ས་སྐྱ་ལེགས་བཤད། ༼༡༩༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༡༩༽
ས་སྐྱ་ལེགས་བཤད། ༼༡༩༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/10/21ལྟ་ཀློག (2851)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ས་སྐྱ་ལེགས་བཤད། ༼༡༩༽

འཇིག་རྟེན་འདི་དང་ཕ་རོལ་གྱི། །

བདེ་བ་བསྒྲུབ་པ་ཤེས་རབ་ཡིན། །

རྒྱལ་བུ་ཟླ་བའི་ཤེས་རབ་ཀྱིས། །

བྲན་བཟང་འདི་དང་ཕྱི་མར་བསྐྱབས། །


           བླང་དོར་མ་ནོར་བར་འབྱེད་པའི་ཤེས་རབ་ནི། འཕྲལ་ཕུགས་ཀྱི་བདེ་ལེགས་ཐམས་ཅད་བསྒྲུབ་པའི་རྩ་བར་བསྟན་པ་དེ་ཡིན། །

           དེ་ཡང་འཇིག་རྟེན་འདི་སྟེ་ཚེ་འདི་དང་རོལ་ཏེ་ཕྱི་མ་གཉིས་ཀྱི་ལུས་བདེ་སེམས་སྐྱིད་ཀྱི་ལེགས་ཚོགས་ཐམས་ཅད་བསྒྲུབ་པའི་རྒྱུ་ནི་བླང་དོར་མ་ནོར་བར་འབྱེད་པའི་ཤེས་རབ་ཉིད་ཡིན་ཏེ། དཔེར་ན། བྱང་ཆུབ་སེམས་དཔའ་རྒྱལ་བུ་ཟླ་བའི་གཞན་རྗེས་སུ་འཛིན་པའི་ཐབས་མཁས་ཀྱི་ཤེས་རབ་ཀྱིས། བྲན་བཟང་སྟེ་རྒྱལ་པོ་རྐང་ཕྲ་འདི་དང་ཕྱི་མའི་སྡུག་བསྔལ་ལས་བསྐྱབས་ཏེ་འཕྲལ་ཕུགས་དགེ་བའི་ལམ་ལ་བཀོད་པ་བཞིན་ནོ། །

           དེ་ཡང་སྔོན་རྒྱལ་བུ་ཟླ་བ་ཞེས་བྱ་བ་བླ་མ་དང་རྒན་རབས་རྣམས་ལ་གུས་པ། དམན་པ་དང་སྡུག་བསྔལ་བ་རྣམས་ལ་བྱམས་པ་དང་ལྡན་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་སོགས་ཡོན་ཏན་དུ་མས་བརྒྱན་པ་ཞིག་ཡོད་དོ། །དེའི་དུས་སུ་མ་སེང་གེ་དང་ཕ་རྒྱལ་པོ་ཡིན་པའི་རྒྱལ་བུ་བྲན་བཟང་ཞེས་བྱ་བ་ཤ་བཟའ་རྒྱུར་དགའ་བ་ཞིག་ཀྱང་བྱུང་བས། སྐབས་ཤིག་དགེ་སློང་བསོད་སྙོམས་པ་ཞིག་གིས་གྲོང་ཁྱེར་གྱི་མི་རྣམས་ལ་བསྙེན་གནས་ཀྱི་སྡོམ་པ་ཕོག་ཅིང་བསྲུངས་པས། གཡོས་མས་ཤ་མ་རྙེད་ནས། བྱིས་པ་འཆི་མ་ཐག་པའི་ཤ་གསང་སྟེ་ཕུལ་བས། རྒྱལ་པོ་ཞིམ་སྟེ། འདི་གང་གི་ཤ་ཡིན་ཞེས་དྲིས་པས། གཡོས་མ་སྟེ་མ་བྱན་ཞེད་དེ་ཅང་མ་སྨྲས་པ་ན། སྨོས་ཤིག་ཆད་པ་མེད་དོ་བྱས་པས། ཤ་མ་འབྱོར་བ་དང་བྱིས་པའི་ཤ་ཡིན་པའི་རྒྱུ་མཚན་ཞུས་པས། ད་ཕྱིན་ཆད་ང་ལ་ཤ་འདི་ལྟ་བུ་སྦྱོར་ཅིག་ཅེས་སྨྲས་པར། རྟག་ཏུ་འདི་ལྟ་བུ་མི་སྙེད་དོན་བྱས་པས། གྲོང་ཁྱེར་དུ་སོང་ལ་རྐུས་ཤིག་ཅེས་སྨྲས་ཏེ། གྲོང་ཁྱེར་དུ་བྱིས་པ་སྟོར་བ་མང་དུ་བྱུང་བས། རྒྱལ་པོ་ལ་ཞུས་པས། ངས་དེ་ལྟར་གནང་བ་ཡིན་པས་ཉེས་པ་མེད་དོ་བྱས། བློན་པོ་དང་གྲོང་པའི་མི་རྣམས་གྲོས་བྱས་ཏེ། མི་འོས་པའི་རྒྱལ་པོ་འདི་གསད་པར་བྱའོ་ཞེས་ཕོ་བྲང་དམག་གིས་བསྐོར་བ་ན། ཐབས་ཀྱིས་བྲོས་ཏེ་དུར་ཁྲོད་བྲག་རྫོང་བཙན་པོ་ཞིག་ལ་གནས་བཅས་ཏེ་མི་ཤ་ཁོ་ན་ལ་ལོངས་སྤྱོད་ཅིང་། ད་དུང་བཟའ་རྒྱུར་རྒྱལ་པོའི་བུ་སྟོང་དུ་གཅིག་གིས་མ་ཚང་བ་བཙོན་དུ་བཟུང་ནས་ཡོད་པའི་ཚེ། རྒྱལ་བུ་ཟླ་བ་འཁོར་བཅས་ཀྱང་དེའི་ཉེ་འཁོར་དུ་བྱོན་ཏེ། བྲམ་ཟེ་ཞིག་ལས་ཚིགས་སུ་བཅད་པ་གཅིག་གི་སྐྱེས་ནོས་ཏེ་ཞེས་སྐྱེས་སུ་བླངས་ནས་བཞུགས་པའི་ཚེ། རྐང་འཕྲ་རྔམ་སྟབས་སུ་གནས་དེར་འོང་ཏེ། བྱང་ཆུབ་སེམས་དཔའ་རྒྱལ་བུ་ཟླ་བ་ཕྲག་པར་འཁྱེར་ཏེ་རང་གི་གནས་སུ་སོང་ངོ། དེར་བྱང་ཆུབ་སེམས་དཔའ་སྤྱན་ཆབ་བྱུང་བས། ཁོས་ཁོ་བོའི་ལག་ཏུ་ཕྱིན་པས་ཞེད་པ་བདེན་ནོ་བྱས་པས། བྱང་ཆུབ་སེམས་དཔས། ང་ཁྱོད་ཀྱི་ལག་ཏུ་ཕྱིན་པས་མཆི་མ་འཆོར་བ་མིན་གྱི། བྲམ་ཟེ་ལེགས་བཤད་ཀྱི་སྐྱེས་བྱིན་པོ་ལ་བསམ་པ་ཚིམས་པར་བྱས་མ་ནུས་པ་ཡིན་པས། ཁོ་བོ་ཡུད་ཙམ་ཐོངས་ཤིག  ཐོག་མར་བྲམ་ཟེ་དེ་ནོར་གྱིས་ཚིམས་པར་བྱས་ལ། དེ་ནས་ཁྱོད་མགུ་བར་བྱའོ་གསུངས་པས། ཁོས། འཆི་བདག་ཁ་ནས་ཐར་བ་སླར་འོང་བ་མི་བདེན་ཞེས་ཞུས་པས། ཁྱོད་རང་བཞིན་ངན་པ་དང་པ་མ་སྙོམས་ཤིག  ང་ནི་རྒྱལ་བུ་ཟླ་བ་ཡིན་པས་བདེན་པར་སྨྲས་སོ་གསུངས་པས། འོང་བ་ཡང་སྲིད། གལ་ཏེ་མ་འོང་ཡང་སླར་བཟུང་བས་ཆོག་སྙམ་སྟེ་བཏང་བས། རྒྱལ་བུ་ཟླ་བས་བྲམ་ཟེ་ལ་ཞིག་རྐང་རེར་གསེར་སྲང་སྟོང་རེ་ཕུལ་ཏེ་ཚིམས་པར་མཛད་དེ། ཡབ་ཡུམ་འཁོར་དང་བཅས་པས་བཞུགས་དགོས་པའི་གཤོལ་བཏབ་ཀྱང་མ་གསན་པར་སླར་ཁོའི་སར་ཕེབས་པས། ཁོ་ཡ་མཚན་དུ་གྱུར་ཏེ། བྲམ་ཟེ་ལས་ཐོས་པའི་ཆོས་དེ་ང་ལ་སྨོས་ཤིག་བྱས་པས། རྒྱལ་བུས་ཁྱོད་ལྟ་བུའི་རང་བཞིན་ངན་པ་ལ་ལེགས་བཤད་ཀྱི་དགོས་པ་ཅི་ཡོད། ད་ཟ་བར་བྱོས་ཤིག་གསུངས་པས། ཁོས་ལེགས་བཤད་དེ་བཤད་དགསོ་པར་ནན་གྱིས་སྨྲས་པས། དེ་ལྟ་ན་ཆོས་ཉན་པའི་སྤྱོད་ལམ་དུ་ལྡན་པའི་སྒོ་ནས་ཉན་དགོས་པར་གསུངས་པས། སྤྱོད་ལམ་ཇི་ལྟར་བུ་ཞུས་པས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རིམ་གྲོ་བསྐྱེད་དེ་རྩེ་གཅིག་བཏུད། །རབ་ཏུ་དྭངས་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ངག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པས། གསུངས་པ་ལྟར་གྱི་སྤྱོད་ལམ་བྱས་ཏེ། འཕགས་པ་ད་གསུངས་ཤིག་ཞུས་པས། རྒྱལ་བུ་ཟླ་བས། དམ་པ་དག་དང་ལྷན་ཅིག་ཙམ། །ཇི་ལྟར་འདོད་པས་འཕྲད་ཀྱང་རུང་། །འདྲི་བར་བྱ་བ་མི་དགོས་པ། །རབ་ཏུ་བརྟན་པ་ཉིད་དུ་འགྱུར། །ཞེས་གསུངས་པ་དང་ཁོ་རབ་ཏུ་མགུ་སྟེ། ཐུབ་པ་ཆེན་པོ་ཡང་གསུངས་ཤིག་ཞུས་པས། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང་། །རྒྱ་མཚོའི་ཕ་རོལ་ཚུར་རོལ་འགྲོ་ཡང་རིང་། །ཤར་ནུབ་གཉིས་ཀྱི་རི་བར་དེ་བས་རིང་། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང་། །ཞེས་གསུངས་པས་ཁོ་ཤིན་ཏུ་དད་དེ། །བདེན་པའི་བརྟུལ་ཞུགས་བླངས། །སེམས་ཅན་གསོད་པ་སྤངས། སྐྱེ་བོ་བཙོན་དུ་བཟུང་བ་རྣམས་བཏང་། མི་ཤ་ཟ་བ་སྤངས་པས། སླར་རྒྱལ་གཉིས་ལ་བཀོད་པ། ཚེ་འདི་དང་དགེ་བསྙེན་གྱི་སྡོམ་པ་གཏན་དུ་བ་ལ་བཀོད་དེ་ཕྱི་མར་བསྐྱབས་པར་མཛད་པ་བཞིན་ནོ། །



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oldr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41301382
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1