ཁམས་སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་མཛད་སྒོ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 15 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »ཁམས་སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོ
ཁམས་སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་མཛད་སྒོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/11/6ལྟ་ཀློག (2297)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁམས་སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་མཛད་སྒོ།

གཙོ་འཛིན་བསྟན་འཛིན་རབ་རྒྱས་མཆོག

དགེ་བཤེས་ཉི་མ་མཆོག

    སྤྱི་ལོ་༢༠༡༦/༡༠/༣༠་ཚེས་བཟང་སྐལ་བཟང་གི་ཉིན་མོར་ཁམས་སྟོང་སྐོར་དགོན་དུ་དགེ་འདུན་སུམ་བརྒྱ་ལྷག་ཙམ་དང་མི་མང་སྟོང་ལས་བརྒལ་བའི་དབུས་སུ། དགོན་འདི་ཉིད་ཀྱི་གཙོ་འཛིན་རྒྱལ་ཚབ་བསྟན་འཛིན་རབ་རྒྱས་མཆོག་དང་། སྟོང་སྐོར་དགོན་གྱི་མདོ་སྔགས་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་ཉི་མ་མཆོག་རྣམ་པ་གཉིས་ཀྱིས་བཀའ་སློབ་ཟབ་རྒྱས་གནང་བ་དང་འབྲེལ། གཞུང་ཆེན་མོ་བསྡུས་གྲྭ། ཚད་མ། ཕར་ཕྱིན་བཅས་ལ་རྒྱུན་དུ་བརྩོན་པ་ལྷོད་མེད་བྱེད་མཁན་གྱི་སློབ་མ་དག་ལ་རྩོད་རྒྱུགས་ལེགས་འཕྲོད་ཀྱི་མཛད་སྒོ་དང་། སྨོན་ལམ། འཇིགས་བྱེད། བསྐང་གསོལ། ཀུན་རིག བདེ་མཆོག་བཅས་ལ་སློབ་འབྲིང་རྣམས་ཀྱིས་བློ་རྒྱུགས་ལེགས་འཕྲོད་སྐོར་གྱི་མཛད་སྒོ། དག་ཡིག་བཅས་ལ་སློབ་ཆུང་དག་གིས་རྒྱུགས་སྤྲོད་ལེགས་འཕྲོད་ཀྱི་མཛད་སྒོ་རྣམས་དུས་གཅིག་ཏུ་སྤེལ།

ཐོག་མར་དགོན་འདི་ཉིད་ཀྱི་གཙོ་འཛིན་རྒྱལ་ཚབ་བསྟན་འཛིན་རབ་རྒྱས་མཆོག་གིས།


           འོ་ལགས་སོ། སྟོང་སྐོར་དགོན་གསང་ཆེན་རྡོ་རྗེ་གླིང་གི་མཁན་པོ་མཁན་ཟུར་རྣམ་པ་དང་། རོགས་པ་རྣམ་པ། ལས་སྣེ་རྣམ་པ། ཁྱད་པར་དུ་དགེ་འདུན་པ་རྣམ་པ། ཁུ་རི་ཆུ་བསིལ་མདའ་གཉིས་ཀྱི་བར་ནས་ཕེབས་པའི་སྐྱ་སེར་ཕོ་མོ་ཡོངས་སུ་རྫོགས་པ་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཞེས་པ་ལ། ཚོགས་ཞུགས་ཡོངས་ཀྱིས་ཐལ་སྒྲས་ཚོགས་རའི་ཕྱི་ནང་གང་། དམ་པ་ཁོང་གིས། དེ་རིང་སྟོང་སྐོར་དགོན་པའི་མདོ་སྔགས་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་མཛད་སྒོ་འདི་སྐྱ་སེར་ཡོངས་སུ་རྫོགས་པའི་མདུན་ན་ངོ་སྤྲོད་བྱེད་ཀྱི་དེ་རེད། དེ་དང་འབྲེལ་བའི་གཏམ་ཞིག་བཤད་དགོས་ཀྱང་། དགེ་འདུན་པ་ཟིལ་ཆེ་བས་བཤད་མི་ཤེས། འོན་ཀྱང་། རང་ལ་འགན་ཁུལ་ཞིག་ཡོད་པས་ཆ་ནས་མདོར་བསྡུས་ཤིག་ཞུས་ན། དེ་ཡང་། ༧ཐམས་ཅད་མཁྱེན་པས་གསུང་པ་བཞིན། དགོན་པ་ཡིན་ནའང་དུས་རབས་ཉེར་གཅིག་པའི་དགོན་པ་ཞིག་དང་། གྲྭ་པ་ཡིན་ནའང་དུས་རབས་ཉེར་གཅིག་པའི་གྲྭ་པ་ཞིག་དགོས། དེས་ན། ཤེས་རིག་ནི་རྩ་ཆེན་པོ་ཞིག་ཡིན་པས་དུས་རྒྱུན་དུ་མདོ་སྔགས་གཉིས་ཀའི་ཐད་ལ་སློབ་སྦྱོང་འབད་བརྩོན་ལྷོད་མེད་བྱེད་མཁན་རྣམས་ལ་གཟེངས་རྟགས་སྤྲད་རྒྱུ་དང་། ཕྱོགས་གཅིག་ནས་བཤད་ན། སོ་སོའི་ཕ་མ་རྣམས་ཀྱིས་ཀྱང་རང་གི་བུ་རྒྱུད་འདི་སྟོང་སྐོར་དགོན་ནང་དུ་བཞུགས་ན་ཡོན་ཏན་འདི་ལྟ་བུ་འདུག་སྙམ་སྟེ་དགའ་བ་སྒོམ་རྒྱུའི་དུས་ཚོད་ཅིག་ལ་ཐོན་ཡོད།  ཕྱོགས་གཉིས་ནས་བཤད་ན། གཉིས་སྟོང་བཅུ་གསུམ་ལོ་ནས་མགོ་བརྩམས་ཏེ་དུས་རབས་དང་མཐུན་པ་ཞིག་དང་། སློབ་མའི་རྒྱུད་ལ་ཡོན་ཏན་སྐྱེ་བར་ཕན་ཐོགས་སུ་དམིགས་ནས་བྱ་དགའ་སྤྲད་རྒྱུའི་ལུགས་སྲོལ་ཡོད་ཀྱང་། དགེ་འདུན་པའི་མདུན་ན་མ་གཏོགས་སྐྱ་སེར་གཉིས་ཀ་འདི་ལྟ་བུའི་རྒྱལ་ཆེན་པོ་འཛོམས་ཡོད་སར་བྱ་དགའ་སྤྲད་རྒྱུའི་ལུགས་སྲོལ་ནི་ད་ལོར་ལོ་རྒྱུས་ཀྱི་ཐོག་མར་རེད། ད་ལོར་འདི་ལྟ་བུའི་ལས་འགུལ་རྒྱལ་ཆེ་སྤེལ་བའི་དམིགས་ཡུལ་གཙོ་བོ་སྟོང་སྐོར་དགོན་པ་ནི། སྟོང་སྐོར་ཟླ་བ་རྒྱལ་མཚན་ནས་ཞབས་དྲུང་བཅུ་གཅིག་གི་བར་མདོ་སྔགས་གཉིས་ཀར་སློབ་སྦྱོང་བྱ་ཡུལ་གྱི་དགོན་པ་ཞིག་ཆགས་ཡོད་པས། དེང་སང་དགོན་པ་ལ་ལར་མདོ་ཡོད་ན་སྔགས་མེད་པ་དང་། ལ་ལར་སྔགས་ཡོད་ན་མདོ་མེད་པ་དེ་ལྟ་བུ་མང་པོ་ཡོད་རེད། ཞབས་དྲུང་རིམ་བྱོན་གྱི་བཀའ་དྲིན་ལས་དེང་སང་ངེད་ཅག་གི་དགོན་པར་མདོ་སྔགས་གཉིས་ཀ་བླ་མེད་གྲུ་བཞི་ཞིག་གནས་ཡོད་པས་ཚང་མས་ཡི་རངས་བྱེད་འོས་པ་ཞིག་དང་། དགེན་སློབ་ཀུན་གྱིས་དཀའ་ལས་འོ་བརྒྱལ་ཆེན་པོ་གནང་བཞིན་པ་རེད། ལྷག་པར་དུ་ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་ཆོས་རྭ་ཟེར་བའི་མཚན་ཉིད་གྲྭ་ཚང་ཞིག་ཟུར་དུ་འཛུགས་པ་མ་ཟད། གཞུང་ཆེན་མོའི་སྐོར་ལ་ཁོང་གི་རྩོམ་ཡིག་མང་པོ་ཡོད་པས་དེང་སང་ངེད་ཅག་གི་སློབ་སྦྱོང་བྱ་ཡུལ་དུ་གྱུར་ཡོད། དེས་ན། སངས་རྒྱས་ཀྱི་བསྟན་པ་ནི་ཕྱིའི་ས་མི་གནས་རྡོ་ལ་མི་གནས་ནང་གི་སེམས་ལ་གནས་ཡོད་སྟབས། སྔར་གྱི་ལོ་རྒྱུས་ལ་བལྟས་ན་བོད་ཁམས་ཀྱི་དགོན་པ་ཆ་ཚང་ཐ་ན་ཁང་ཞིང་ཞིག་མ་གཏོགས་ལྷག་མེད་པའི་དུས་ཚོད་ངན་པ། སངས་རྒྱས་ཀྱི་བསྟན་པ་ལ་གེགས་བར་ཆད་ཆེན་པོ་བྱུང་མྱོང་ཡང་། རྒན་རབས་པ་ཚོས་རང་གི་ཚེ་སྲོག་འཆོར་བ་ལའང་ཞེད་སྣང་མེད་པ་རང་རྒྱུད་ཀྱི་དམ་ཚིག་སྡོམ་པ་སྲུང་ཡས་སོགས་ད་ལྟའི་བར་སངས་རྒྱས་ཀྱི་བསྟན་པ་གནས་ཡོད་པ་འདིས་སངས་རྒྱས་ཀྱི་བསྟན་པ་སར་མི་གནས་རྡོར་མི་གནས་ཀླད་པའམ་སེམས་ལ་གནས་ཡོད་པ་མཚོན་ནོ།།

          དངོས་གནས་དྲང་གནས་ངས་རྒྱུན་དུ་བསམ་བཞིན་ཡོད། རྒན་རབས་པ་རྣམས་བཀའ་དྲིན་ཆེན་པོ་རེད། དེང་སང་ངེད་ཅག་ལ་མདོ་སྔགས་གཉིས་ཀའི་ཆ་ནས་སློབ་སྦྱོང་འདི་ལྟ་བུ་ཞིག་ཡོད་པ་ནི། རྒན་རབས་པའི་བཀའ་དྲིན་རེད། འཇིག་རྟེན་གཏམ་དཔེར། ཆུ་བུམ་པ་གང་བྱོ་དང་། རྡོ་ལག་བརྒྱུད་ཀྱི་ཚུལ་དུ་དགོས། ཞེས་དཔེ་ལྟར། གཅིག་ནས་གཅིག་ཏུ་བརྒྱུད་དེ་ད་ལྟར་སངས་རྒྱས་ཀྱི་བསྟན་པ་བླ་མེད་གྲུ་བཞི་ཞིག་གནས་ཡོད། སྤྱི་ལོ་༡༩༨༡ལོར་ཆོས་སྒོ་ཕྱེ་བའི་སྐབས་སྔོན་མའི་གྲྭ་རྒན་ཉིས་བརྒྱ་ལྷག་ཙམ་ཡོད་ཀྱང་། དེང་སང་བཅོ་ལྔ་བཅུ་དྲུག་ཅིག་མ་གཏོགས་བཞུགས་ཡོད་མ་རེད། ཚང་མ་དག་ཞིང་ལ་ཕེབས་ས་རེད། དེར་མ་ཟད། སྐྱ་སེར་གཉིས་ཀྱི་རྒན་རབས་པ་ཚོའི་བཀའ་དྲིན་ལས་ད་ལྟར་སྐུ་གསུང་ཐུགས་རྟེན་སྙིང་པ་རྩ་ཆེན་པོ་གང་མང་ཞིག་དེང་སང་དཀར་མཛེས་ཁུལ་ཕར་བཞག་སི་ཁྲོན་ཞིང་ཆེན་ལའང་སྟོང་སྐོར་དགོན་པ་དགའ་ཤོས་ཡིན་པ་ཞིབ་འཇུག་པས་ཤེས་ཡོད། དེ་ཐམས་ཅད་རྒན་རབས་པའི་བཀའ་དྲིན་རེད། དེ་ནས། དེང་སང་ངེད་ཅག་གི་དགོན་པ་ཤེས་རིག་ཡོན་ཏན་གང་ཐད་ནས་དགོན་པ་གཞན་དང་གཅིག་བསྡུར་བ་ཡིན་ནའང་རྗེས་ལུས་མི་ཐེབས་པ་ནི། གཅིག་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་དང་། གཉིས་སློབ་མ་རྣམས་ཀྱི་བཀའ་དྲིན་རེད། ངེད་ཅག་རབ་བྱུང་བ་ཞིག་ཡིན་ཕྱིན་ཆད་དཔེ་ཆ་ལྟ་བ་སོགས་བསླབ་པ་སློབ་གཉེར་ཚུལ་བཞིན་དུ་བྱེད་རྒྱུ་དང་། དེར་མ་ཟད། འདོད་ཆུང་། ཆོག་ཤེས། ཉམ་ཆུང་། ཚུལ་མཐུན་སོགས། མདོར་ན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དོན་ཉུང་བྱ་ཉུང་ཞིག་དགོས་རེད། སློབ་མ་རྣམས་ཀྱིས་དགེ་བའི་བཤེས་གཉེན་གྱི་ཁ་ལ་བརྩི་རྒྱུ་དང་། ལས་སྣེ་མོ་བའི་ཁ་ལ་བརྩི་རྒྱུ། དགོན་པ་ལ་བརྩི་བཀུར་བྱ་རྒྱུ་སོགས།

            མདོར་ན། དེང་སང་མདོ་སྔགས་སློབ་གླིང་གི་དགེ་སློབ་ཀུན་གྱིས་སློབ་སྦྱོང་ཕྱོགས་ལ་དཀའ་ལས་འོ་བརྒྱལ་ཆེན་པོ་གནང་བཞིན་ཡོད་པ་དང་། དགོན་པའི་སྒྲིག་གཞི་ཚུལ་བཞིན་དུ་སྲུང་བ་བཅས་ཀྱིས་སྟོང་སྐོར་དགོན་པར་ཞབས་ཕྱི་ཆེན་པོ་ཡིན། མ་འོངས་པར་མུ་མཐུད་དེ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་ཐབས་སུ་འབད་བརྩོན་བྱོས་ཟེར་ནས་འབོད་སྐུལ་གཙོ་བོ་ཡིན། ཚོགས་ཆེན་ལས་སྣེ་རྣམས་དང་གྲྭ་ཚང་ལས་སྣེ་ཚང་མས་སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་སློབ་མ་རྣམས་ལ་རྒྱབ་སྐྱོར་རོགས་རམ་གནང་རྒྱུ་དང་། གཟིགས་རྟོག་ནན་ཕྱིར་མཛད་དགོས། སྤྱིར་བཏང་སྟོང་སྐོར་དགོན་པ་ལ་གྲྭ་དགེ་འདུན་གྲངས་བཞི་བརྒྱ་ཡས་མས་ཤིག་ཡོད་ཀྱང་། རང་ཡུལ་དུ་བཞུགས་ཡོད་མཁན་སུམ་བརྒྱ་ལྷག་ཙམ་དང་། རྒྱ་གར་ལ་བརྒྱད་ཅུ་ལྷག་ཙམ་ཞིག་དང་། བསྡོམས་པའི་བཞི་བརྒྱ་ལྷག་ཙམ་ཞིག་ཡོད་པས་དེ་ཐམས་ཅད་གངས་ཅན་བོད་པ་ཚང་གི་བསོད་ནམས་གསོག་པའི་ཞིང་སར་གྱུར་ཡོད། དེ་རིང་གི་སློབ་མ་རྣམས་ལ་གཟེངས་རྟགས་འབུལ་མཁན་སྦྱིན་བདག་སུ་རེད་ཟེར་ན་སྟོང་སྐོར་དགོན་གྱི་མདོ་སྔགས་སློབ་གླིང་དབུས་རྒྱུན་ལས་ཁང་རེད། དེ་ཡང་གསལ་བཤད་ཅིག་མ་ཞུས་ན། ཁ་སང་དེ་རིང་དགོན་པ་གཅིག་ལ་དཔལ་འབྱོར་འདྲ་མི་འདྲ་མང་པོ་ཞིག་འདུག་བསམས་ནས་རྣམ་རྟོག་འདྲ་མིན་འཆར་ན་ཐང་། འཇིག་རྟེན་གཏམ་དཔེར། མྱི་སེམས་དེ་ཨ་ལ་པ་ལ། སྟག་མོ་དེས་མི་བསད་དགུ་བསད། ཅེས་པ་ལྟར་སེམས་ལ་རྣམ་རྟོག་འདྲ་མི་འདྲ་འཆར་ཉེན་ཆེ་ཡང་། སྟོང་སྐོར་ཞབས་དྲུང་རིན་པོ་ཆེ་དབུ་བཞུགས་དགེ་བཤེས་ཉི་མ་ངེད་ཅག་གིས་གྲོས་བྱས་ནས་ཐག་ཆོད་ལྷིང་པོ་བྱས་ཏེ། སྟོང་སྐོར་མདོ་སྔགས་སློབ་གླིང་གི་སློབ་གཉེར་ཁང་གསར་འཛུགས་གནང་བ་རེད། དེའི་ཚོང་པ་གཙོ་བོ་ནི་འཇམ་དབྱངས་བསྟན་འཛིན་དང་། བྱམས་པ་ཐོགས་མེད། ཡེ་ཤེས་རྡོ་རྗེ་ཁོང་རྣམ་པ་གསུམ་རེད། ལ་ལས་དགོན་པ་གཅིག་ལ་དཔལ་འབྱོར་ཕྱོགས་ཁག་གཉིས། དགོན་པ་ཁག་གཉིས་རེད་བསམ་ན་ཐང་། དེ་གཏན་ནས་མ་རེད། སྟོང་སྐོར་སློབ་གཉེར་ཁང་གི་དཔལ་འབྱོར་ཡོང་སྒོ་ཅི་ཡོད་ནའང་། ས་ཕྱོགས་གཞན་ནས་དགེ་རྒན་གདན་འདྲེན་ཞུ་རྐྱེན་དང་། མདོ་སྔགས་གཉིས་ཀའི་སློབ་མ་ཉིས་བརྒྱ་ཡས་མས་ཤིག་ལ་འཚོ་བའི་རྟེན། སློབ་མ་རྣམས་ལ་གཟེངས་རྟགས་སྤྲད་རྒྱུའི་རྒྱུ། དགེ་རྒན་རྣམས་ལ་ཟླ་ཕོགས་སྤྲད་རྒྱུའི་རྒྱུ་ཡིན་པ་ལས་གཞན་དགོན་པ་མགལ་བ་འགྲོ་བའི་རྐྱེན་གཏན་ནས་མ་རེད། འོ་དེ་འདྲའི་དོགས་པ་མི་དགོས། དཔེར་ན། གྲྭ་ཚང་ལ་ཡོང་སྒོ་ཅི་ཡོད་ནའང་ཟླ་རེ་ཟླ་རེར་ཐག་བཅད་དེ་བགོ་བཤའ་བྱེད་བཞིན་ཡོད། འོན་ཀྱང་། སྟོང་སྐོར་དགོན་པའི་མངའ་འོག་རེད། དེ་བཞིན་དུ་སློབ་གཉེར་ཁང་ཚང་ལ་ཡོང་སྒོ་ཅི་ཡོད་ནའང་སློབ་མ་ཉིས་བརྒྱ་ཡས་མས་ཤིག་ལ་ཞབས་ཕྱི་ཞུ་རྒྱུའི་རྒྱུ་རྫས་ཡིན་པས་ཚང་མས་རྒྱབ་སྐྱོར་བྱེད་དགོས་རེད། སྟོང་སྐོར་དགོན་པའི་རྒྱུ་རེད། མི་རེ་ཟུང་གི་རྒྱུ་མ་རེད། དེ་ཐམས་ཅད་སྟོང་སྐོར་ལྷ་སྡེ་མང་ཚོགས་རྣམས་ཀྱིས་ཤེས་པར་གྱིས། དེ་ནས། མཐུན་སྒྲིལ་སྐོར་རེད། ཞབས་དྲུང་རིན་པོ་ཆེའི་གསུང་བཞིན་དུ་མདོ་སྔགས་སློབ་གྲྭ་གཉིས་ཕར་ཚུར་བར་མཐུན་སྒྲིལ་བྱེད་རྒྱུ་དང་། དགེ་རྒན་དང་དགེ་རྒན་གྱི་བར། སློབ་མ་དང་སློབ་མའི་བར། ལས་སྣེ་དང་གྲྭ་མང་གི་བར། བླ་མ་དང་སློབ་མའི་བར། དགོན་པ་དང་ལྷ་སྡེའི་བར། ལྷ་སྡེ་དང་ལྷ་སྡེའི་བར་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེན་དོན་སྙིང་ཡིན། དཔེར་ན། མཐུན་སྒྲིལ་ནི་ས་གཞི་ལྟ་བུར་དང་། ཤེས་ཡོན་ནི་ལོ་ཏོག་ལྟ་བུ་ཡིན། མཐུན་སྒྲིལ་གྱི་ས་གཞི་མེད་ན། ཤེས་རིག་གི་ལོ་ཏོག་ཡོད་མ་རེད། དེས་ན། མཐུན་སྒྲིལ་ནི་ཨང་དང་པོ་ཡིན་ཡང་། ལ་ལས་མཐུན་སྒྲིལ་ཡོད་ན། ཤེས་རིག་མི་དགོས་ཟེར་མཁན་ཡོད་རེད། དེ་གཏན་ནས་མ་རེད། བཅོམ་ལྡན་འདས་ཀྱིས། མདོ་ལས། རིག་པའི་ངོ་བོ་ལྔ་ལ་མ་བསླབ་ན། ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། ཞེས་གསུངས། དེས་ན། ལ་ལས་མདོ་དགོས་སྔགས་མི་དགོས་ཟེར་བ་འདྲ་དང་། ལ་ལས་སྔགས་དགོས་མདོ་མི་དགོས་ཟེར་བ་འདྲ་བོ་དེ་ཐམས་ཅད་མི་འགྲིག་སྟེ། དཔེར་ན། བྱ་ནམ་མཁར་འཕུལ་བར་མདའ་སྒྲོ་གཤོག་པ་གཉིས་ལྡན་དགོས་པ་བཞིན་དུ། སངས་རྒྱས་པར་མདོ་སྔགས་གཉིས་ཀར་སློབ་དགོས། སྤྱི་སངས་རྒྱས་ཀྱི་བསྟན་པ་དར་བར་དགེ་འདུན་གྱི་སྡེ་འཕེལ་བར་རག་ལས། དགེ་འདུན་གྱི་སྡེ་འཕེལ་བར་ཆོས་སྡེ་མང་ཚོགས་ལ་རག་ལས་པས་མང་ཚོགས་ཀྱིས་མཉམ་འཇོག་དགོས་པ་ཞིག་ནི། དེང་སང་གྲྭ་བ་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས་རྒྱ་ཆེན་མང་ཚོགས་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དུ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་དྲི་མ་མེད་པ་འདི་ཉིད་ཡུན་རིང་དུ་གནས་ཐབས་སུ་དམིགས་ནས། གྲྭ་བ་རེ་རེ་ཡིན་ནའང་དགོན་པ་ནང་ཡར་བཞག་རོགས་གནང་ཞེས་འབོད་སྐུལ་ཡིན། ངེད་ཅག་དགོན་གཞུང་གི་ངོས་ནས་ཀྱང་ལྟ་ཚུལ་ཡག་པ་ཞིག་བཀོད་སྒྲིག་ཡོད། དེར་མ་ཟད། ཁྱེད་ཅག་གི་རེ་བ་འདྲ་ཡོད་ནའང་ཡར་བཤད་རོགས་གནང་། དེར་མ་ཟད། ས་དགེ་བཀའ་སྙིང་ཇོ་ནང་དང་བཅས་པའི་རིག་གནས་ལ་མཐོང་ཆེན་བྱེད་དགོས་ཏེ། དེ་ཐམས་ཅད་ནང་པ་སངས་རྒྱས་པའི་བསྟན་པ་རྐྱང་རྐྱང་རེད། མདོར་བསྡུས་ན། སྟོང་སྐོར་དགོན་པའི་གྲྭ་བ་རྣམས་ཀྱི་ཁ་ཕྱོགས་ནི་ཆོས་འདུལ་བའི་བཅས་ཁྲིམས་དང་མཐུན་ཞིང་། འཇིག་རྟེན་གྱི་མི་ཆོས་ཡ་རབས་སྤྱོད་བཟང་དང་མཐུན་པ་ཞིག་དགོས་པས། ངེས་པར་དུ་དགེ་རྒན་རྣམས་ཀྱིས་དཔེ་ཆ་ཁྲིད་པ་ཙམ་དང་། འདོན་ཚོགས་སློབ་ཁྲིད་ཙམ་གྱིས་མ་ཚོམ་པ་བསླབ་བྱ་གནང་རོགས་གནང་། ལས་སྣེ་རྣམས་ཀྱིས་ཀྱང་དེ་དེ་བཞིན་དགོས། དེ་རིང་དེ་ཙམ་ཡིན། སྟོང་སྐོར་གསང་ཆེན་རྡོ་རྗེ་གླིང་གི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་གཙོར་བཞུགས་དགེ་འདུན་ཡོངས་ཀྱིས། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པར་འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་ཐམས་ཅད་མི་ཉམས་དབྱར་གྱི་མཚོ་ཆེན་བཞིན་དུ་གོང་ནས་གོང་དུ་འཕེལ་བར་བཀྲ་ཤིས་སྨོན་འདུན་ཞུ། ཞེས་པ་ལ། ཚོགས་ཞུགས་ཡོངས་ཀྱིས་ཐལ་སྒྲས་ཚོགས་རའི་ཕྱི་ནང་གང་།


སྟོང་སྐོར་མདོ་སྔགས་སློབ་གླིང་དགེ་རྒན་ཆེན་མོ་དགེ་བཤེས་ཉི་མ་མཆོག་གིས།


ཁམས་སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཀྱི་མཛད་སྒོ་འདིར་ཕེབས་པའི་ཁྲི་གདན་ཟུར་རྣམ་པ་དང་། ལས་སྣེ་རྣམས་དང་། དགེ་འདུན་པ་རྣམ་པ། དེར་མ་ཟད། ཆོས་སྒོ་འདིར་ཞུགས་པའི་མི་སྣ་ཡོངས་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཞེས་པ་ལ། ཚོགས་ཞུགས་ཡོངས་ཀྱིས་ཐལ་སྒྲས་ཚོགས་ར་གང་། དམ་པ་ཁོང་གིས། འོ་ལགས་སོ། དེ་རིང་གི་སྐད་ཆ་རྣམས་དོན་ཚན་གཉིས་ནང་དུ་བསྡུས་ནས་ཞུ་འདོད་བྱུང་། དང་པོ་མཛད་སྒོ་འདི་ལ་རྒྱུ་མཚན་དང་། དགོས་པ་གཉིས་ཡོད་པའི་སྐོར་དང་། དོན་ཚན་གཉིས་པ་ནི། མཛད་རིམ་གསུམ་པ་དང་བཞི་པ་གཉིས་དང་འབྲེལ་བའི་སྐད་ཆ་ཁ་ཤས་ཤིག་མ་གཏོགས་མེད། དང་པོ། སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་མཛད་སྒོ་འདི་འདྲ་ཞིག་སྤེལ་བའི་རྒྱུ་མཚན་ནི། སྟོང་སྐོར་ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོ། དེའི་ཡང་སྤྲུལ་ཞབས་དྲུང་བདུན་པ་མདོ་རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན། དེའི་ཡང་སྤྲུལ་ཞབས་དྲུང་བརྒྱད་པ་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས། འདི་གསུམ་གྱི་ནང་ནས་ཞབས་དྲུང་དྲུག་པ་མཆོག་གིས་དགོན་གནས་འདིར་མཚན་ཉིད་གྲྭ་ཚང་ཞིག་ཟུར་དུ་གསར་གཏོར་གནང་བ་རེད། འོན་ཀྱང་། སྒྲིག་འཛུགས་དམ་པོ་ཞིག་འཛུགས་ཐུབ་ཡོད་མ་རེད། དེའི་རྗེས་སུ་ཞབས་དྲུང་བདུན་པ་མདོ་རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་གིས། སློབ་མ་རྣམས་ལ་དཔེ་ཆ་རྒྱུགས་ལེན། འཕྲོད་མཁན་རྣམས་ལ་བྱ་དགའ་དང་། མ་འཕྲོད་པ་རྣམས་ལ་ཆད་པ་གཅོད་རྒྱུའི་ལུགས་སྲོལ་སོགས་སྒྲིག་འཛུགས་དམ་པོ་ཞིག་གསར་འཛུགས་གནང་ཡོད་པ་རེད། དེའི་རྗེས་སུ་ཞབས་དྲུང་བརྒྱད་པ་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས་མཆོག་གིས། དེ་བས་ཀྱང་སྒྲིག་འཛུགས་ཀྱི་ལམ་ལུགས་ཇེ་ཡག་ཏུ་གསར་གཏོར་གནང་ཡོད་པ་རེད། དཔེར་ན། ཆོས་ར་ནང་དུ་རྩོད་པའི་སྐབས་ཞབས་དྲུང་བདུན་པ་མདོ་རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག དེར་ཕེབས་ནས་རྩོད་པའི་སྐོར་ལ་གཟིགས་སྐྱོང་གནང་བ་དང་། གལ་ཏེ་དམ་པ་ཁོང་ལ་ཁོམ་ལོང་མེད་ན། ཁོང་གི་གསོལ་དཔོན་གྱིས། དམ་པ་ཁོང་གི་ཚབ་བྱས་ནས་ཆོས་ར་ནང་དུ་རྩོད་པའི་སྐོར་ལ་གཟིགས་རྟོག་མཛད། གལ་ཏེ་རྩོད་པ་མི་མཛད་མཁན་ཡོད་ན། ཁྱེད་རྩོད་པ་རྒྱག་མི་དགོས་པའི་རྒྱུ་མཚན་ཅི་ཡིན་ཟེར་ནས་གཤེ་གཤེ་གཏོང་བའི་ལོ་རྒྱུས་ཡོད་རེད། དེ་ཐམས་ཅད་བསླབ་པ་སློབ་གཉེར་གྱི་ཆེད་དུ་དཀའ་ལས་འོ་བརྒྱལ་ཆེན་པོ་གནང་ཡོད་པས་བཀའ་དྲིན་ཆེན་པོ་རེད། དེའི་རྗེས་སུ་ཞབས་དྲུང་བརྒྱད་པ་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས་མཆོག་གིས། དཔེར་ན། དགོང་མོ་སྐུ་རིམ་སྐབས་དཔེ་ཆ་ལྟ་མཁན་རྣམས་ཁོང་གི་གཟིམ་ཆུང་མདུན་དུ་ཁྲིད་ནས་རྩོད་རྒྱུགས་ལེན་པའི་ལུགས་སྲོལ་སོགས་གསར་འཛུགས་གནང་བ་སོགས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་མཛད་ཡོད་རེད། རྒྱུ་མཚན་དེས་ན། ཞབས་དྲུང་གོང་མ་རྣམས་ཀྱི་མཛད་པ་འདི་རྣམས་རྒྱ་ཆེ་རུ་གཏོང་ཡས་དང་། མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་བྱེད་འདོད་ནས། ད་ལོར་འདི་ལྟ་བུའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་སྤེལ་བ་ཡིན། དཔེར་ན། དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་རྩོམ། པ་ཚབ་ཉི་མ་གྲགས་པས་དེ་བོད་ཡིག་ཏུ་བསྒྱུར། རྗེ་བློ་བཟང་གྲགས་པས་དེའི་འགྲེལ་བ་དབུ་མ་དགོངས་པ་རབ་གསལ་རྩོམ། དེ་ལ་མཁས་པའི་བཤད་ཚུལ་དང་བསྟུན་ན། ཟླ་བ་གྲགས་པས་རྩོམ། ཉི་མ་གྲགས་པས་བསྒྱུར། བློ་བཟང་གྲགས་པས་བཤད། ཅེས་བཤད་པ་བཞིན་དུ་ཞབས་དྲུང་དྲུག་པ་མཆོག་གིས་མཚན་ཉིད་གྲྭ་ཚང་གསར་འཛུགས་གནང་། ཞབས་དྲུང་བདུན་པ་མཆོག་གིས་དེ་ལ་སྒྲིག་འཛུགས་ཡང་དག་པ་ཞིག་གསར་གཏོར་བྱས། ཞབས་དྲུང་བརྒྱད་པ་མཆོག་གིས་སྒྲིག་འཛུགས་ཀྱི་ལམ་ལུགས་ཇེ་ཡག་ཏུ་གཏོང་ཡོད་པ་རེད། གཞན་ཡང་། རྒྱ་ཆེན་མང་ཚོགས་རྣམས་ཀྱིས་ཤེས་དགོས་པ་ཞིག་ནི། སྤྱིར་བཏང་ཞབས་དྲུང་དང་པོ་ཟླ་བ་རྒྱལ་མཚན་མ་ཕེབས་གོང་དུ་སྟོང་སྐོར་གྱི་ཡུལ་འདིར་དགོན་པ་མང་པོ་ཡོད་ཀྱང་། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་ལ་ཐོས་བསམ་སློབ་གཉེར་བྱེད་སའི་དགོན་པ་ཞིག་ཡོད་མ་རེད། རྒྱུ་མཚན་དེས་ན། ཞབས་དྲུང་དང་པོ་ཟླ་བ་རྒྱལ་མཚན་གྱིས། སྟོང་སྐོར་གྱི་ཡུལ་འདིར་རྗེ་རིན་པོ་ཆེའི་བསྟན་པ་ལ་ཐོས་བསམ་སློབ་གཉེར་བྱེད་སའི་དགོན་པ་ཞིག་དགོས་སྙམ་ཞིང་ཐུགས་ལ་དགོངས་ནས་འདིར་སྟོང་སྐོར་དགོན་པ་ཕྱག་བཏབ་པ་རེད། དགོན་པ་འདི་ཕྱག་བཏབ་ནས་མི་ལོ་ལྔ་བརྒྱ་ལྷག་ཙམ་ཞིག་སོང་ཡོད་པའི་ལོ་རྒྱུས་འདི་རྣམས་གལ་ཆེ་བའི་གནད་དོན་ཤེས་དགོས་པ་གཅིག་དང་། ལྷག་པར་དུ་སྐུ་ཞབས་ཟླ་བ་རྒྱལ་མཚན་ལ་དད་པ་ཡོད། དེའི་སློབ་མ་ཡིན་ན་ངེས་པར་དུ་འདི་ཤེས་དགོས་པ་གཅིག་ཡིན། ངེད་ཅག་ཚང་མ་ཁོང་གི་དངོས་སློབ་མིན་ཡང་སློབ་མ་ཡིན་པ་འདྲ་ལགས། སྐུ་ཕྲེང་དང་པོ་རྣམས་ཀྱི་སྐུ་རིང་ལ་རྗེ་བླ་མའི་བསྟན་པར་བཤད་སྒྲུབ་གཉིས་ཀ་དར་ཡོད་མ་རེད། འོན་ཀྱང་། དེའི་རྗེས་སུ་སྐུ་ཕྲེང་དྲུག་པའི་སྐུ་རིང་ལ་རྗེ་རིན་པོ་ཆེའི་བཤད་པའི་བསྟན་པ་འདི་གསར་དུ་དར་བས་དུས་དེ་ནས་བཟུང་སྟེ་དགོན་གནས་འདིར་རྗེ་རིན་པོ་ཆེའི་བཤད་སྒྲུབ་གཉིས་ཀྱི་བསྟན་པ་གནས་ཡོད་པ་རེད། དེར་མ་ཟད། དེ་རིང་ལོ་འཁོར་རྒྱུགས་སྤྲོད་ཀྱི་མཛད་སྒོ་རྒྱ་ཆེན་པོ་འདི་འདྲ་ཞིག་སྤེལ་བའི་རྒྱུ་མཚན་གཞན་ཡང་ཡོད། དབྱར་དགུན་སྟོན་དཔྱིད་ཁྱད་མེད་པར་རྗེ་རིན་པོ་ཆེའི་བཤད་སྒྲུབ་གཉིས་ཀྱི་བསྟན་པ་ལ་ཐོས་བསམ་སློབ་གཉེར་རྐྱང་རྐྱང་གི་དུས་ལས་འདའ་བའི་གྲྭ་དགེ་འདུན་སློབ་མ་ཉིས་བརྒྱ་ཡས་མས་ཤིག་ཡོད། སྤྱིར་བཏང་། ས་གནས་འདིར་སྟོན་ཆོས་ཆེན་མོ་འཁྱག་རེད་ཟེར་ནས་སྐད་གྲགས་ཡོད་རེད། འོན་ཀྱང་། དེ་བས་ཀྱང་གྲང་ངར་ཆེ་བའི་དགུན་ཁའི་དགུ་དང་པོའི་གྲང་ངར་གྱིས་ས་འགད། དགུ་གཉིས་པར་རྡོ་འགད། དགུ་གསུམ་པར་བྱ་གོའི་སྒོ་ང་འགད། ཞེས་འཇིག་རྟེན་ན་གྲང་ངར་ཆེ་བའི་དུས་ཚིགས་སྐད་གྲགས་ཆེན་པོ་འདིའི་སྐབས་སུ་ཡང་འདི་བཞུགས་ཀྱི་སློབ་མ་རྣམས་ཚོགས་བཞིན་ཡོད་རེད། དེ་ཡང་། གཅིག་རང་ཆོས་རང་དོན་རེད། གཉིས་སྟོང་སྐོར་དགོན་པའི་སྤྱིའི་དོན་རེད། དེ་རིང་སྐྱ་སེར་མང་ཚོགས་ཐམས་ཅད་ཀྱི་མདུན་ན། དབྱར་ཁ་ཚ་བ་ལ་མ་ལྟོས་པ་དང་། དགུན་ཁ་གྲང་ངར་ལ་མ་ལྟོས་པར་རྗེ་རིན་པོ་ཆེའི་བཤད་སྒྲུབ་གཉིས་ཀྱི་བསྟན་པར་ཐོས་བསམ་སློབ་གཉེར་ཚུལ་བཞིན་དུ་བྱེད་མཁན་གྱི་སློབ་མ་ནི། འདི་རྣམས་རེད་ཅེས་ངོ་སྤྲོད་ཀྱི་ཚུལ་དུ་མཛད་སྒོ་འདི་འདྲ་ཞིག་སྤེལ་བ་ཡིན། དེ་ཡང་རྒྱ་ཆེན་མང་ཚོགས་རྣམས་ཀྱིས་ཤེས་དགོས་ཞིང་། གལ་ཆེ་བའི་གནད་དོན་གཅིག་ཡིན། དེ་རིང་རྒྱུགས་སྤྲོད་ཀྱི་མཛད་སྒོ་སྤེལ་བའི་དགོས་པ་ནི། སྟོང་སྐོར་ཞབས་དྲུང་བཅུ་གཅིག་ཕེབས་རེད། དེའི་ནང་ནས་ཀྱང་སྐུ་ཕྲེང་གཅིག་མ་གཏོགས་ཆ་ཚང་གྲྭ་སར་ཕེབས་པའི་ལོ་རྒྱུས་ཡོད་པ་དང་། སྐུ་ཕྲེང་ལྔ་པ་བསོད་ནམས་རྒྱ་མཚོ་ནི་དབུས་གཙང་ཕྱོགས་ལ་སློབ་གཉེར་ཕེབས་མ་མྱོང་ཡང་། ཨ་མདོ་ཕྱོགས་ལ་སློབ་གཉེར་ཕེབས་ཏེ་མཁས་པ་ཆེན་པོ་བྱུང་མྱོང་བའི་ལོ་རྒྱུས་ཡོད་རེད། གྲྭ་སར་ཕེབས་དགོས་པའི་རྒྱུ་མཚན་ནི། ལ་ལས་རྒྱུ་ནོར་དཔལ་འབྱོར་བཙལ་འཚོལ་བྱེད་དུ་སོང་བ་ཡིན་བསམ་ན་ཐང་། དེ་འདྲ་གཏན་ནས་མ་རེད། ཤེས་རིག་ཡོན་ཏན་བཙལ་འཚོལ་བྱེད་དུ་སོང་བ་ཡིན། དཔེར་ན། ཞབས་དྲུང་དང་པོ་ཟླ་བ་རྒྱལ་མཚན་ནི། དང་པོར་མི་ཉག་རབ་སྒང་གི་ཕྱུག་མོ་ཆོས་འཁོར་གླིང་དུ་སློབ་གཉེར་ལ་ཕེབས་ཀྱང་སྐབས་དེར། གྲྭ་སའི་མཚན་སྙན་གྲགས་ཐོས་ནས་ཐུགས་ཡིད་མ་ཚིམ་པར་དབུས་ཕྱོགས་སུ་ཕེབས་པའི་ལོ་རྒྱུས་ཡོད། དེ་ཐམས་ཅད་ཤེས་རིག་རྩ་ཆེན་པོ་ཡིན་པའི་རྒྱུ་མཚན་རྐྱང་རྐྱང་རེད། མདོར་ན། ལོ་འཁོར་རྒྱུགས་སྤྲོད་ཀྱི་མཛད་སྒོ་རྒྱ་ཆེན་པོ་འདི་ལྟ་བུར་སྤེལ་བའི་རྒྱུ་མཚན་ནི། ཤེས་རིག་ཡོན་ཏན་ནི་རྩ་ཆེན་པོ་ཞིག་དང་། མཁས་པའམ་ཤེས་ཡོན་པའི་གང་ཟག་རྣམས་རྒྱ་ཆེར་མང་ཚོགས་རྣམས་ཀྱིས་འདི་དང་འདི་རེད་སྙམ་དུ་ངོས་ཟིན་པའི་ཆེད་དུ་ཡིན། དེར་མ་ཟད། བཅོམ་ལྡན་འདས་ཀྱིས། མདོ་ལས། ཐོས་པས་ཆོས་རྣམས་ཤེས་པར་བྱེད། ཐོས་པས་སྡུག་ལས་ལྡོག་པར་བྱེད། ཐོས་པས་དོན་མ་ཡིན་པར་སྤངས། ཐོས་པས་མྱ་ངན་འདས་པར་ཐོབ། ཅེས་གསུངས། དེའི་ཚིགས་བཅད་གཅིག་གིས་སྐྱེས་བུ་གཅིག་འཆང་རྒྱ་བའི་ཐབས་ལམ་ཆ་ཚང་སྟོན་ཡོད། དེའི་དོན་མདོར་བསྡུས་ཤིག་བཤད་ན། ཐོས་པས་ཆོས་རྣམས་ཤེས་པར་བྱེད། ཅེས་གཞུང་ཆེན་མོར་ཐོས་པ་བྱས་ན་བླང་དོར་གྱི་གནས་རྣམས་ཤེས་པར་འགྱུར་ཞེས་པའི་དོན་དང་། ཐོས་པས་སྡུག་ལས་ལྡོག་པར་བྱེད། ཅེས་གཞུང་ཆེན་མོར་ཐོས་པར་བྱས་ན་སྡིག་པར་མི་བྱེད་ཅེས་པ་དང་། འོན་ཀྱང་། ཞིབ་ཏུ་འགྲེལ་ན། ངེད་ཅག་སྐྱེས་བུ་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། སྡུག་བསྔལ་དང་བྲལ་བདེ་བ་དང་ལྡན་དགོས་ན། བཅོམ་ལྡན་འདས་ཀྱིས། ཐོག་མར་གཞུང་ཆེན་མོར་ཐོས་པར་བྱོས། དེ་ནས། བླང་དོར་གྱི་གནས་རྣམས་ཤེས་པར་གྱིས། དེ་ནས། སྡིག་པ་ལས་ལྡོག་པ་བཅས་ཀྱི་གོ་རིམ་མ་འཁྲུགས་པ་དགོས་ཞེས་གདམས་ངག་ཁྱད་པར་ཅན་ཞིག་གནང་བ་རེད། ཐོས་པ་མེད་པའི་སྒོམ་པ་དེ། ལག་རྡུམ་བྲག་ལ་འཛེག་དང་མཚུངས། ཞེས་པ་བཞིན། ཐོས་པ་མེད་ན་སྡིག་པ་སྤོང་ཤེས་རྒྱུ་མ་རེད་ལགས་དགེ་བ་ཡང་སྒྲུབ་ཤེས་རྒྱུ་མ་རེད། དཔེར་ན། ལག་རྡུམ་བྲག་ལ་འཛེག་པ་དང་འདྲ་བས་ངེད་ཅག་སློབ་བུ་ཀུན་གྱིས་གཞུང་ཆེན་མོར་ཐོས་པར་བྱེད་པའམ་དཔེ་ཆ་བལྟ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྗེ་རིན་པོ་ཆེས། མི་བརྟན་ཚེ་འདིའི་བདེ་བ་སྒྲུབ་པའི་ཐབས།། ཟང་ཟིང་རྫས་ལའང་ཆོག་ཤེས་མེད་གྱུར་ན།། གཏན་བདེ་སྒྲུབ་བྱེད་ནོར་ཆོག་ཐོས་པའི་ནོར།། དེ་ལ་ཆོག་པ་འཛིན་རྣམས་བདུད་ཀྱིས་ཐེབས།། ཞེས་ཚེ་འདིར་ཙམ་ལ་བདེ་བ་སྒྲུབ་པའི་ཐབས་རྒྱུ་ནོར་དཔལ་འབྱོར་ལ་ཆོག་ཤེས་མེད། སྐྱེ་བ་ཕྱི་མར་གཏན་གྱི་བདེ་བ་ཐོབ་པའི་ཐབས་མཆོག་ཏུ་གྱུར་པ་དཔེ་ཆ་ལྟ་བའམ་གཞུང་ཆེན་མོར་ཐོས་པའི་ནོར་མཆོག་ཏུ་གྱུར་པ་འདི་ལ་ཆོག་ཤེས་བྱས་ན་བདུད་ཀྱིས་བྱིན་བརླབས་ཡིན་ཞེས་གསུངས་ཡོད་རེད། དེར་མ་ཟད། རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་རིང་། དབུས་གཙང་ཕྱོགས་ལ་འཁྲུག་རྩོད་ཅུང་ཟད་འོང་བའི་ལོ་རྒྱུས་ཡོད་རེད། སྐབས་དེར་དམ་པ་ཁོང་ལྷ་སར་བཞུགས་ཐབས་བྲལ་ནས་དགྱ་ནག་ཕེབས། དེའི་ཕྱིས་སུ་རང་ཡུལ་ཕྱོགས་ལྷ་སར་ཡར་ཕེབས་སྐབས་དམ་པ་ཁོང་ལ་རོགས་རམ་བྱེད་མཁན་སྐུ་འཁོར་ལྕང་སྐྱ་རོལ་པའི་རྡོ་རྗེ་ཡོད་རེད། གདན་ས་གསུམ་གྱི་མཁན་པོ་མཁན་ཟུར་ཚང་མས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ལྷ་སའི་ནོར་བུ་གླིང་ཁར་ཡར་བསུས། སྐབས་དེར་ལྕང་སྐྱ་རིན་པོ་ཆེ་དགུང་ལོ་བཅུ་དྲུག་རེད། འོན་ཀྱང་། ཁོང་གིས་ཐོག་མར་གསུང་བཤད་ག་རེ་གནང་ཡོད་རེད་ཟེར་ན། དེང་སང་གདན་ས་གསུམ་གྱི་གྲྭ་དགེ་འདུན་ཐམས་ཅད་ཀྱི་ནང་ནས་སུའི་མཁས་ཞེས་མཁན་པོ་མཁན་ཟུར་རྣམས་ལ་སྐད་ཆ་དྲིས་པ་རེད། གྲྭ་སའི་མཁན་པོ་རྣམས་ཀྱིས། དེ་ཐམས་ཅད་ཀྱི་ནང་ནས་མཁས་པ་ནི་འབྲས་སྤུངས་སྒང་མོའི་མཁན་པོ་ཞིག་ཡིན་ཞེས་ལན་གནང་ཡོད། ལྕང་སྐྱ་རིན་པོ་ཆེས། འོ་དེ་དང་ང་གཉིས་གཅིག་ཐུག་དགོས་ཞེས་གསུངས། མདོར་ན། དེ་ཐམས་ཅད་མཁས་པ་ནི་རྩ་ཆེན་པོ་ཡིན་པའི་རྒྱུ་མཚན་རྐྱང་རྐྱང་རེད། སྐྱ་སེར་ཕོ་མོ་ཡོངས་སུ་རྫོགས་པས་ཤེས་རིག་ཡོན་ཏན་ནི་རྩ་ཆེན་པོ་ཞིག་ཡིན་པ་ཤེས་པར་གྱིས་མ་གཏོགས་དེང་སང་། ཐམས་ཅད་ཀྱི་ནང་ནས་རྒྱུ་ཆེན་པོ་སུ་རེད་ཅེས་སྐད་ཆ་རྐྱང་རྐྱང་འདྲི་བའི་ཉེན་ཁ་འདུག སྤྱིར་བཏང་། དགྱ་ནག་གི་མངའ་འོག་ལ་དགོན་པ་ཁྲི་བཅུ་གཉིས་ལྷག་ཙམ་དང་། བོད་གངས་ཅན་ལྗོངས་སུ་སྔོན་མ་ཡིན་ན་དགོན་པ་སྟོང་ཕྲག་བརྒྱད་ལྷག་ཙམ་ཡོད་ཀྱང་། དེང་སང་དགོན་པ་སྟོང་ཕྲག་དྲུག་ལྷག་ཙམ་ལས་ཡོད་མ་རེད། དེའི་ནང་ལོགས་དགོན་པ་ཆུང་ཆུང་ཡིན་ན་དམིགས་བསལ་རེད་མ་གཏོགས་དགོན་པ་ཆེ་ཁག་རྣམས་ལ་ང་འགྲོ་མ་མྱོང་ས་གཅིག་ཀྱང་མེད། དགོན་པ་ཆེ་ཁག་ཀུན་གྱིས་སློབ་གཉེར་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད་པས་ངེད་ཅག་གི་དགོན་པས་ཀྱང་དེ་ལུགས་ཀྱིས་སློབ་སྦྱོང་མ་བྱས་ན་རྗེས་ལུས་ཐེབས་པའི་ཉེན་ཁ་ཡོད་རེད། གལ་ཏེ་དགོན་པ་དེ་ལ་ཤེས་རིག་ཡོན་ཏན་མེད་ན་ཕྱིའི་མཐོང་ཆུང་བྱེད་པ་མ་ཟད། ནང་གི་དགོན་པའི་ལྷ་སྡེ་རྣམས་ཀྱིས་ཀྱང་མཐོང་ཆུང་བྱེད་རྒྱུ་རེད། སློབ་སྦྱོང་ཟེར་བ་འདིའི་ཐེངས་ལ་དགོན་པ་རྣམས་ཀྱིས་དཀའ་ལས་དགོས་དང་དགོས་རེད། མ་ཟད་ཁྱིམ་པ་རྣམས་ཀྱིས་ཀྱང་དེང་སང་དཀའ་ལས་ག་རེ་རྒྱག་བཞིན་ཡོད། ཚང་མས་ཤེས་རྒྱུ་རེད། གལ་ཏེ་དགོན་པ་ལ་ཤེས་རིག་མེད་ན། ཁྱིམ་པ་རྣམས་ཀྱིས་དགོན་པ་ལ་ཤེས་རིག་མི་འདུག་ཟེར་ནས་མཐོང་ཆུང་བྱེད་པར་མ་ཟད། དགོན་པ་ནང་དུ་གྲྭ་བ་བྱེད་མཁན་རག་ས་མ་རེད། དེའི་ཆ་ནས་སློབ་སྦྱོང་རྩ་ཆེན་པོ་རེད། དཔེར་ན། ངེད་ཀྱིས་གྲྭ་མང་པོ་ཞིག་ཁྲིད་ནས་ཕྱི་ཕྱོགས་དགོན་པ་གཞན་ལ་སློབ་སྦྱོང་སོང་བའི་སྐབས། ངེད་ཀྱིས་མ་འོངས་པར་སྟོང་སྐོར་དགོན་པར་ཤེས་རིག་ཡོན་ཏན་སོགས་གང་ཐད་ནས་ཡག་པོ་ཞིག་ཡོང་བར་ཡིད་ཆེས་ནས་མི་ལོ་མང་པོ་ཞིག་ལ་དཀའ་ལས་བརྒྱབ་པ་དང་། གྲྭ་བ་རེ་རེ་ཡིན་ནའང་གཞུང་བཀའ་བོད་ལྔ་ལ་སློབ་སྦྱོང་མཐའ་ཕྱིན་པ་རེ་ཡོད་ན་སྟོང་སྐོར་དགོན་པའི་གཟི་བརྗེད་རེད་དྲན་བཞིན་སྟོང་སྐོར་དགོན་པ་ལ་ཕན་ཐོགས་སུ་དམིགས་ནས་དཀའ་ལས་བརྒྱབ་པ་ཡིན་མ་གཏོགས། འགྲོ་ས་འདུག་ས་མ་རག་པ་དང་། ལས་དཀའ་ཟད་ནས་འགྲོ་འོང་མིན། སྤྱིར་བཏང་ང་ནི་དཔེ་ཁྲིད་ཙམ་ལས་དབང་ཆ་འཛིན་རྒྱུ་ལ་དགའ་བོ་མེད། འོན་ཀྱང་། མཚམས་མཚམས་ལ་ངེད་ཀྱིས་ཅུང་ཟད་རེ་མ་བལྟས་ན་མི་འགྲིག་ས་ཡོད་པས་དབང་ཆ་མ་བཟུང་ཐབས་མེད་བྱུང་། དེར་མ་ཟད། དེང་སང་དགོན་པ་གཞན་ལ་ངེད་ཀྱིས་དཔེ་ཆ་ཁྲིད་བཞིན་ཟླ་ཕོག་སྒོར་མོ་ཁྲི་ཡས་མས་ཤིག་བླངས་ནས་བསྡད་དེ་འདུག་ནའང་ནུས་པ་ཡོད། འོན་ཀྱང་། རྩྭ་ཉིན་ངོས་ཟོས། ལྕི་བ་བསིལ་ངོས་བཏང་། ཞེས་པ་ལྟར་བྱས་ན་མི་ཡག་གི་བསམ་བཞིན། སློབ་མ་རྣམས་དང་ཡར་འཚོགས་ན་མཉམ་འཚོགས་དང་མར་གྲོལ་ན་མཉམ་གྲོལ་བྱས་ཏེ་དཀའ་ལས་རྒྱག་བཞིན་ཡོད། གལ་ཏེ་ངེད་ལ་བྱ་བ་ཞིག་ཡོད་ན་ཟླ་སྟོང་སྐབས་དང་། ཡང་ན་སློབ་གྲྭའི་གུང་སེང་སྐབས་མ་གཏོགས་དཔེ་ཁྲིད་ཆད་བཞིན་མེད། དེ་ཡང་། སྟོང་སྐོར་དགོན་པ་རྩ་ཆེན་པོ་ཡིན་པ་དང་། སློབ་མ་རྣམས་ལ་ཕན་ཐོགས་ཤིག་ཡོད་ནའང་སྙམ་སྟེ་ཡིན་པ་ལས། རང་ཉིད་ཀྱི་དགོས་ཀྱི་རྣ་ལྕོག་ཙམ་དང་། རང་ཉིད་དགོས་ཀྱི་མཛད་འཕྲིན་རྒྱས་ཐབས་ཙམ་གཏན་ནས་མིན། དེ་རིང་འདིར་སློབ་བུ་ཀུན་གྱི་ཕ་མ་རྣམས་དང་། གཉེན་ཉེ་དུ་མང་པོ་ཞིག་ཕེབས་ཡོད་པས་ཀུན་གྱིས། སློབ་བུ་རྣམས་ལ་སློབ་སྦྱོང་བྱོས་ཟེར་ནས་བསླབ་བྱ་གནང་རོགས་གནང་མ་གཏོགས། དེང་སང་ཕ་མ་རྣམས་ཀྱིས་སློབ་བུ་རྣམས་ལ་རྒྱུ་དཔལ་འབྱོར་གང་མང་ཞིག་ཁུར་ཤོག་ཟེར་བའི་བསླབ་བྱ་བརྒྱབ་པའི་ཉེན་ཁ་འདུག རྒྱུ་མཚན་ནི། དེང་སང་ངེད་ཅག་གི་ཡུལ་ལུང་འདིར་སྐྱེས་བུ་ཀུན་གྱིས་རླངས་འཁོར་གྱི་རིན་གོང་ཆེ་ཆུང་དང་། ཡང་ན། ཁང་པ་ཡག་ཉེས་དང་། ཡང་ན། ཁ་པར་བཟང་ངན་ལྟ་བུའི་ཕྱི་འབྱོར་བའི་སྐོར་གྱི་སྐད་ཆ་རྐྱང་རྐྱང་འཆད་བཞིན་ཡོད། རབ་བྱུང་བ་ཞིག་གི་ངོས་ནས་བསམ་ན་ནོར་འཁྲུལ་ཆེན་པོ་རེད། དེས་ན། ཕ་མ་ཡིན་ན་འདྲ། ཨ་ཁུ་ཨ་ཞང་ཡིན་ན་འདྲ་ཚང་མས་རང་ཕྱོགས་ཀྱི་སློབ་མ་རྣམས་ལ་ཤེས་རིག་ཡོན་ཏན་དགོས་མཁོ་ཆེ་བའི་སྐོར་ལ་སློབ་གསོ་གནང་རོགས་གནང་ཞེས་ངེད་ཀྱིས་འབོད་སྐུལ་ཡིན། དེ་ནས། དགོན་པའི་གཙོ་འཛིན་བརྟན་འཛིན་རབ་རྒྱས་མཆོག་གི་གསུང་པ་བཞིན་མཐུན་སྒྲིལ་གྱི་སྐོར་རེད། ངེད་ཅག་གི་དགོན་པར་གཞིས་བྱེས་ཞལ་འཛོམས་བྱུང་ནས་ད་བར་བྱ་བ་ཅི་ཞིག་སྒྲུབ་ནའང་གྲོས་མོལ་བྱས་ནས་སྒྲུབ་བཞིན་ཡོད་མ་གཏོགས་དབང་ཤུགས་ཆེ་ཆུང་མིན། ལ་ལས་ཕ་རོལ་ཏུ་མདོ་སྔགས་གླིང་གི་ཇ་ཁང་གསར་པ་ནང་དུ་སློབ་གྲྭ་ཚོགས་རྒྱུ་ཆ་གཞི་ཡོད་རེད་ཅེས་ཟེར་ཡང་། གཏན་ནས་མ་རེད། སྟོང་སྐོར་བླ་མ་དང་། བསྟན་འཛིན་རབ་རྒྱས། ངེད་གསུམ་གྱིས་གྲོས་བྱས་ནས་སློབ་གྲྭའི་དཔལ་འབྱོར་ཟུར་དུ་འཛུགས་རྒྱུ་ཐག་གཅོད་བྱས། ད་ལོར་ཕ་རོལ་ཏུ་མདོ་སྔགས་སློབ་གླིང་གི་ཇ་ཁང་ཞིག་གསར་དུ་འཛུགས་སྐྲུན་བྱས་ཡོད་ཀྱང་། དེའི་ནང་དུ་ལོ་རེར་ཡོང་སྒོ་ཅི་ཡོད་ནའང་། སློབ་མ་རྣམས་ལ་ཟླ་ཕོགས་སྤྲད་རྐྱེན་བཀོད་པ་བཏང་ནས་གྲ་སྒྲིག་ཡིན་པས་རྒྱབ་སྐྱོར་མ་བྱས་ནའང་བར་ཆད་མ་བྱེད། མ་གཏོགས་སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་སློབ་མ་ཐུན་མོང་གི་རྒྱུ་རྫས་རེད། ཡང་དགོས་སེར་བྱེས་ར་བའི་ཡོངས་གང་ཞིང་།། ཐེག་ཆེན་གླིང་གི་ཁྱད་པར་གྲྭ་ཚང་སྨད།། གསང་ཆེན་རྡོ་རྗེ་གླིང་གི་མ་ཡུམ་ཆེ།། ཞེས་པ་བཞིན་སེ་ར་སྨད་ནི་ངེད་ཅག་དགོན་པའི་ཨ་མ་ལྟ་བུ་ཡིན་པས་བུ་རྒྱུད་ཀྱིས་ཨ་མ་ལ་ལྟ་བཞིན་ཡར་རྒྱས་བཏང་དགོས་རེད། དེར་མ་ཟད། ཁུ་རི་ཆུ་བསིལ་མདའ་གཉིས་ཀྱི་བར་ཚང་མ་སྟོང་སྐོར་དགོན་པའི་ལྷ་སྡེ་རེད། སོ་སོར་བུ་རྒྱུ་ཡོད་ན་སྟོང་སྐོར་དགོན་པ་ནང་དུ་ཡར་བཞག་རོགས་བྱོས། དམ་ཚིག་སྡོམ་པ་ཚུལ་བཞིན་དུ་སྲུང་མཁན་ཞིག་འོང་ན་དྲིན་ཅན་ཕ་མ་ལའང་དྲིན་ལན། སྟོང་སྐོར་དགོན་པར་ཕན་ཐོགས་དང་། མ་ཟད། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་དགོས་རྗེ་བླ་མའི་བསྟན་པར་ཕན་ཐོགས་ཆེན་པོ་རེད་མ་གཏོགས་དེང་སང་། མི་ལ་ལས། རང་གི་བུ་རྒྱུད་འདི་གཞན་ལ་བཏང་སྟེ། ང་སྟོང་སྐོར་དགོན་པ་ལ་དགའ། སྟོང་སྐོར་བླ་མ་ལ་དགའ་ཞེས་ཟེར་ནས་མནའ་ཆེན་པོ་སྐྱེལ་བཞིན་ཡོད་ཀྱང་། དེ་ནི་ཁ་ཁོག་མི་མཚུངས་པའི་ལས་ཀ་རེད། མདོར་ན། སྟོང་སྐོར་དགོན་པ་འདི་ཕྱོགས་གང་ཐད་ནས་ཡག་པོ་ཞིག་འོང་དགོས་ན། ཕྱོགས་གང་ཐད་ནས་རྒྱབ་སྐྱོར་དང་འབད་བརྩོན་བྱ་རྒྱུ་ངེད་ཅག་ཚང་མའི་འོས་འགན་རེད། གལ་ཏེ་དེ་ལྟར་མ་བྱས་ན་མ་འོངས་པར་སྟོང་སྐོར་དགོན་པ་འདིར་ལྷ་ཁང་མཆོད་ཁང་ཞིག་ལས་མེད་པར་འགྱུར་བའི་ཉེན་ཁ་ཡོད་རེད། མཛད་སྒོ་དང་འབྲེལ་བའི་སྐད་ཆ་གཞན་ཞིག་ཡོད། དགེ་བཤེས་བློ་བཟང་རྒྱ་མཚོ་མཆོག་གིས། སྔར་སྤྱི་ལོ་༢༠༠༧ལོར་སེར་སྨད་ཡིག་ཆ་ཆ་ཚང་བ་དཔར་སྐྲུན་བྱེད་རྒྱུའི་ཐད་ལ་སྒོར་ཁྲི་བཅོ་བརྒྱད་ཡས་མས་ཤིག་གི་འགྲོ་སོང་གི་སྦྱིན་བདག་བྱས་ཡོད། དེའི་རྗེས་སུ་ཡི་གེ་ཐེངས་གང་མང་ཞིག་དཔར་སྐྲུན་བྱེད་མཁན་སྦྱིན་བདག་དགེ་བཤེས་རེད། དེའི་རྗེས་སུ་པཎ་ཆེན་བཅུ་བདུན་གྱི་ཐང་ག་ཆ་ཚང་གི་སྦྱིན་བདག་དགེ་བཤེས་རེད། དེང་སང་སློབ་གཉེར་ཁང་གི་གློག་བསྡུ་སོགས་འཕྲུལ་ཆའི་རིགས་ཆ་ཚང་གི་སྦྱིན་བདག་དགེ་བཤེས་རེད། བསྡོམས་ན་སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་དུ་དགེ་བཤེས་བློ་བཟང་རྒྱ་མཚོ་མཆོག་གིས་དགྱ་སྒོར་ཁྲི་ལྔ་བཅུ་ལྷག་གིས་སྦྱིན་བདག་བྱས་ཡོད། ལ་ལས། དགེ་བཤེས་དང་ངེད་གཉིས་ལ་རྒྱུའི་འབྲེལ་བ་ཆེན་པོ་ཡོད་པས་བསྔགས་བརྗོད་བྱེད་པ་རེད་བསམ་ན་ཐང་། དགེ་བཤེས་ངེད་གཉིས་ལ་རྒྱུའི་འབྲེལ་བ་ཨེ་ཡོད་ཅེ་ན། ངེད་ལ་སྒོར་བརྒྱ་དང་ཉི་ཤུ་སྤྲད་མྱོང་། དེ་ཙམ་གྱིས་བསྔགས་བརྗོད་བྱེད་དགོས་དོན་མེད། དགེ་བཤེས་མཆོག་ནི་སྟོང་སྐོར་དགོན་པའི་སློབ་མ་རྣམས་ལ་ཁ་དཀར་སེམས་དཀར་ཡིན། ལྷག་པར་དུ་སྟོང་སྐོར་དགོན་པར་ཁ་དཀར་སེམས་དཀར་ཡིན། མདོར་ན། སྟོང་སྐོར་གཞིས་བྱེས་གཉིས་ལ་འདི་ལས་ལྷག་གིས་དགོན་པ་ལ་ལྷག་བསམ་ཡོད་མཁན་ཞིག་ཡོད་མ་རེད། དེས་ན། མདོ་སྔགས་སློབ་གླིང་དབུས་རྒྱུན་ལས་ཁང་ནས་དགེ་བཤེས་མཆོག་ལ་ཐུགས་རྗེ་ལེགས་འབུལ་ཞིག་ཕུལ་རྒྱུ་ཡོད། དེར་མ་ཟད། དེང་སང་སྟོང་སྐོར་དགོན་པ་འདི་ལྟ་བུའི་ཕྱོགས་གང་ཐད་ནས་ཡར་རྒྱས་ཕྱིན་ཡོད་པ་དགོན་པའི་གཙོ་འཛིན་ལྔ་པོ་དེའི་བཀའ་དྲིན་ཡིན་པས། ཁོང་རྣམ་པ་ཚང་ལ་ཐུགས་རྗེ་ལེགས་འབུལ་ཞིག་ཡོད། མདོ་སྔགས་སློབ་གླིང་འདི་ལ་དཀའ་ལས་འོ་བརྒྱལ་གནང་བཞིན་པའི་ལས་བྱེད་པ་ཡོངས་ལ་ཐུགས་རྗེ་ལེགས་འབུལ་རེ་ཡོད། མདོར་ན། ང་འཆད་མཁན་གྱིས་བཤད་མ་ཤེས་ནའང་།། ཁྱེད་ཟིན་པ་པོ་རྣམས་ཀྱིས་ཉན་ཤེས་པར་གྱིས། གསང་ཆེན་རྡོར་གླིང་དགེ་འདུན་འདུས་པའི་སྡེ།། བཤད་སྒྲུབ་འཆད་ཉན་ནམ་མཁའ་ཇི་བཞིན་དུ།། དབྱར་གྱི་མཚོ་ཆེན་བཞིན་དུ་འཕེལ་བ་ཡིས།། བློ་བཟང་རྒྱལ་བའི་བསྟན་པར་རྒྱས་གྱུར་ཅིག། ཅེས་བཀྲ་ཤིས་སྨོན་འདུན་ཞུ། ཞེས་པ་ལ། ཚོགས་ཞུགས་ཡོངས་ཀྱིས་ཐལ་སྒྲས་ཚོགས་ར་གང་།

ཚོགས་རའི་ཟུར་དངོས་ཤིག

སྤྱི་ལོ་༢༠༡༦/༡༡/༥ཉིན་དགེ་བློ་བཟང་སྦྱིན་པས་ཟིན་བྲིས་བཏབ། དགེའོ། །


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འབྲུ་སྐྱེད་ཆར། སྤེལ་དུས:2016/11/7
སྟོང་སྐོར་དགོན་པའི་མདོ་སྔགས་སློབ་གླིང་གི་སློབ་མ་རྣམས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དགོན་པའི་ལས་བྱེད་རྣམས་དང་། མི་མང་ཡོངས་ལ་བཀའ་དྲིན་ཆེ་ཞུ། ལྷག་པར་དུ་དགེ་བཤེས་ཉི་མ་མཆོག་དང་། གཙོ་འཛིན་བསྟན་འཛིན་རབ་རྒྱས་རྣམ་གཉིས་ལ་བཀའ་དྲིན་ཆེ་ཞུ། མདོར་ན། སློབ་མའི་ཡོན་ཏན་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྐྱེས་བུ་ཀུན་ལ་བཀའ་དྲིན་ཆེ་ཞུ།
 སྤེལ་མཁན: རིག་རལ། སྤེལ་དུས:2016/11/6
ལུང་རྟོགས་ཀྱི་བསྟན་པའི་ཆེད་དུ་བྱ་བ་བླ་ཆེན་བསྒྲུབ་འདུན་པས་སྙིང་ནས་དགའ་སྤྲོ་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15865369
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号