང་བའི་ལམ་ནས་རྒས།།
ཁྱོད་ཀྱིས་ཕལ་བའི་གོས་ཀྱིས་མེ་ཏོག་གཙགས།།
ངོས་ཀྱིས་ཕལ་བའི་མིག་གིས་ཁྱེད་རང་མཐོང་།།

རྐང་སྣམ་སྔོན་པོ་འདབས་ཁ་ཅུང་ཙམ་རྫེ།།
དཀར་འཇམ་ཉྭ་ལ་བསིལ་རླུང་རན་ཙམ་ལྡང་།།
སྟོད་ལྭ་ནག་པོ་དེ་ཡང་ཡི་གར་འོང་།།
གདུང་བའི་ཉིན་སྲིབ་གཉིས་ཀྱི་མུན་པ་སེལ།།
ཚི་ལེན་སྐྱ་བོར་དྲན་པའི་ན་བུན་འཁྲི།།
ངོས་ནི་ཁྱེད་ཀྱི་ཟུར་ན་སྙིང་ཆུང་ལྡིང་།།
ངག་འཇམ་བསིལ་བའི་སྒྲ་ལ་སེམས་ཀྱིས་ཉན།།
མིག་གིས་ཕུར་ཚུགས་ཞལ་ལ་ལྟ་མི་ཕོད།།
ཡིད་འོང་གཞིས་འདི་ལོགས་སུ་བསྐྱུར་མི་ཕོད།།
གཞིས་འདིས་ཁྱོད་དང་འཕྲད་པའི་དུས་ཚོད་རུམ།།
ཉི་མ་ལ་མོ་བརྒལ་ཡང་སྣང་བ་དྲོ།།


ལྗོན་པའི་གྲིབ་འོག་འདི་ནས་མྱང་འདས་ཐོབ།།
ཁྱེད་རང་ལྗོན་པའི་ཡལ་གར་ཁེན་སྣང་ཤར།།
འཁོར་བའི་དཔྱིད་ཀ་འདི་ཀ་ཙམ་ཡིན་ཏེ།།
རླུང་བུའི་མཛེས་སྡུག་ཁྱེད་ཀྱི་སེམས་ནས་འཕྲོས།།
གཙང་བོའི་འཁྱག་རོམས་ཁྱེད་ཀྱི་གདོང་ནས་ཞི།།
སྲང་ལམ་འདི་ན་མེ་ཏོག་ཅི་ཙམ་བཞད།།
སྲང་ལམ་འདི་ན་སྲོག་ལྡན་ཅི་ཙམ་འཚོ།།
ཁྱེད་རང་མིག་ནང་བབས་པའི་བར་སྐབས་འདིར།།
ངོས་ཀྱིས་དེ་ལ་སེམས་ཁྲལ་བྱེད་མི་སྲིད།།


ཀྱེ་མ་ད་ཆ་ངོས་ཀྱི་མིག་མདུན་ནས།།
ཁྱེད་རང་ཕྱིན་པ་རྨི་ལམ་ཡིན་ནམ་སྙམ།།
མཛའ་བོའི་ལག་པར་འཁྱུད་ནས་རིང་སར་ཕྱིན།།
ཞབས་ཕྱགས་གཉིས་ཀྱི་ཐྲིག་སྒྲ་གྲག་པ་ནི།།
གཅོང་རོང་ཉམས་ངའི་ནང་གི་ཕྱིར་མིག་འདྲ།།
ཞེ་ཡི་གསང་བ་བྲུག་ན་ཅི་ལྟར་བྱ།།
རྣམ་ཤེས་ཕྱི་ནང་ཀུན་ཏུ་དགུན་ཁ་ཚེས།།
ཁྱེད་ཀྱི་རྒྱབས་གཟུགས་སྟེང་དུ་ཉི་ནུབ་འཆར།།
ངོས་ཀྱི་རྒྱང་མིག་ནང་དུ་མུན་ནག་འཕྱུར།།
ཚེ་འདིའི་མེ་ལོང་ནང་དུ་ཅི་ཞིག་བདོག།།
སྨྲེང་བའི་མཚོ་ནང་གླིང་བུ་འབུད་པ་འམ།།
གྲུ་ཤན་རྨས་མ་སེམས་ནས་གཏོང་བ་འམ།།
འཁྲེངས་བའི་རས་འདི་ཆུ་ལ་སྣུབ་པ་འམ།།
སྐྱོ་བའི་ཐབ་ཀ་བཙུགས་ཀྱང་སུ་ཞིག་བསུ།།

         2016.3.28.ཉིན་གསེར་ཐང་ནས་བྲིས།

འོ་སྐོལ།


ཀྱེ་མ་འོ་སྐོལ་སེམས་ཀྱི་རབ་ཁ་ནས།
ཡི་མིག་གྲུ་ལ་ཞུགས་ནས་མགོ་བོ་དགྱེ།།
མདུན་གྱི་ནམ་མཁར་རྡོ་ཡི་ཉི་མ་ཤར།།
ཚེ་འདིའི་ལ་ཐང་གཉིས་ལ་ཚད་པས་དེད།།
འཁོར་བའི་རྩིག་པའི་ངོས་ཀྱི་འཛོམས་ཆིང་ཞིག།
ལས་ཀྱི་སྒོ་ལྕགས་བྲང་ལ་ཁེན་ཏེ་ངུ།།
མི་འདོད་འོབས་སུ་ལྷུང་བའི་འོ་སྐོལ་ཅག།
རྔུལ་ཆུས་བརླན་པའི་རྟ་ཕོ་ཞིག་ལ་ཞོན།།


ཤིང་སྒོ་ཤར་ནས་རྒྱག་ཅིང་ནུབ་ནས་ཕྱེ།།
ར་སྐོར་ནང་དུ་ཚེ་གཅིག་གོམ་བརྒྱབ།།
རྡུལ་དང་གྲིབ་མའི་སྣང་བ་དཔག་མེད་པ།།
དཔད་མེད་སྙིང་རྗེས་འགྲོ་བ་ཀུན་ལ་འགྱེད།།
ནམ་ཞིག་ཆར་བས་སྦང་ཚེ་ཟླ་འོད་ཀྱང་།།
དམིགས་གཏད་མེད་པའི་གནས་སུ་འཁྱམས་ནས་ནི།།
དགའ་དང་སྡུག་པའི་ནགས་ཚལ་རི་མོར་ཕབས།།
རི་མོའི་ཁོག་ལ་མེ་ཡི་སྙིང་བོ་བཅུག།
མྱ་ངན་མུན་པའི་ལག་པ་གསལ་བར་བྱས།།
སྔོན་ཚེ་ཉིད་ནས་འཁྲུལ་བའི་འོ་སྐོལ་ཀྱང་།།
བུམ་ནང་བླུགས་པའི་བུང་བ་ཞིག་ཏུ་གསལ།།

           ༢༠༡༦ ༦ ༢༢ ཉིན་ཕ་ཡུལ་ནས་བྲིས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qngu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42043907
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1