བསེ་རིག་ཁོའི་ཚིགས་བཅད་རྩོམ་ཡིག་གདམ་བཀོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »བསེ་རིག་ཁོའི་ཚིགས་བཅད་རྩོམ་ཡིག་གདམ་བཀོད།
བསེ་རིག་ཁོའི་ཚིགས་བཅད་རྩོམ་ཡིག་གདམ་བཀོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/11/12ལྟ་ཀློག (3423)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བསེ་རིག་ཁོའི་ཚིགས་བཅད་རྩོམ་ཡིག་གདམ་བཀོད།

༼ཤེས་རབ་དང་བྱམས་བརྩེས་བསྐྱལ་བའི་ལོ་རྒན་བརྒྱད་ཅུ།༽


འཛམ་གླིང་སྐྱེ་དགུའི་བསོད་ནམས་དཔུང་བས་སྟོབས་ཀྱིས་བཏེགས་པའི་རྒྱལ་མཚན་ཆེ།།
མི་ཟད་དགེ་ལེགས་རེ་ཁཱ་འབུམ་གྱིས་རྫོགས་ལྡན་ཤིས་པའི་དཔལ་དུ་བསྒྲུབས།།
བྱམས་བརྩེ་ཤེས་རབ་ཟུང་དུ་འཇུག་པའི་དུས་རབས་གསར་བའི་ཤིང་རྟ་བ།།
དཔལ་ལྡན་དགྱེས་ཞལ་འཛུམ་པའི་པདྨོ་གསར་བ་བསྐལ་བའི་མཐར་ཡང་བཞད་གྱུར་ཅིག། 

བགྲང་བྱ་བརྒྱད་ཅུའི་ཁུག་པ་རེ་ལ་སྐུ་ངལ་སྟོང་གི་ལོ་རྒྱུས་ཡོད།།
མཁས་བཙུན་བཟང་བོའི་རྣམ་ཐར་རེ་ཡང་དགེ་ལེགས་ཕན་བདེའི་འཇུག་ངོགས་ཉིད།།
ཕས་ཀྱི་རྒོལ་བའི་བསམ་སྦྱོར་ངན་དགུར་ལྷད་མེད་འཛུམ་མདངས་ལན་དུ་སྦྱིན།།
ཞི་བའི་སྟོན་པ་སྙིང་རྗེའི་བླ་མ་དྲང་སྲོང་ཤཱཀྱ་མུ་ནེའི་སྲས།།

ཤར་ནུབ་རིག་པའི་གཞུང་མང་བསྡུར་བའི་མཁས་པའི་དཀྱིལ་འཁོར་འཛོམས་པའི་ཁྲོད།།
ཁྱེད་ཀྱིས་ཆོས་ཞེན་ཁོ་ན་དེ་ཡིས་ཨུ་ཚུགས་ཀླེན་ཀ་མ་བཙལ་བར།།
ཤེས་བྱའི་ཡིན་ལུགས་ཤེས་རབ་ཉིད་ཀྱིས་བདེན་པས་བདེན་པ་བདར་བ་དེས།།
འཛམ་གླིང་མཁས་པ་མགུ་བའི་ལེགས་བཤད་གཅིག་མིན་དུ་མའི་ཚུལ་དུ་སྤེལ།།

གོ་ལའི་ཁྱོན་ན་དངོས་པོའི་དཔལ་ཡོན་ཚད་བཀག་མེད་པར་འཕེལ་བའི་དུས།།
ཆོས་དང་འབྲེལ་མིན་ཇི་ལྟར་ཡིན་ཡང་འགྲོ་མིའི་བཟང་སྤྱོད་གོང་འཕེལ་གྱི།།
བསམ་བློའི་བསླབ་བྱ་གནད་དུ་གནང་བའི་མཛད་འཕྲིན་བྱིན་རླབས་འབར་བ་ཡིས།།
སྤྱི་ཚོགས་འཚོ་བ་དངོས་ལ་སྨན་པའི་དཀར་པོ་ཆིག་ཐུབ་ལྟ་བུར་བྱས།།

བརྩེ་ཆེན་ཐུགས་རྗེའི་རླབས་ཕྲེང་ངོགས་ན་འགྲོ་མི་སྤྱི་ཡི་བདེ་སྡུག་ཉར།།
རྒྱ་ཆེན་ཤོངས་ཡངས་བསམ་པའི་མཚོ་མོར་ཕྱོགས་ལྷུང་ར་རིས་ཡོངས་སུ་བཏང་།།
ཟབ་གསལ་ཤེས་རབ་རལ་གྲིའི་ངོས་སུ་ཤར་ནུབ་རིག་གཞུང་འོད་དུ་འཚེར།།
ཐབས་མཁས་ཐུགས་རྗེའི་རླབས་ཆེན་མཛད་འཕྲིན་ཟླུམ་གཟུགས་གོ་ལའི་ཁྱོན་དུ་བསྐྱངས།།

མདོར་ན་བོད་པ་རྩམ་ཟན་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོང་གི་སྙིང་།།
དུས་ཀྱི་ཛ་དྲག་གཉན་འཕྲང་ཁྲོད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་ཉིད།།
དགྱེས་ཞལ་འཛུམ་པའི་ཚེམས་ཕྲེང་དང་ནི་ཕྱག་ཟུང་ཐལ་མོ་སྦྱོར་བཞིན་དུ།།
རང་ཡུལ་གངས་ཅན་སྐྱིད་པའི་ལྗོངས་སུ་ཞབས་ཟུང་ཆིབས་ཁ་མྱུར་དུ་སྒྱུར།།
  


༼ཚོར་འདུའི་མཚོ་མོ་སྐྱོམ་པའི་རང་སྒྲ།༽



དཀར་ནག་ལས་ཀྱི་རླུང་བུ་གཡུག་གཡུག་ནས།།
ལྡོག་མེད་འཁོར་བའི་གནས་སུ་ལས་ཀྱིས་འཕངས།།
མ་དག་སྲིད་པའི་ནགས་སུ་འཁྱམ་འཁྱམ་ནས།།
གདོས་བཅས་ལུས་ཀྱི་ཐོ་ཡོར་འདི་ཙམ་ཐོབ།།

ཐོབ་ཤོར་རེས་སུ་འཁོར་བ་འཁོར་བའི་ལུགས།།
དགའ་སྡུག་སེམས་ཀྱི་ཚོར་འདུ་སྟོན་གྱི་སྤྲིན།།
མཆོག་དམན་བཟང་ངན་འབྱེད་པ་ད་ལྟའི་བློ།།
མ་བརྟགས་ཉམས་སུ་དགའ་བ་སྲིད་པའི་གཤིས།།

ཟབ་མོའི་ལྟ་གྲུབ་འཕགས་ཆེན་དམ་པའི་ཡུལ།།
རྒྱ་ཆེན་སྤྱོད་པ་སར་གནས་སེམས་དཔའི་ལུགས།།
ཨ་ཅག་ཚུར་མཐོང་རྐང་གཉིས་སྒེར་གྱི་ལས།།
བདེན་པ་བཀུར་ཞིང་རྒྱུ་འབྲས་བརྩི་བ་མཆོག། 

མཐའ་མེད་གཞུང་དོན་རིགས་པས་རིགས་པ་འདེད།།
ཕྲ་ཞིབ་དཔྱོད་པས་བདེན་པའི་བདེན་པ་བདར།།
དབུ་སེམས་ལྟ་གྲུབ་འཛིངས་པའི་བཞི་མདོ་ན།།
དྲན་རྟོག་འཁྲུལ་བའི་བློ་འདི་ཅི་ཡང་ངལ།།

དུས་ཀྱི་གཙང་བོ་བཞུར་བའི་མས་སྣེ་ན།།
ཆོས་རིག་དཔལ་ཡོན་འཚོལ་བ་སྐད་མང་ཡང་།།
ཀུན་རྟོགས་མཚོ་ཆེན་རླབས་ཀྱིས་སྐྱོམ་པའི་གཏིང་།།
ཞི་བསིལ་དབྱིག་གིས་དབུལ་བའི་ལག་སྟོང་མང་།།

ས་སྒང་གོ་ལ་ཆུང་ནས་ཆུང་དུ་འགྲོ།།
ཤར་ནུབ་རིག་པའི་རིན་ཐང་ཉིན་བཞིན་གསལ།།
མདོར་ན་དཔལ་འབྱོར་དྲག་རླུང་རྒོད་པོ་འདིས།།
ཡོད་ཚད་ཁྱུར་མིད་གཏོང་བའི་ལྟས་ཤིག་མངོན།།

དེ་ལྟར་སྲིད་པའི་སྣང་ཚུལ་རགས་པ་འགའ།།
སྲོང་བོའི་བློ་ལ་བདེན་པའི་སྲོག་བསྩལ་ཏེ།།
ཚོར་འདུའི་མཚོ་མོ་སྐྱོམ་པའི་རང་སྒྲ་འདི།།
དབྱངས་ཅན་རོལ་མོའི་གདངས་ལས་ཅུང་ཟད་ཐལ།།  

གུང་གསེང་ཉིན།  ༢༠༡༦/༤/༡


༼མི་ཡུལ་ལུང་བའི་སེམས་ཚོར།༽



    སྐྱིད་པའི་གཞིས་མལ་བསམ་བཞིན་རྒྱང་དུ་བོར།།
   སུས་ཀྱང་སྐུལ་མིན་མི་ཡུལ་ལུང་བ་ཉུལ།།
   བས་མཐའི་འཚོ་བ་འདྲ་མིན་གདོང་གིས་བསུས།།
   ད་ལྟའི་ཁ་སྟབས་ལས་ཀྱི་བསྐོས་ཐང་ཉིད།།

   འཁོར་བའི་གཙང་བོ་ལྡོག་མེད་ཐུར་དུ་འབབ།།
   མི་ཚེའི་དབྱར་གཞུང་སྟོན་གྱི་མཐའ་ལ་ཕྱོགས།།
   ཤེས་བརྩོན་འོད་དཀར་འདྲེན་པའི་སོ་ནམ་པ།།
   བསམ་པའི་ལོངས་སྤྱོད་འཐུ་བའི་ལས་ལ་བྲེལ།།

   ན་བུན་རི་ལ་འཐེན་པའི་དཔྱིད་འགོ་འདིར།།
  སེམས་པའི་བྱེའུ་ཆུང་གྲང་ངར་གདུང་བས་གཟིར།།
    ལེ་ལོའི་མལ་ན་ལུས་པའི་གོམ་སྟབས་འདི།།
    སླར་ཡང་རིག་པ་འཚོལ་བའི་གླིང་ལ་ཕྱོགས།།

༢༠༡༦/༥/ ༡༣ཉིན།
༼ཀུན་རྟོགས་རྒྱ་ཡན་མ།༽

སྣང་བ་བན་བུན་འདིའི་རྒྱབ་ན།།
ཚོར་གཤིས་ཧྲལ་ཧྲིལ་ཞིག་ཡོད་དེ།།
འཁོར་བའི་བཞི་མདོ་ནས་རྙེད་པའི།།
ཉམས་མགུར་གཉོམ་པོ་ཞིག་ཡིན་འགྲོ།།

གངས་རིའི་ཁོང་གསེང་ནས་མཆེད་པའི།།
གསེར་གྱི་ཨ་ཡིག་ཅིག་ཡོད་དེ།།
ཁས་ཞེན་དབང་ཆུང་གི་ཨ་སྐྱོའི།།
ལམ་ལྗགས་སྣུམ་པོ་དེ་ཡིན་འགྲོ།།

ཏི་སེའི་གཡས་གཡོན་ནས་བཞུར་བའི།།
གངས་ཆབ་དྭངས་མོ་ཞིག་ཡོད་དེ།།
སྤྲེལ་ཕྲུག་གཅེར་བུ་མ་དག་གི།།
ལུས་སེམས་གསོ་བྱེད་རང་ཡིན་འགྲོ།།

ཡར་ཀླུང་སྡེ་འདབས་ནས་འོང་བའི།།
རིགས་ཀྱི་རྣམ་ཤེས་ཤིག་ཡོད་དེ།།
ཁ་བའི་འཇམ་ཤ་དང་འགྲོགས་པའི།།
དུས་ཀྱི་བརྡ་རྟགས་ཤིག་ཡིན་འགྲོ།།

བྲམ་ཟེས་རྒྱལ་བུ་ལ་གདམས་པ།།
ས་སྐྱའི་ལྷ་ཁང་དུ་བསྒྱུར་བ།།
ཚིག་རྒྱན་དྭངས་ཤེལ་གྱི་མེ་ལོང་།།
མེས་པོའི་གླུ་སྐད་དེ་ཡིན་འགྲོ།།

དགའ་སྡུག་ཆགས་སྡང་གི་གཏམ་རྒྱུད།།
ཚོར་འདུའི་རླབས་རྩེ་ན་འཕྱོ་བ།།
སྲིད་པའི་གྲོང་བར་ནས་དར་བའི།།
སྐད་བརྡ་གསར་བ་ཞིག་ཡིན་འགྲོ།།

བཀའ་བསྟན་གླེགས་བམ་གྱི་གསེབ་ན།།
གསེར་གྱི་ཐ་སྙད་ལ་བརྒྱུས་པའི།།
བསིལ་ལྗོངས་བརྡ་སྐད་ཀྱི་དྭངས་མ།།
དུས་ཀྱི་རྣོ་མིག་དེ་ཡིན་འགྲོ།།

༢༠༡༥/༢/༨ལ།


༼དགེ་ལེགས་འོད་སྟོང་འདྲེན་པའི་ཤིང་རྟ།༽

——  བཀའ་དྲིན་ཅན་གྱི་དགེ་རྒན་རྣམས་ལ་ཕུལ་བ།



ཟླ་ཤེལ་ནོར་བུའི་དོ་ཤལ་བརྩེགས་པའི་སྟེང་།།
ཡིད་འོང་དགྱེས་འཛུམ་གར་གྱི་ལང་ཚོ་ཅན།།
དབྱངས་ལྡན་དཔལ་མོ་དྲི་ཟའི་ན་ཆུང་མས།།
ངག་རིག་སྒྱུ་འཕྲུལ་འགུགས་ལ་རབ་འདེགས་མཛོད།།

ཐོས་བརྩོན་ཤེས་རབ་རྒྱ་ཆེན་ནམ་མཁའི་མཐར།།
གཙུག་ལག་འོད་དཀར་ཟེགས་མ་ཕྱོགས་སུ་བཀྱེ།།
ཕན་བདེའི་གེ་སར་བཞད་པའི་གཉེན་གཅིག་པུ།།
རྣམ་འདྲེན་བླ་མའི་ཚོགས་རྣམས་དད་པས་བསྙེན།།

བྱིས་བློའི་དག་གཙང་སེམས་ཀྱི་མེ་ལོང་ངོར།།
དབྱངས་གསལ་གཟུགས་བརྙན་ཕྲ་ཚོམ་རྒྱན་དུ་བཀོད།།
ལྐུགས་པའི་ངག་ལ་དང་པོར་ང་རོའི་གདངས།།
ཐོག་མར་འཁྲིད་མཁན་ཀློག་གི་དགེ་རྒན་དྲན།།

གཞན་ཕན་རླབས་ཀྱི་འཕྲེང་བ་རྩེན་པའི་ངོགས།།
ལེགས་ཉེས་བླང་དོར་གཟིངས་ཀྱི་ཁ་ལོ་བ།།
མི་ཚེའི་གནས་ལུགས་དགོས་འདོད་ནོར་བུའི་དབྱིག།
ལག་ཏུ་གཏད་པའི་གནས་ཀྱི་དགེ་རྒན་དྲན།།

གཙུག་ལག་རིག་པ་ཀུན་གྱི་ཕྱི་མོ་མཆོག།།
གངས་ཅན་བརྡ་དག་ཡི་གེའི་སྦྱོར་བ་དང་།།
ཁྱད་པར་སྙན་ཚིག་མགྲིན་པའི་གླིང་བུ་འདི།།
ངག་ལ་སྩོལ་མཛད་རིག་གནས་དགེ་རྒན་དྲན།།

མང་ཐོས་ཡོན་ཏན་ནོར་བུའི་མཛད་འཆང་ཞིང་།།
ལུང་རིགས་གཏམ་གྱི་དགའ་སྟོན་འགྱེད་མཁས་པ།།
དཔྱད་གསུམ་རིགས་ལམ་ཤེས་རབ་མཚོན་ཆའི་དངོ་།།
སྟེར་མཛད་ནང་དོན་རིག་པའི་དགེ་རྒན་དྲན།།

གང་ཞིག་དཀའ་བའི་ཚིག་དང་དོན་གྱི་གནད།།
དཔྱད་གསུམ་དག་པས་བཅད་དང་བརྡར་བ་ཡིས།།
གཏན་ལ་འབེབ་པའི་བློ་གྲོས་སྤོབས་པའི་གདེང་།།
ལེགས་པར་སྩོལ་བའི་འཛིན་གྲོགས་རྣམས་ཀྱང་དྲན།།

ཟབ་རྒྱས་གཙུག་ལག་བདུད་རྩི་ལ་འཐུང་ཞིང་།།
ལེགས་བཤད་བརྡལ་བའི་ལྗགས་ཀྱི་འདབ་མ་གཡོ།།
དབྱངས་ལྡན་ངག་གི་ཁུ་བྱུག་མགྲིན་པར་འཁོར།།
ཐུབ་བསྟན་དཔྱིད་ཀྱི་མཛེས་པ་སྐྲུན་ལ་ལྟོས།།

དེ་ལྟར་སྐུ་ཡོན་ནོར་འཛིན་ར་བ་ལས།།
བརྒལ་བའི་དྲན་དབང་མང་དུ་བསྟེན་ན་ཡང་།།
ཀུན་རྨོངས་ཚང་ཚིང་ནགས་སུ་འཕྱན་པ་དེས།།
རིག་བྱེད་ངག་གི་སྦྱོར་བ་འདི་ཙམ་སྤེལ།།
         
         ༢༠༡༦/༩/༩ཉིན།


དཔྱིད་ཀ་འོང་ཚུལ།


ཁ་བར་འཐིམ་པའི་ལོ་ཟླའི་རྗེས་ན།།
རླུང་གིས་ཁུར་བའི་ཆར་གྱི་ཐིགས་པས།།
སྣོད་བཅུད་གཉིས་ལ་ཐེངས་གཅིག་བྲན་པ།།
སེམས་ལ་དག་ཁྲུས་ལན་གཅིག་བྱས་འདྲ།།

དྲོད་འཇམ་རླུང་བུ་ཡང་ཡང་ལྡིང་བ།།
རྡུལ་གྱི་སྙིགས་མའི་གཤེད་དུ་བབས་འདྲ།།
སྤྲིན་དཀར་སྲབ་མོ་ཡང་མོར་རྒྱུ་བ།།
སྦྲང་ཆར་ཟེགས་མའི་འཇམ་ཤ་བསྣམས་འདྲ།།

ཁ་ཆར་འདྲེས་མ་ལྗིད་ཀྱིས་འབབ་པ།།
མཁའ་དབུགས་གཙང་མ་ཆེད་དུ་གནང་འདྲ།།
དྲོད་ཀྱི་རླངས་པ་ཐལ་ཐོལ་འཕྱུར་བ།།
སྔོ་ལྗང་དུས་སྟོན་བསུ་མ་བྱེད་འདྲ།།

ཆུ་མོའི་འཁྱག་རོམ་ཞི་བའི་ཤུལ་ལ།།
གསེར་མིག་གཤོག་རྡེབ་གར་དུ་རྩེན་འདྲ།།
གཙང་བོའི་འགྲམ་གྱི་མེ་ཏོག་གློ་སྐྱ།།
ལྗང་མྱུག་གསེབ་ན་ཁེར་རྐྱང་ལུས་འདྲ།།

མི་རྟག་དུས་བཞིའི་འགྱུར་བག་ངོགས་སུ།།
ཁེར་རྐྱང་མི་ཚེ་ཆུ་མོ་བཞུར་འདྲ།།
གཉུག་མའི་སེམས་ཁམས་རི་མོར་བྲིས་པ།།
མ་བཅོས་གཞི་དབྱིངས་ངང་དུ་བཞག་འདྲ།།

༢༠༡༦/༤/༨


༼ཞུ་འཕྲིན་རིག་བྱེད་དབྱངས་ཀྱི་འགྱུར་ཁུག་སུམ་ཅུ་བ།༽


རྒྱལ་ཀུན་གསུང་གི་ལང་ཚོ་ངག་གི་ལྷ།།

རབ་འབྱམས་ཆོས་ཀུན་རྒྱུད་མངས་སྒྲ་ལས་དྲངས།།
ཟླ་ཤེལ་སྟོང་གི་མཛེས་སྡུག་འཕྲོག་པ་མོ།།
སྙན་འགྱུར་མགྲིན་པའི་མཚོ་ལ་དར་ཅིག་བསུ།།

གངས་དཀར་རྩེ་དགུ་དཀྲིགས་པ་སཱ་ལའི་ལྗོངས།།
མདོ་ཁམས་གཡེར་མོ་ཐང་གི་ཤར་གྱི་ཆ།།
ཀུན་མཁྱེན་དོལ་པོས་ལུང་གིས་བསྔགས་པའི་ཡུལ།།
ངེས་དོན་སྙིང་བོའི་ཆོས་གཞིས་ཤར་འཛམ་ཐང་།།

མདོ་སྔགས་ཟུང་འབྲེལ་གཞན་སྟོང་དབུ་མའི་སྲོལ།།
རདྣ་ཤྲིའི་རླབས་ཆེན་ཐུགས་བསྐྱེད་ལས།།
མདོ་སྨད་ཡུལ་དུ་ཐོག་མར་སྤེལ་བ་ནས།།
རྒྱུད་འཛིན་མཁས་གྲུབ་སྐར་ཚོགས་གྲངས་ལ་འགྲན།།

འདི་ལྟར་ཐོས་སོ་ཆོས་ཀྱི་སྡེ་དེ་ན།།
དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་རིམ་པ་གཉིས།།
ཚུལ་བཞིན་ཉམས་བཞེས་གནང་བའི་དྲང་སྲོང་འབུམ།།
རྫོགས་ལྡན་སྙིང་ལ་འཁྲུངས་པ་མཐའ་མི་ལངས།།

གང་ལ་མཁས་ན་གཉིས་འཛིན་ཚང་ཚིང་ཆེ།།
ལྷག་མེད་གཞོམ་པའི་ཤེས་རབ་མེ་ལྕེ་མཆོག།
མདོ་དོན་མཐར་ཐུག་གཞན་སྟོང་དབུ་མའི་གཞུང་།།
ལུང་རིགས་བརྒལ་བརྟགས་སྒྲོག་པའི་དྲན་དབང་མང་།།

འཇམ་པའི་དབྱངས་དངོས་འབའ་མདའ་ཡབ་སྲས་དང་།།
མཁས་དབང་མ་ཏི་ཚོགས་གཉིས་རྒྱ་མཚོའི་སྡེ།།
མཁས་དང་གྲུབ་པ་ཕྱོགས་སུ་མ་ལྷུང་བ།།
གསུང་རྩོམ་བྲག་གི་རི་བོ་བརྩེགས་པས་ཤེས།།

དེ་ལྟའི་དགེ་མཚན་འབུམ་གྱི་དཔལ།།
ཚོམ་བུར་སྤུངས་པ་སའི་ཐིག་ལེ།།
ཤར་ཕྱོགས་འཛི་ཡུལ་སྨན་ལྗོངས་ཞེས།།
གྲགས་པ་དོན་གྱི་རོལ་མོ་ཡོད།།

ཆོས་རྗེ་གཙང་བ་ཚེས་བཅུ་སྟེ།།
གྲྭ་ཚང་གསུམ་གྱི་དབུ་བྱས་ནས།།
བྱ་ཡུར་ཆོས་སྒར་གོང་འོག་སོགས།།
ངེས་གསང་ལྟ་གྲུབ་སྐྱོང་མཁན་མང་།།

ཁྱད་པར་བཀྲ་ཤིས་ཆོས་ཀྱི་ཐང་།།
ཡབ་གཅིག་བློ་བཟང་འཕྲིན་ལས་པས།།
བཤད་སྒྲུབ་ཁོ་ནས་བསྐྱངས་པའི་སྡེ།།
ལུང་རྟོགས་བསྟན་པའི་འབྱུང་གནས་ཤིག།

རྗེ་དེའི་གསུང་ལས་སྐྱེས་པའི་སྲས།།
ཐོས་བརྩོན་སྒྲུབ་པ་ལྷུར་ལེན་ཅིང་།།
བཀའ་བཞིན་སྒྲུབ་པའི་སློབ་བུའི་མཆོག།
མཁན་རབས་རིམ་བྱོན་ཕྱོགས་དེའི་མིག།

རྫོགས་ལྡན་འཁོར་ལོ་ཐ་མའི་དོན།།
ངེས་དོན་ལུགས་སུ་བཀྲལ་བའི་གཞུང་།།
རི་ཆོས་ངེས་དོན་རྒྱ་མཚོ་སོགས།།
འཆད་ཉན་སྒོམ་པའི་འཕྲིན་ལས་དར།།

གང་དེར་དོན་གཉེར་འདུན་མའི་ཤིང་རྟ་ཡིས།།
ལེགས་པར་དྲངས་པ་ཐོས་བསམ་དགེ་བའི་བློ།།
སྙིང་ལ་རབ་བཅངས་རྣམ་དཔྱོད་ཡངས་པའི་གྲོགས།།
ཀུན་དགའ་བཟང་པོའི་འཛུམ་ཞལ་དགོད་པའི་དྲུང་།།

འཕགས་བོད་གཉིས་སུ་མཁས་པའི་གྲགས་པ་འབར།།
རབ་འབྱམས་མཚན་གྱི་རོལ་མོ་བདག་གིར་བཞེས།།
སྙིགས་དུས་ངེས་གསང་བསྟན་པ་གསལ་བྱེད་པའི།།
ངེས་དོན་དགེ་བའི་བཤེས་དེར་སུ་མི་གུས།།

གང་དེའི་ཐུགས་བསྐྱེད་ཟླ་བའི་མ་མའི་ངོགས།།
མདོ་སྔགས་འདབ་གཤོག་རྒྱས་པའི་ངང་པ་སྟོང་།།
བཀའ་པོད་རྣམ་ལྔའི་གསང་འཕྲུལ་རིག་པའི་གཞུང་།།
ལུང་རིགས་རྫ་རྔ་བརྡུང་འདི་གང་དེའི་དྲིན།།

ལི་ཁྲིའི་རྦ་རླབས་དགོང་དུ་རྩེན་འདྲ་བའི།།
མཁས་མང་འདུས་པའི་དཀྱིལ་འཁོར་འཛོམས་པའི་དབུས།།
ཤེར་ཕྱིན་མདོ་ཡི་ལུགས་སུ་བཀྲལ་བ་དང་།།
ཉ་ཊིཀ་གཞུང་མཆོག་གཟིགས་འདི་སྐལ་བ་བཟང་།།

གངས་རིའི་ཁྲོད་དུ་རྩོད་རྒྱལ་གཏམ་གྱི་རྔ།།
ཕྱོགས་མེད་ལྡིར་བ་ཀུན་མཁྱེན་དོལ་པོ་དང་།།
གངས་ཅན་མཁས་པའི་ཁྱུ་མཆོག་ཉ་དབོན་པའི།།
དྲི་མེད་དགོངས་བཞེད་འཚོལ་འདི་ཨེ་མ་མཚར།།

གཞན་ཡང་མདོ་རྒྱུད་གཙུག་ལག་སྣང་བ་ཡིས།།
མགྲིན་པའི་གུར་ཁྱིམ་དཔལ་དུ་སྒྲུབ་མཁས་པ།།
ངེས་དོན་བཤེས་གཉེན་དམ་པ་གང་དེའི་དྲུང་།།
སྦྱོར་དྲུག་སྤྱི་དོན་གསན་འདི་སྐལ་བ་བཟང་།།

དེ་འདྲའི་སྐལ་བཟང་སྟོང་གི་དཔྱིད།།
བསོད་ནམས་དཔུང་བས་ཐེག་བྱས་ནས།།
 ལྔ་རིག་ཤེས་བྱའི་ཆུ་ཕྲན་འབུམ།།
བློ་གྲོས་རྒྱ་མཚོར་མགྲོན་དུ་སུས།།

རང་ཅག་ཟུང་གི་ཕུགས་ཀྱི་འདུན།།
ཚངས་སྤྱོད་རྟེན་འདི་མི་དོར་བར།།
ཐོས་བརྩོན་སྒྲུབ་པ་ལྷུར་ལེན་པ།།
ཉམས་བཞེས་གནང་འདིས་གློ་བ་དགའ།།

བཤེས་ལ་གུས་ཤིང་མཆེད་ལ་མཐུན།།
ཡ་རབས་མི་ཆོས་དམ་པའི་ལུགས།།
ང་ལས་ལྡབ་འགྱུར་ཁྱེད་མཁས་ན།།
རེ་ཞིག་སྨྲ་བའི་སྤོབས་པ་བྲལ།།

རྒྱ་ཆེན་གཞུང་གི་ཕ་མཐའ་ཀུན།།
རིག་པས་གཞལ་བའི་བར་གླགས་ནས།།
སྙན་པའི་རོ་ལྡན་ཚིིག་གི་འཕྲེང་།།
ལུ་གུ་རྒྱུད་དུ་སྤེལ་བར་ཞུ།།

འདི་ན་གུས་པོའི་ལུས་ཀྱི་ཐོ་ཡོར་ནི།།
མི་འདོད་རྒུད་པའི་ཀླུང་དུ་མ་བྱིང་བར།།
སྔར་གོམས་གཤིས་ལུགས་མ་འགྱུར་ཁ་མལ་ངང་།།
ལེ་ལོའི་མལ་དུ་སྐྱིད་ཉལ་བྱེད་ཀྱིན་བདོག།།

པོད་ལྔའི་གཞུང་ཆེན་ཐང་མར་བརྡལ་བ་ལ།།
ཐོས་བསམ་གཟུགས་བརྙན་བྱེད་པའི་ཁུལ་བླངས་ཀྱང་།།
སྔོན་བསགས་བསོད་ནམས་མཐུ་དཔུང་ཕྲ་བ་ཡིས།།
རེ་ཞིག་སྨོན་པའི་ཡུལ་དུ་འཇོག་དགོས་བྱུང་།།

འོན་ཏེ་གླེང་རིན་ཡུངས་འབྲུ་ཙམ་ཞིག་ནི།།
བློ་གསལ་རིག་པའི་དགའ་ཚལ་ཉམས་དགའ་བ།།
བསེ་དགོན་ནང་བསྟན་རྨང་གཞིའི་སློབ་གླིང་ཞེས།།
རེ་བའི་སྐྱ་རེངས་གསར་བའི་དབུ་ཁྱུད་ཅིག།

དེ་རུ་ཤེས་འཇོན་ལྷག་བསམ་མི་དམན་པ།།
རིག་པའི་སློབ་བུ་སྐྱོང་ལ་མཁས་པའི་ཁྱུ།།
མཛའ་གཅུགས་ཟབ་པའི་དགེ་གྲོགས་ཚོ་དང་ལྷན།།
དོན་ལྡན་བགྱི་བ་འདི་ཙམ་འབད་མུས་ཡིན།།

དེ་སྐད་ཞུ་འཕྲིན་ངག་གི་བྱ་མ་རྟ།།
སྙན་འགྱུར་ཚིག་གི་སྲད་བུར་བརྒྱུས་པའི་གཏམ།།
ཐོལ་བྱུང་མགྲིན་པའི་མཐོངས་ལས་ཤོར་བའི་ཚེ།།
དགའ་སྐྱོའི་རྣམ་འགྱུར་དབྱངས་གསལ་གཟུགས་སུ་འཕོས།།

མཛའ་བརྩེའི་རྨུ་ཐག་རིང་མོ་ཉིད།།
ཆུང་ནས་ལྷན་དུ་སྦྲེལ་བ་ཡིས།།
ཆོས་མཐུན་གཏམ་གྱི་ཆུ་བོའི་རྒྱུན།།
འཛད་མེད་རླབས་ཀྱི་ཕྲེང་བ་འཛིན།།

དེ་ལྟ་ན་འང་དུས་ཀྱི་འགྲོས།།
བར་མེད་བསྐྱོད་པའི་དབང་ཤུགས་དང་།།
སྐབས་དོན་ལས་ཀའི་བྲེལ་བ་ཡིས།།
རེ་ཞིག་སྨྲ་བའི་ངལ་གསོ་བསྟེན།།

ནམ་ཞིག་རང་ཅག་ལྷན་འཛོམས་ཚེ།།
རིག་པའི་སྐྱེས་ཀྱི་ཕ་འབབ་དག།།
རྣམ་དཔྱོད་ཆུ་འཛིན་བ་གམ་ལས།།
ཡོན་ཏན་སྦྲང་ཆར་འཇོ་ལ་རེ།།

སླད་མར་དགེ་ལེགས་རེ་ཁཱ་འབུམ།།
མི་ཚེའི་རྒྱན་དུ་བཀྲ་བ་དང་།།
ཐོས་བརྩོན་གཤོག་པས་གཞལ་བ་ཡིས།།
ཤེས་རབ་ཐང་ཆེན་བརྒལ་བར་ཤོག།

           ཅེས་བཀྲ་ཤིས་ཆོས་ཐང་དགོན་ན་སློབ་གཉེར་གྱི་བགྱི་བ་མི་ཚེའི་རྒྱན་དུ་འཛིན་པའི་གྲོགས་དམ་པ་ཀུན་ཏེ་ལགས་སུ་ཉེ་སྔོན་ནས་འཕྲིན་ཡིག་ཅིག་འབྲི་བར་སྤྲོ་བས་བརྟས་ཤིང་ལྷག་པར་དུ་འདོད་ཆུང་ཆོག་ཤེས་བསྟེན་པའི་གྲྭ་རྐྱང་ཁོང་ལའང་ད་ལོ་ནས་ཀུ་ཤུ་ཁ་པར་ཞིག་ཡོད་པར་གྱུར་ནས་མཚམས་སུ་མཚམས་སུ་སྙན་ཚིག་གི་ལམ་ནས་དྲངས་པའི་འཕྲིན་ཡིག་རེ་བསྐུར་འོང་བར་འཕྲིན་ལན་ཞིག་དང་རང་གི་ལྷག་བསམ་དང་ཡིད་ཆེས་ཀྱི་མཚོ་མོ་སྐྱོམ་པའི་རླབས་ཀྱི་རང་སྒྲ་དག་སྲོལ་རྒྱུན་ཚིགས་བཅད་དུ་བསྡེབས་ནས་ཡུལ་རྔ་ལྗོངས་ནས་གང་གི་གྲོགས་པོ་བསེ་རིག་ཁོར་འབོད་པ་དེས་གུས་པས་སྤྲིངས།      


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtm0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: གསའ་རང་འབར། སྤེལ་དུས:2016/11/1
ཐེངས་གཅིག་བཀླགས་གྲུབ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
42045212
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1