ས་སྐྱ་ལེགས་བཤད། ༼༣༡༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༣༡༽
ས་སྐྱ་ལེགས་བཤད། ༼༣༡༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/11/11ལྟ་ཀློག (23054)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༣༡༽

ལེགས་བཤད་བྱིས་པ་དག་ལས་ཀྱང་། །

མཁས་པ་རྣམས་ནི་ཡོངས་སུ་ལེན། །

དྲི་ཞིམ་བྱུང་ན་རི་དྭགས་ཀྱི། །

ལྟེ་བ་ལས་ཀྱང་གླ་རྩི་ལེན། །

          ལེགས་པར་བཤད་པ་ཞིག་ཡིན་ཕྱིན། གསུང་བ་པོ་སུ་ཡིན་ལ་མ་བལྟོས་པར་གུས་པས་ལེན་དགོས་པར་བསྟན་པ་དེ་ཡིན། །

          དེ་ཡང་། གུང་ཐང་འཇམ་པའི་དབྱངས་ཀྱིས། མཐོ་རིས་ཐར་པའི་ལམ་འདོད་ན། །ལམ་སྟོན་བཤེས་གཉེན་ལ་བསྟེན་དགོས། །ཕྱི་ལྡིར་ནང་སྟོང་གིས་ཆོག་ན། །གྲགས་སྐམ་བླ་ཆེན་རེར་འཇུས་ཤིག །ཅེས་གསུངས་པ་ལྟར། སྙིགས་དུས་འདིར། སྐད་གྲགས་གང་ཆེའི་གང་ཟག་རེའི་རྗེས་སུ་འབྲང་མོད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་ཞིག་ཡིན་ན། ལེགས་པར་བཤད་པ་ཞིག་ཡིན་ཕྱིན། གསུང་བ་པོ་མཁས་པར་གྲགས་པ་ལྟ་ཅི། ཐ་ན་བྱིས་པ་དག་ལས་ཀྱང་མཁས་པ་རྣམས་ནི་ཡོངས་སུ་ལེན་པར་བྱེད་དེ། དཔེར་ན། འབྱུང་ཁུངས་བཟང་པོ་ལས་བྱུང་བའི་མ་ཡའི་ཙན་དན་སོགས་ལེན་པར་མ་ཟད། དྲི་བཟང་པོ་བྱུང་ན་འབྱུང་གནས་དམན་པ་རི་དྭགས་ཀྱི་ལྟེ་བ་གསང་གནས་ལས་ཀྱང་གླ་རྩི་ལེན་པ་ལ་འཇུག་པ་བཞིན་ནོ། ཞེས་པའོ། །

          མཁས་པས་ལེགས་བཤད་བྱིས་པ་ལས་ལེན་པའི་ཚུལ་ནི། དེ་ཡང་སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་འཁྲུངས་མ་ཐག་ཏུ། མ་ལ་ཕྱག་བྱས་ཏེ། ཟླ་བ་བཅུར་འོ་བརྒྱར་བར་མ་གྱུར་ཏམ་ཞེས་སྨྲས་པ་ན། བྱིས་པ་བཙས་མ་ཐག་པ་ངག་སྨྲ་བ་མི་རིགས་པས་ཁ་རོག་སྡོད་བྱས་པས། དེ་ནས་ལོ་བདུན་གྱི་བར་དུ་བྱིས་པ་དེ་ཁ་གྲགས་པར་མ་གྱུར་ཏོ། ནམ་ཞིག་ན་མུ་སྟེགས་པའི་པཎྜི་ཏ་ཞིག་གིས། དོན་འགྲེལ་དཀའ་བའི་ཚིགས་བཅད་གཅིག་བྲིས་ནས། ཡུལ་དེའི་རྒྱལ་པོ་ལ་བསྐུར་ཏེ། ཁྱོད་ཀྱི་མངའ་འོག་ན་འདིའི་དོན་འགྲེལ་ནུས་པ་ཡོད་ན་ལེགས། གལ་ཏེ་མེད་ན་ང་ལ་གུས་པར་གྱིས་ཤིག་ཅེས་སྤྲིངས་པས། རྒྱལ་པོ་དེས་ཀྱང་ཡི་གེ་དེ་མཁས་པའི་ཚོགས་སུ་བྲིམས་སུ་བཅུག་པས། རིམ་གྱིས་ཙནྡྲ་གོ་མིའི་ཡབ་ཀྱི་ཁྱིམ་དུ་བྱུང་བ། ཡབ་ཀྱིས་ཅི་ཙམ་དཔྱད་ཀྱང་དེའི་དོན་བཀྲལ་དཀའ་བར་དགོངས་བཞིན་པར། བྱ་བ་ཞིག་གི་དོན་དུ་ཕྱིར་སོང་བའི་ཤུལ་དུ། བྱིས་པ་ལོ་བདུན་པ་དེས་ཚིག་དེའི་དོན་ལེགས་པར་བཀྲམ་ནས་ལན་གྱི་ཚིགས་བཅད་གཅིག་ཀྱང་བྲིས་ནས་བཞག་པ། སླར་ཡབ་ཀྱིས་མཐོང་ནས། ཡི་གེ་འདི་སུས་དྲིས་ཞེས་ཁྱིམ་ཐབ་ལ་དྲིས་པ་ན། ཡུམ་གྱིས་བུ་ལྐུགས་པ་འདིས་བྲིས་སོང་ཞེས་སྨྲས་པ་ན། ཡབ་ཀྱིས་བུ་ལ་ཡི་གེ་འདི་ཁྱོད་ཀྱིས་བྲིས་སམ་སྨོས་ཤིག་ཅེས་དྲིས་པ་ན། ཨ་མའི་གདོང་ལ་བལྟས་ནས་ཅང་མི་སྨྲ་བར་འདུག་པའི་ཚེ། ཨ་མས་སྨོས་ཤིག་བྱས་པས། བདག་གི་བྲིས་སོ་ཞེས་ཁས་བླངས་ནས། རྒོལ་བ་དེ་ཡང་བདག་གིས་ཕམ་པར་ནུས་སོ་ཞེས་སྨྲ་བ་བཞིན། རྒྱལ་པོ་ལ་གསོལ་བས་རྒྱལ་པོས་ཞག་བདུན་ན་རྩོད་པའི་དུས་བཏབ་ཅིང་། རྩོད་པའི་ཚེ་ན། མུ་སྟེགས་ཀྱི་པཎྜི་ཏ་ན་རེ། པཎྜི་ཏ་ཆེན་པོས་ཀྱང་ཁོ་བོའི་རྩོད་ཟླར་མི་འོང་ན། བྱིས་པ་ཆུང་ཆུང་ཁྱོད་ཇི་ལྟར་འོས། དེ་བས་ཁྱོད་ཕར་སོང་དང་། རྩོད་ཟླ་གཞན་ཞིག་ཁྲིད་ཤོག་བྱས་པས། བུ་ཆུང་ན་རེ། ལྕགས་ཀྱུས་གླང་པོ་བཏུལ་བས་ལྕགས་ཀྱུ་གླང་ཆེན་ཙམ་མམ་ཅི། །མར་མེས་མུན་པ་འཇོམས་མོད་མར་མེ་མུན་པའི་ཚད་དམ་ཅི། །རྡོ་རྗེས་རི་བོ་འབིགས་ཀྱང་རྡོ་རྗེར་རི་བོའི་གཏོས་སམ་ཅི། །བློ་ཡི་སྟོབས་ཡོད་དེའི་ཚེ་རགས་པའི་ལུས་ལ་སུ་ཡིད་རྟོན། །ཞེས་ཐོགས་མེད་དུ་གསུངས་པ་ན། མུ་སྟེགས་ཀྱི་པཎྜི་ཏ་ངོ་མཚར་ཞིང་ཡ་མཚན་ཏེ་གུས་པས་བཏུད་དེ་བྱིས་པ་ལོ་ཆུང་ལོ་བདུན་པ་དེ་སློབ་དཔོན་དུ་བསྟེན་ཏེ་ལེགས་བཤད་ཀྱི་སྐྱེས་ངོམས་མེད་དུ་བླངས་པ་བཞིན་ནོ། །



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xun1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/6/18
སྙིང་ནས་དགའ་ཡི་རྗེས་སུ་ཡི་རང་ངོ་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41156826
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1