བེ་མིག་གི་རྩོམ་བཏུས་ཁག་བཅུ་གསུམ་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »བེ་མིག་གི་རྩོམ་བཏུས་ཁག་བཅུ་གསུམ་པ།
བེ་མིག་གི་རྩོམ་བཏུས་ཁག་བཅུ་གསུམ་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/10/1ལྟ་ཀློག (2739)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སེམས་སུ་ལྷུང་བའི་དངན་པ་ཐན་ཐུན།

བེ་མིག
རྔུལ་ཆུ་ས་ལ་ཟགས་པའི་དཀའ་སྡུག་ཁྲོད།།
འཁོར་བའི་བུ་ལོན་ལྕི་བས་ལུས་ཟུངས་ཟད།།
སེན་རྩ་རྣག་ཁྲག་འཁྱིལ་བའི་ངལ་བའི་ནོར།།
གང་གི་དོན་དུ་ཕངས་མེད་སྦྱིན་པ་བོ།།

ལོ་རྒས་གཉེར་མ་ཇི་ཙམ་བརྩེགས་གྱུར་ཀྱང་།།
སྙིང་ལ་གཅེས་པའི་ཁྲེལ་མེད་བུ་ཕྲུག་གི།།
འཛད་མེད་ལྟོ་རྒྱབ་ཆེད་དུ་སྲོག་གི་བཅུད།།
འབུལ་བའི་རླབས་ཆེན་སྤྱོད་འདི་ཨེ་མ་རྨད།།

ཀྱེ་མ་ལུས་ཟུངས་རིད་པའི་མཐའ་མ་ཡང་།།
ལན་ཆགས་བུ་ཕྲུག་དག་གི་འཚོ་བའི་ཕྱིར།།
དཀའ་ངལ་མི་མངའ་འཇིག་རྟེན་བརྩེ་བའི་བདག།
ཞེན་ཆགས་གང་གི་འཁོར་བའི་བཙོན་རར་ཚུད།།

ཀྱེ་ཧུད་མངོན་སུམ་མིག་གི་མཐོང་ཡུལ་དུ།།
རང་ལ་བརྩེ་བའི་ཕ་མའི་དཀའ་བ་དག།
ཤེས་བཞིན་དོགས་འཛེམ་མེད་པའི་སྙིགས་མའི་འགྲོ།།
བསམ་ཞིང་བསམ་ན་ཞེ་མེར་དྲག་ཏུ་ལྡང་།།

དཀའ་དཀའ་སྩོལ་བའི་ཐོབ་པའི་རྒྱུ་ནོར་ལ།།
འཛེམ་མེད་སྐྱིད་ལ་སྐུར་བའི་དྲེད་པོ་དག།།
༶བློ་སྣ་ནང་དུ་སྐོར་ལ་དྲིན་ཆེན་མིར།།
བྱམས་བརྩེའི་བདག་པོ་རིང་དུ་གྱིས་ཤིག་ཨང་།།
               ༢༠༡༦/༥/༢༣ཉིན་ཤར་མར་དུ།
     ༶རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་ཚིག་གཡར་བ།

སེམས་པ་དོན་ལ་གཞིགས་ཚུལ།
                             
ཞོགས་པའི་ཉི་ཟེར་དྲ་ཡོལ་གདོང་ལ་འཕྲོས།།
སྙིང་མེད་བདག་ནི་གཉིད་མ་སད་དུ་གནས།།
ཡུལ་མི་ཉེ་དུ་བྲལ་བའི་རྒྱང་རིང་ལ།།
ཡོང་དོན་ཅི་འདི་ག་རེ་མི་གཞིག་སྐྱོ།།

དཔེ་ཀློག་ཐན་ཐུན་ཙམ་ཞིག་བྱས་པས་ཀྱང་།
ཆུང་བ་བདེ་བའི་གནས་ལ་རབ་ཆགས་པས།།
ཐར་ལམ་གཞུང་ལུགས་ཟབ་མོའི་སྙིང་བོའི་བཅུད།།
མི་སྦྱངས་སྙན་ངག་ཙམ་ལ་རྨོངས་པའི་མཆིས།།

གང་ལྟར་ངག་སྒྲོས་ཙམ་ལ་རྗེས་འགྲོ་བའི།།
ཕྲ་ཞིབ་རིག་པའི་གཞུང་དང་རིང་དུ་བྲལ།།
ཉིན་མཚན་ལྗགས་རྩོམ་ཙམ་ལ་རབ་ཆགས་པ།།
སྙིང་མེད་བདག་ནི་སྨྱོན་པའི་གར་ལ་ཆགས།།

རྟག་པར་ཁ་པར་ངོས་ལ་ཞེན་གྱུར་ཅིང་།།
དོན་མེད་རྩེད་འཇོའི་གནས་ལ་གཅེས་པ་ཡིས།།
ཉེ་དུའི་གདོང་ལ་བལྟ་བའི་སྤོབས་པ་ཞུམ།།
སློབ་གཉེར་འཆོས་པ་ཙམ་ཞིག་བྱེད་པར་གཅེས།།
                ཧོར༢༠༡༦/༦/༢༣ཉིན།

སེམས་པ་སྨྲེང་ཚུལ།
                         
མདུན་ན་ལྷུང་ལྷུང་བཞུར་བའི་ཆུ་ཞིག་ཡོད།།
རྒྱང་ན་དུང་དུང་སྙིང་གི་མི་དེ་ཡོད།།
ཆུ་བོའི་གཞུང་ལ་དྲན་པའི་འཕྲིན་ཞིག་བཏབ།།
བརྩེ་འཕྲིན་ཆུང་འདྲིས་མི་ལ་འཕྲོད་པར་བྱས།།

ཆུང་འདྲིས་ཆུང་འདྲིས་བརྗེད་མེད་དྲན་ཤིང་ཞིག།
བྱམས་པ་བྱམས་པ་བུ་རུམ་མངར་མོ་ཞིག།
དུང་དུང་སྙིང་གི་མི་དེ་གཞན་དབང་གྱུར།།
ལས་ཀྱི་བཀོད་པའི་བུ་ལོ་གཅིག་པུར་ལུས།།

འདམ་ལ་གནས་པའི་ངང་ཆུང་སོ་སོར་བྲལ།།
རེ་ཐག་ཆད་པའི་དྲན་པ་རྦད་དེ་འཐོར།།
ཨ་ཐང་ཆད་པའི་སེམས་ཀྱི་སྐྱོ་གླུ་དེ།།
ཤོག་སྨྱུག་ཟད་པའི་རྒྱུ་རུ་ཡང་ཡང་བབས།།

སྐྱོ་བས་སོར་བཅུ་སྨྱོན་པའི་གར་ལ་འཁྱུག།
ཆུང་འདྲིས་བརྩེ་བར་འཁྱུད་པའི་ལོ་དང་ཟླ།།
དྲན་པ་རབ་རིབ་སྣང་བ་མོག་མོག་གྱུར།།
ཆུང་འདྲིས་ཆུང་འདྲིས་ཁ་ཡིག་སྐོར་ལོག་ཅིག།

སོ་སོའི་སེམས་དང་བསམ་པའི་ཟབ་ས་ན།།
ཆུང་འདྲིས་ཆུང་འདྲིས་ཞེས་པའི་ལན་ཆགས་ཤིག།
ཆུང་འདྲིས་སྙིང་གི་གདུ་བུ་གཙའ་རོ་མ།།
ཚིག་གི་སྦྱོར་བ་སྤངས་པའི་ཚོགས་ན་འདུ།།

ཆུ་དེ་ལྷུང་ལྷུང་རྒྱང་རིང་ཕྱོགས་ལ་བཞུར།།
མི་དེ་རྒྱང་རིང་རི་སུལ་དེ་རུ་གནས།།
སེམས་འདི་བསང་ཆུའི་འགྲམ་དུ་གཅིག་པུར་ཉུལ།།
དྲན་པ་བརྩེགས་པའི་བརྩེ་འཕྲིན་བགྲང་ལས་འདས།།

སེམས་པ་འཁྲེང་པའི་ཡུལ་ཅན་ག་རེ་གདའ།།
ཆུང་འདྲིས་ལོ་ཆང་ཁམས་པ་གང་དུ་གནས།།
འདང་བརྩེ་སེམས་ལ་བརྐོས་པའི་སྙིང་གི་གྲོགས།།
མ་ཤི་བར་དུ་སེམས་པའི་གསེང་ན་ཡོད།།
       ༦/༢༥ཉིན་བསང་འགྲམ་ནས་གང་ཤར་དུ།
 
ཚོར་བའི་བདེ་སྡུག་ཨ་ཙ་མ།
                       
སེམས་ཀྱི་མཚོ་ཆུང་ནོར་བུའི་ནང་དུ་།།
དུངས་པའི་གསེར་མིག་བརྩེ་བར་འཁྱུད་པའི།།
ང་དང་ཉ་མོའི་འདས་སོང་གཏམ་རྒྱུད།།
མངར་སྐྱུར་འདྲེས་མའི་ཡིད་ཀྱི་དྲན་ཤིང་།།

དགའ་སྡུག་འདྲེས་མའི་འཁོར་བའི་ཀློང་དུ།།
གཅིག་སེམས་གཅིག་ལ་ཞེན་ཆགས་ལྕི་བས།།
ང་དང་ཁུ་ལོའི་འཚོ་བའི་ཟིན་བྲིས།།
སོར་བཅུ་འཁྱུག་པའི་ཉིན་ཐོའི་ཉིན་སྲིབ།།

མི་ཡུལ་འཚོ་བའི་དེབ་ཐེར་བཀླགས་དུས།།
དྲན་པ་རྨོངས་པའི་འཕྱོར་མོ་སྨྱོས་པ།།
སྡེབ་ལེགས་ཚིག་གི་དབྱངས་རྟ་འཆོས་པ།།
ལན་ཆགས་འདི་ཡིས་བུ་ལོན་ཡིན་འགྲོ།།

གང་ལྟར་མི་ཚེའི་འགྲུལ་བཞུད་རིང་མོར།།
ཚོར་བ་འཁྲུགས་པའི་བདེ་སྡུག་རེས་མོ།།
སྣང་བའི་ཉིན་སྲིབ་ཀུན་ཏུ་རྒྱུ་བས།།
ཤོག་སྨྱུག་ཟད་པའི་རྒྱུ་རུ་བབས་བྱུང་།།

      ༢༠༡༦/༥/༢༥ཉིན་གང་བྱུང་དུ།


གནས་སྐོར་གྱི་མཐོང་སྣང་།
                           
ལས་དང་སྐལ་བ་བཟང་བོའི་བདེན་སྟོབས་ཀྱིས།།
བླ་གྲྭ་ལྷན་འཛོམས་དད་ལྡན་ངང་མོ་འདུ།།
གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཞོགས་པ་དེར།།
སྤྲེལ་ལོའི་ཇི་གིན་གནས་རིར་སྐོར་བར་ཆས།།

རང་ཡུལ་རྩ་བའི་བླ་མའི་དབུ་མཛད་པའི།།
ཉིན་གསུམ་རྐང་ཐང་ལམ་ལ་འབད་པའི་བརྩོན།།
ཐོག་མཐའ་བར་དུ་བདེན་པའི་སྨོན་ལམ་ལེགས།།
ངོ་མཚར་གནས་བྱིན་མཇལ་བའི་སྐལ་བ་བཟང་།།

བླ་མའི་བཟང་སྤྱོད་མཐོང་བའི་སྤྲོ་བ་སྐྱེས།།
ཇི་གིན་གནས་སྐོར་འགྲུབ་པའི་དགའ་བ་སྐྱེས།།
དད་ལྡན་མཐུན་སྒྲིལ་བརྩེ་བའི་དུངས་པ་འཕེལ།།
ཐོར་གོད་རུ་བའི་མཆོད་ཁའི་བཟང་སྤྱོད་རྨད།།

དགོན་སྡེ་བཞི་ཡི་མཐུན་པའི་ལག་གདང་དམ།།
དཀའ་བ་མི་མངའ་དད་པའི་སྟོབས་འདི་མཚར།།།
ངོ་མཚར་གནས་རི་ཇི་གིན་ཨེ་མ་ཧོ།།
རང་བྱུང་གཟུགས་སྐུ་མཇལ་བའི་བ་སྤུ་གཡོ།།

རྫ་ཆུ་གཡའ་ཆུ་རང་བྱུང་གྲུབ་ཆུའི་གནས།།
གནས་བརྟན་བཅུ་དྲུག་ཕྱག་ལྷ་སོ་ལྷ་དང་།།
སྔོན་བྱོན་མཁས་གྲུབ་དུ་མའི་ཞབས་བཅགས་པའི།།
གནས་ཡུལ་ངོ་མཚར་ཅན་འདི་ཨེ་མ་རྨད།།

ལྷ་མོའི་བླ་མཚོ་སྲིད་ན་ངོ་མཚར་རྨད།།
བླ་མཚོའི་གནས་ཁང་ངོ་མཚར་ཁྱད་དུ་འཕགས།།
གནས་སྐོར་དད་ལྡན་ངང་མོ་བཞིན་དུ་འདུས།།
སངས་རྒྱས་སྟོང་གི་བླ་རི་གྲགས་འདི་མཚར།།

དཔའ་བོ་དཔའ་མོ་མཁའ་འགྲོ་རྣམས་ཀྱི་གནས།།
ངོ་མཚར་རང་བྱུང་གཟུགས་སྐུའི་བཀོད་པ་མཚར།།
མཚར་རོ་ངོ་མཚར་ཁྱད་འཕགས་གནས་ཀྱི་མཆོག།
བྱིན་ཅན་ཇི་གིན་གནས་རི་ཨེ་མ་མཚར།།

ཐེངས་འདིར་མཇལ་བའི་སྐལ་བཟང་ཨེ་མ་རྨད།།
བླ་མའི་ཐུགས་རྗེའི་རྗེས་བཟུང་ཨེ་མ་རྨད།།
རྨད་བྱུང་སྐལ་བ་བཟང་བོའི་དགེ་བའི་ལས།།
འདི་དག་བླ་མ་ཁོ་ནའི་བཀའ་དྲིན་ནོ།།
                 ༢༠༡༦/༦/༡༣ཉིན།

དྲན་པ་དྲན་ཁོ་དྲན་ཚུལ།
                     
ཤོག་སྨྱུག་ཟད་པའི་ཉིན་ཐོའི་བར་གསེང་ནས།།
དྲན་པ་དྲན་ཁོ་ཁྱོད་རང་གཟུགས་སུ་ཤར།།
དཀར་དཀར་ཤོག་ལེབ་གྲུ་བཞིའི་ངོས་སྟེང་ན།།
ཁྱོད་རང་གཟུགས་བྲིས་རི་མོ་ཇི་བཞིན་མངོན།།

དྲན་པ་དྲན་ཁོ་དྲན་པའི་གདུང་བ་ཡིས།།
གང་ལ་ལྟས་ཀྱང་ཡོད་ཚད་ཁྱོད་རང་ཉིད།།
ཉིན་མཚན་ཁོར་མོ་ཡུག་ཏུ་གྲིབ་མ་བཞིན།།
ཐག་ཉེ་ཐག་ཉེ་ཞིག་ན་ཁྱོད་རང་གདའ།།

གང་ལྟར་ལག་པས་འཛིན་ཐབས་མི་འདུག་ལ།།
སེམས་ཀྱི་དེ་བས་བརྗེད་ཐབས་མི་འདུག་པའི།།
སྙིང་ལ་གཅེས་པའི་དྲན་ཁོ་ཡིད་འོང་མ།།
ལོ་བརྒྱར་འདས་ཀྱང་རྟག་པའི་གཟུགས་མི་འགྱུར།།

དུས་བཞིའི་མཛེས་པ་ན་རྒའི་གོ་རིམ་སོགས།།
སྐད་ཅིག་སྐད་ཅིག་མི་རྟག་འདས་གྱུར་ཡང་།།
དབང་ཕྱོགས་ཁྱོད་ལ་འཁྲེང་བའི་བདག་གི་སེམས།།
གསར་དགའ་རྙིང་ཞེན་བཞིན་ནོ་མ་ཡིན་ཏེ།།

ལོ་དང་ཟླ་བའི་འཁོར་བསྐྱོད་རྒོད་ན་ཡང་།།
ད་དུང་དུངས་པ་མི་འགྱུར་དྲན་ཁོ་མ།།
དྲན་གདུང་ཅི་ཙམ་བྲིས་ཀྱང་མི་ཚར་བས།།
རེ་ཞིག་ངལ་གསོའི་ཚུལ་དུ་གནས་པར་བྱ།།

དྲན་པ་དྲན་ཁོ་བདག་གི་ཚེ་ནོམ་ལགས།།
སེམས་སུ་གནས་ཀྱང་གླེང་བའི་སྐལ་བ་ཕྲ།།
ད་རེས་དྲན་ཚུལ་ཅུང་ཟད་གླེང་བ་འདིས།།
རང་སྣང་སྐྱིད་པའི་གླུ་ཆུང་ལེན་ལ་སྤྲོ།།
               ཧོར༢༠༡༦/༦/༢༠ཉིན།

ཉི་མ་བླ་བྲང་དུ་བྲིས་པའི་ཐོལ་བྱུང་གི་གཏམ།
                                     
དེ་རིང་བླ་བྲང་དགོན་པའི་སྟོད་སྨད་ན།།
ཕྱོགས་འདུས་ཙི་ན་བ་ཡི་ཡོངས་སུ་གང་།།
ཉི་མའི་ཚ་གདུགས་རབ་ཏུ་རྒོད་པ་ཡིས།།
ན་ཆུང་བུ་མོ་གཅེར་བུ་འབུད་ལ་ཁད།།
རིན་མེད་ལྟད་མོ་མདུན་དུ་རྒྱུ་བ་ན།།
ངས་ཀྱང་ཁ་རོག་གཟིགས་ཞིབ་ཐེངས་གཅིག་བྱས།།
འདོད་པའི་མྱོས་བུམ་རྒྱས་པའི་བྲང་གཞུང་ལ།།
ཆགས་ཤིང་ཡང་ཡང་ལན་གྲངས་མང་དུ་བལྟས།།
ཕོ་མོ་ཟུང་གཉིས་བརྩེ་བའི་ཕན་ཚུན་འཁྱུད།།
ཨ་བུ་བེ་མིག་ཁེར་རྐྱང་རང་སོར་སྙེགས།།
དུང་ལྟར་དཀར་བའི་བུ་མོ་ན་ཆུང་མའི།།
མཛེས་པའི་འཕྱོ་སྒེག་ང་ཡི་སེམས་ལ་ཟུག།
ཡང་ཡང་ལྟ་བའི་མི་ངོམས་ན་ཆུང་ཚོགས།།
ཉིན་རྒྱུན་མདུན་ནས་ཕར་ཚུར་ལོག་པ་ཡི།།
ངས་ཀྱང་སྦས་པའི་གཉུག་སེམས་མངོན་གྱུར་ཏེ།།
བུད་མེད་གཞོན་ནུའི་བཞིན་ལ་ཆགས་ཤིང་ཞེན།།
ད་དུང་ལུས་ཀྱི་དྲི་མའི་བདག་ཡིད་བཀུག།
དབང་མེད་དེ་རུ་ཕྱོགས་པ་འགོག་ཐབས་བྲལ།།
དཀར་འཇམ་མཛེས་པའི་མཁུར་མཚོས་སྙིང་དུ་སྡུག།
གནག་སྣུམ་ལན་བུ་ཕྲག་པར་དཔྱངས་པ་གཟན།།
ལྷག་པར་གཉེན་ལྕུག་ལྡན་པའི་སྐེད་པ་ཕྲ།།
འཁྲེང་བའི་ཟུར་མིག་འཕེན་ཚུལ་ལྷག་ཏུ་མཛེས།།
ཙི་ནའི་བུ་མོ་འགའ་ཡིས་ཡ་མཚན་ངང་།།
ལྷན་གཅིག་པར་ཞིག་བསྐྱོན་པའི་རེ་བ་མནན།།
ཁོ་ཅག་ཅི་མི་སྙམ་པའི་འཛེམ་དོགས་བྲལ།།
ང་ཡིས་རང་སེམས་དམ་པོར་ནང་ལ་བཅུག།
ཡིན་ཡང་སོ་སོའི་འདོད་པ་ཕན་ཚུན་ཕྱོགས།།
སྒེག་པའི་ན་ཆུང་བུ་མོའི་བཞིན་དཔལ་ལ།།
མི་ཆགས་སོ་སོ་སྐྱེས་བུ་སུ་ཞིག་མཆིས།།
དོར་མ་རྟེན་འབྲེལ་ཙམ་ཞིག་གྱོན་པ་ཡི།།
སྟངས་སྟབས་རྒྱས་པའི་བརླ་ཤ་རབ་ཏུ་དཀར།།
མཛེས་པའི་ཆ་བྱད་གང་ལ་སྒེག་པའི་བྱུགས།།
འདོད་པའི་སེམས་འདི་ཆགས་པའི་རྒྱ་རུ་ཚུད།།
འོན་ཀྱང་སྔོན་ནས་ཁས་བླང་དམ་ཚིག་ཕྱིར།།
རང་སེམས་རྒྱ་རུ་ཚུད་པའི་ངང་ཚུལ་དེ།།
བཙན་གྱིས་སྒྲོམ་ལ་བཅུག་སྟེ་བཏང་སྙོམས་བཞག།
དྲང་བོའི་གཏམ་འདི་ཤར་མར་བྲིས་པ་ཡི།།
འགའ་ཞིག་གཞན་སྐྱོན་འཛུབ་མོ་ཀེར་ལ་མཁས།།
མཁས་རློམ་སྐྱོན་འཚང་རྩོམ་དུ་འབྲི་བ་རྣམས།།
ཡ་མཚན་གསར་འགྱུར་ཚུལ་དུ་སྒྲོག་པ་གཅེས།།
བོད་རྒན་རྣམས་ཀྱི་མི་འོས་མི་རུང་ཟེར།།
རང་རང་མལ་གྱི་བདེ་བ་ཆགས་པ་དེ།།
ཅི་ལ་མི་གླེང་འཚང་དུ་མི་སྒོམ་ཀྱེ།།
གསར་བུ་ལ་ལས་དེང་གི་བཙུན་པ་ཞེས།།
མགོ་བོ་གཡུག་ནས་སྐྱོན་དུ་བརྗོད་པར་མཁས།།
འོ་ན་ཁྱོས་ཀྱང་གཟུགས་ལེགས་བུ་མོ་ལ།།
འདོད་པའི་ཆགས་པ་མེ་ལྕེའི་ཚལ་ལྟར་རྒྱུ།།
འུ་ཅག་མི་བུ་སོ་སོའི་སེམས་ནང་ན།།
འདོད་པའི་ཆགས་པ་གཉུག་མའི་དུས་ནས་ཡོད།།
ཀུན་ཀྱང་ཉི་ཤུའི་ན་གཞོན་ཡིན་པས་སོ།།
དེང་དུས་སྙིགས་མའི་ལོངས་སྤྱོད་མཚོ་ལྟར་བརྡོལ།།
དུས་འདིར་བཅས་པའི་དམ་ཚིག་བསྲུངས་ཐུབ་པ།།
བསམས་ཤིང་བསམ་ན་ཐལ་མོ་སྦྱར་བའི་གནས།།
འུ་ཅག་ཚང་མ་ཆགས་སྡང་དགའ་སྐྱོ་ཡོད།།
དེ་ཡི་དབང་དུ་གྱུར་མིན་དབྱེ་བ་ལས།།
སོ་སོ་ཟུངས་ཁྲག་མི་ཡི་ཁྲག་ཡིན་པས།།
ཕན་ཚུན་གང་ལ་སུ་ཡིས་འཕྱ་བར་འོས།།
              ༢༠༡༦/༧/༢ཉིན་བླ་བྲང་དུ།

    འཆར་ཤེལ་ངོས་ཀྱི་མི།
               
               ༡
དེ་རིང་གི་ཉི་མ་ནི་འཕྱོ་སྒེག་གི་བྱུགས་པའི་བུ་མོ་གཞོན་ནུ་མ་ཞིག་ཡིན་པ་འདྲ
ཅི་མི་སྙམ་པར
ངའི་སེམས་པ་ཡོངས་སུ་རྐུས་ཚར་འདུག
                ༢
རི་གྲོང་འདི་ཡང་འོད་ཀྱི་གང་བའི་སྒྲོན་མེ་ཞིག་དང་འདྲ་བར
གང་སྟབས་ཀྱིས
ཁ་ཕྱོགས་མེད་པའི་མི་བུ་དག་བདེ་བ་ཅན་དེར་ཁྲིད་ཡོད་པར་སྙམ
                   ༣
ཙི་ན་བ་དག་གི་ལྟ་སྐོར་དུ་གྱུར་བའི་ཨ་མ་ཎི་རྡོ་འབུམ་དེ་ལ
ཁ་རོག་གེར
གསོལ་འདེབས་ལན་གསུམ་བརྒྱབ་ནས་ང་ཡང་ཁ་གེར་གང་སྟབས་ཀྱིས་ཕྱིར་ལོག
                    ༤
ཁ་པར་གྱི་རྩེད་ཆས་སུ་གྱུར་བའི་མི་དག
ཁ་པར་ལ་འཁོར་ནས་ཁ་པར་གནམ་ལ་བཏེགས
བྲན་གཡོག་ཏུ་གྱུར་བའི་མི་བུ་དག
ཁ་པར་དུ་མི་འགྱུར་བའི་གསོལ་འདེབས་ཤིག
ངས་ཁ་རོག་གེར་བྱས་ནས་སླར་ཡང་དེ་ལ་ཆགས་པར་གྱུར།
                          ༢༠༡༦/༧/༡ཉིན་ཉི་མ་བླ་བྲང་དུ

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
vsky བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རྟ་ནག་གྲགས་པ། སྤེལ་དུས:2016/10/3
དྲ་གྲོགས་རྩོམ་པ་པོ་བེ་མིག་ལགས་ ཀྱི་སྙན་ངག་དུས་རྒྱུན་ཀློག་པར་སྤྲོ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
42042656
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1