མགར་ཐར་ཡུལ་གྱི་སྡོད་ཁང་འཛུགས་སྐྲུན་གྱི་སྐོར་བཤད་པ།
མགར་ཐར་བཀྲ་ཤིས་བདེ་སྐྱིད།༼ཁམས་པའི་འཛུམ་རིས།༽
སྤྱིར་རིག་གནས་ཀྱི་མཚན་ཉིད་ལ་མཁས་པ་ཁ་ཤས་ཀྱིས་མིའི་རིགས་ཀྱིས་བསྐྲུན་པའི་རང་གི་འདོད་པ་སྒྲུབ་བྱེད་ཀྱི་ཐབས་སམ་ཐབས་ལས་བྱུང་བའི་ཤེས་བྱའོ་ལྟ་བུ་དང་། ཡོངས་གྲགས་ཀྱི་དགོངས་ཚུལ་ལྟར་ན་དེའི་ཁྱད་ཆོས་ནི་ཐུན་མོང་ལ་དབང་ཞིང་སྦྱངས་ནས་ཐོབ་པ་དང་། འགྱུར་བ་དང་བསྐྱར་ཟློས་ཀྱི་རང་བཞིན་ལྡན་པ་བཅས་ཡོད། དེའི་ཁོངས་སུ་སྐད་ཡིག དམངས་སྲོལ། རྩོམ་རིག སྒྱུ་རྩལ། ལུས་ངག་ཐོག་གི་རིག་གནས། རིན་ཐང་ལྟ་བ་དང་ཆོས་ལུགས་སོགས་རིགས་མང་པོ་འདུས། ད་དུང་དེང་དུས་གནའ་རྫས་རྟོག་ཞིབ་རིག་པ་དང་རིག་གནས་སྲུང་སྐྱོབ་ལས་རིགས་དར་བ་དང་མཉམ་དུ་རིག་གནས་ལ་དངོས་པོ་དང་དངོས་མིན་རིག་གནས་ཞེས་རིགས་ཆེན་པོ་གཉིས་སུ་དབྱེ་ཚུལ་ཡང་འདུག དངོས་པོ་རིག་གནས་ནི་མིག་མཐོང་ལག་ཟིན་གྱི་རིག་གནས་ཀྱི་དཔང་རྟགས་ཡོད་པ་སྟེ། དཔེར་ན། ཐོན་རྫས་དང་འཛུགས་སྐྲུན་དངོས་པོ་ལྟ་བུ་དང་། དངོས་མིན་རིག་གནས་ནི་དེ་ལས་ལྡོག་སྟེ་མཐོང་རེག་མེད་པའི་ལུས་ངག་ཐོག་གི་རིག་གནས་ཏེ། དཔེར་ན། གླུ་གཞས། གཏམ་རྒྱུད། ཆོ་ག་དང་ལག་རྩལ་སོགས་ལྟ་བུའོ།།
ཐེངས་འདིའི་བདག་གི་རྩོམ་གྱི་བརྗོད་དོན་ནི་མི་ཉག་མགར་ཐར་ཡུལ་གྱི་འཛུགས་སྐྲུན་རིག་གནས་ནི་དངོས་པོ་དང་དངོས་མིན་རིག་གནས་གཉིས་ཀྱི་ཁོངས་སུ་གཏོགས་པར་འདོད། རྒྱུན་པར་ང་ཚོས་འཛུགས་སྐྲུན་ནི་ཁང་པ་དང་ཕོ་བྲང་སོགས་དངོས་པོ་རིག་གནས་ཁོ་ན་ཙམ་ལ་མཐོང་མོད། གཞན་དངོས་མིན་གྱི་ཆ་ནི་འཛུགས་སྐྲུན་དང་འབྲེལ་ཡོད་ཀྱི་རྟོག་བཟོ་དག་དང་དེ་མིན་གྱི་ཆོ་ག་དང་ཕྱག་ལེན། ཉམས་ལེན་དང་རྟེན་འབྲེལ་སྟོན་མོ་ལ་སོགས་པའོ། ། བོད་ཡུལ་སྟོད་སྨད་བར་གསུམ་ལ་ཆ་རྒྱུས་ཅུང་ཡོད་མཁན་ཞིག་ཡིན་ན་ཁམས་ཀྱི་འཛུགས་སྐྲུན་རིག་གནས་ནི་གངས་ཅན་མཐོ་སྒང་ཚང་གི་རིག་གནས་སྣ་མང་གི་གཏེར་མཛོད་ནང་གི་ཆ་ཤས་གལ་ཆེན་ཞིག་ཡིན་པ་ཤེས་པར་ངེས། ལྷག་པར་ཁམས་མི་ཉག་ཟེར་དུས་ཡོ་རོབ་ཀྱི་གློག་བརྙན་ནང་གི་དུས་རབས་དཀྱིལ་མའི་གཞིས་ཀའི་རྡོ་ཁང་དང་བང་ཁང་དེ་དག་ཡིད་ལ་ངང་གིས་འཁོར་འོང་། ཁམས་ཕྱོགས་ཀྱི་ཁྱད་ཆོས་གཞན་ཞིག་ནི་རིག་གནས་སྣ་མང་རེད། ལུང་པ་རེ་ལ་བླ་མ་རེ་ཟེར་བ་ལྟར་ཁམས་ཀྱི་ལ་ལུང་རེ་ལ་སྐད་རེ་དང་། དེ་བཞིན་གྱི་རིག་གནས་རེ་ཡོད་པ་ལྟ་བུའི་སྣ་མང་རིག་གནས་ཀྱི་འཇིག་རྟེན་ཆུང་ཆུང་ཞིག་ཏུ་ཆགས་ཡོད་ཟེར་ན་རྫུན་དུ་མི་འགྲོ་སྙམ། དེ་བས་ཁམས་ཀྱི་འཛུགས་སྐྲུན་རིག་གནས་ལའང་ས་གནས་ཀྱི་འཛུགས་སྐྲུན་རྒྱུ་ཆ་དང་། གནམ་གཤིས་དྲོ་གྲང་དང་ཆར་ཆུ་མང་ཉུང་ལ་གཞིགས་ནས་མི་ཉག་སྨད་ཀྱི་རྡོ་ཁང་དང། རྟའུ་དང་བྲག་འགོ་ཡི་བང་ཁང་། ཆ་ཕྲེང་དང་འབའ་ཐང་དཀར་མཛེས་ཡུལ་ཕྱོགས་སོགས་ཀྱི་གྱང་ཁང་། རྒྱལ་ཐང་གི་ཐོག་ཁེབ་སྒོང་དབྱིབས་ཅན་གྱི་བང་ཁང་། རྒྱལ་རོང་གི་རྡོ་ཁང་དང་མཁར་འདྲ་མིན་སོགས་རྒྱུ་དང་དབྱིབས་མི་འདྲ་བ། ཚོན་དང་ལག་རྩལ་མི་འདྲ་བ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། དེ་ལས་མི་ཉག་མགར་ཐར་གྱི་འཛུགས་སྐྲུན་ནི་ས་གནས་ཀྱི་ཆགས་ཚུལ་མི་ཉག་སྨད་དང་རྟའུ་ཡི་བར་ལ་ཡོད་པ་བཞིན། འཛུགས་སྐྲུན་ཡང་རྟའུ་ཡི་བང་ཁང་གི་ཁྱད་ཆོས་དང་མི་ཉག་སྨད་ཀྱི་རྡོ་ཁང་གི་ཁྱད་ཆོས་གཉིས་ལྡན་གྱི་རྡོ་བང་འདྲེས་མའི་འཛུགས་སྐྲུན་རིག་གནས་རང་རྐྱ་བ་ཞིག་རེད་སྙམ།
མགར་ཐར་ལ་ཡུལ་དགོན་གཉིས་ཀྱི་འཛུགས་སྐྲུན་རིག་གནས་ཡོད། དེ་ལས་དགོན་པའི་འཛུགས་སྐྲུན་ནི་མགར་ཐར་བྱམས་པ་གླིང་གི་འདུ་ཁང་གསར་རྙིང་གཉིས་དང་སྒྲོལ་མ་ལྷ་ཁང་ལྕགས་རི་ཆེན་མོ་སོགས་མདོ་ཁམས་གཉིས་ལ་གྲགས་པའི་མགར་ཐར་ཡུལ་གྱི་སྐྲུན་འཛུགས་ཀྱི་ལག་རྩལ་ཏེ། ཤིང་རྡོ་ཚོན་གསུམ་གྱི་བཟོ་ལས་ལག་རྩལ་སོགས་ཀྱི་འདུས་གཟུགས་ལྟ་བུ་ཡོད་མོད། དེ་ནི་དགོན་པའི་འཛུགས་སྐྲུན་རིག་གནས་ལ་རྒྱུས་མངའ་ཞན་པའི་བདག་ལྟ་བུས་འཁྱོངས་དཀའ་བས་རེ་ཞིག་བཞག དེ་བས་རྩོམ་ཐུང་འདི་ཡི་ནང་ལ་ངས་རང་ཉིད་ཀྱི་རྒྱུན་ཤེས་དང་ས་གནས་ཀྱི་འབྲེལ་ཡོད་ཤེས་བྱ་ཡོད་པའི་མི་སྣ་ལ་བཅར་འདྲི་བྱས་པ་བརྒྱུད། མི་ཉག་མགར་ཐར་ཡུལ་གྱི་འཛུགས་སྐྲུན་རིག་གནས་སྟེ་ཁང་པ་སྤྱིར་བཏང་བ་ཞིག་གི་ཕྱི་ཡི་ཆགས་ཚུལ་དང་ནང་གི་བཟོ་བཀོད། འཛུགས་སྐྲུན་གྱི་རྒྱུ་ཆ་དང་བརྒྱུད་རིམ། འཛུགས་སྐྲུན་པ་སྟེ་ཤིང་བཟོ་དང་རྡོ་བཟོ་སོགས་ཀྱི་འཆར་འགོད། འཛུགས་སྐུན་དང་འབྲེལ་བའི་རྟེན་འབྲེལ་སྟོན་མོ་སོགས་དང་། འཛུགས་སྐྲུན་དེའི་རིགས་ཀྱི་རིན་ཐང་སོགས་མདོར་བསྡུས་པ་ཞིག་ངོ་སྤྲོད་བྱ་རྒྱུའོ། །
དང་པོ། མགར་ཐར་ནི་ཞིང་འབྲོག་འདྲེས་མ་ཡི་འདུས་སྡེ་ཞིག་ཡིན་རུང་ཁང་པ་ནི་འཚོ་སྡོད་ཀྱི་གཞིས་ཁྱིམ་གཙོ་བོ་དང་། མགར་ཐར་གྱི་ཁང་པ་མང་ཆེ་ཤོས་ནི་ཐོག་རྩེག་གཉིས་ཅན་གྱི་དབྱིབས་གྲུ་བཞི་ཁ་གང་མ་ཞིག་གི་ཚུལ་དང་ཐོག་རྩེག་གཉིས་པའི་གཡས་ཟུར་གྱི་ཀ་ཐག་གཉིས་ནས་བཞི་ལ་ཐོག་ཁེབས་མེད་པས། རྒྱང་ནས་བལྟས་ན་གྲུ་བཞི་ཁ་གང་མ་དེ་ཡི་ཀླད་ཀྱི་ཟུར་གཅིག་དེ་གྲི་ཡིས་བཏུབ་པ་དང་མཚུངས། ཀ་ཐག་ནི་ང་ཚོ་ཕ་ཡུལ་ནས་ཁང་པའི་རྒྱ་ཁྱོན་གྱི་འཇལ་བྱེད་གཙོ་བོ་དང་དེ་ནི་ཀ་བ་བཞིའི་བར་གྱི་བར་སྟོང་དེ་ལ་གོ། ཀ་བའི་སྦོམ་ཕྲ་ཡིས་ཀ་བའི་བར་གྱི་བར་སྟོང་གི་ཆེ་ཆུང་ལ་ཤུགས་རྐྱེན་ཅུང་ཐེབས་ཡོད་ཀྱང་། ཀ་ཐག་གཅིག་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་དྲུག་ནས་དགུ་ཅན་མང་། ཉེ་བའི་ལོ་རྒྱུས་སུ་མགར་ཐར་གྱི་ཁང་པ་ལ་ཁྱིམ་ཚང་གི་དབུལ་ཕྱུག་དང་འཛུགས་སྐྲུན་རྒྱུ་ཆ་ལག་རྩལ་སོགས་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་ལྡོག་བྱུང་དང་འབྱུང་མུས་རེད། ཡིན་ནའང་ད་ཡོད་ཀྱི་ཁང་པའི་ནང་ལ་རྩེག་དང་པོ་ཆུང་བ་ཀ་ཐག་བཅུ་ཅན་དང་། འབྲིང་བའམ་ཕལ་ཆེ་བ་ཀ་ཐག་བཅོ་བརྒྱད་དང་ཉི་ཤུ་ཅན། ཆེ་བ་ཀ་ཐག་ཉི་ཤུ་རྩ་དྲུག་དང་སུམ་ཅུ་ཅན་ཡང་འདུག རྩེག་གཉིས་པའི་ཁང་པ་ནང་གི་ཆེ་ཆུང་ནི་ཁང་ཡས་ཀྱི་བར་སྟོང་ཕར་ཕུད་རྗེས་རྩེག་དང་པོ་ལས་ཀ་ཐག་གཉིས་ནས་བཞི་ཙམ་ལས་ཆུང་བ། རྩེག་དང་པོའི་ཕྱོགས་ཚང་མ་རྡོ་ཡི་རྩིག་པ་ལས་གྲུབ་ཅིང་ཤོད་སྒོ་ཡོད་སའམ་མདུན་ཕྱོགས་ཀྱི་གྱང་ལ་སྐར་ཁུང་ཆུང་ངུ་གཉིས་ནས་བཞི་བར་ཡོད། རྩེག་དང་པོ་ལ་ཤོད་དམ་བརྩེགས་ཞབས་ཡང་ཟེར། དེའི་བྱེད་ལས་གཙོ་བོ་ནི་དགུན་ཁར་སྒོ་ཕྱུགས་བཙུད་ས་དང་། འབྲུ་རིགས་དང་འབུད་ཤིང་། འཕྲུལ་ཆའི་རིགས་ཉར་ཚགས་བྱེད་སའོ། ། དེ་ནས་རྩེག་དང་པོ་ནས་རྒྱ་སྐས་ཏེ་ཤིང་ལེབ་ཀྱིས་བཟོས་པའི་སྐས་ཞེང་ཆེན་པོ་ཞིག་ལ་འཛེགས་ནས་རྩེག་གཉིས་པ་ལ་ཐོན་དུས། ཐོག་ཁེབས་དང་བཅད་སྐོར་མེད་པའི་ཀ་ཐག་གཉིས་སམ་བཞི་ཡི་བར་སྟོང་དེ་ལ་ཁང་ཡས་ཞེས་དང་དེའི་ཟུར་ན་ཆབ་ཁང་ཡོད། རྩེག་གཉིས་པའི་མདུན་གྱི་གྱང་ངམ་ཁང་བ་ཕྱེད་ཀྱི་བཅད་སྐོར་ནི་ཤིང་ངམ་བང་བ་ཡིས་བཟོས་ཤིང་། དེར་ཤེལ་གྱི་སྐར་ཁུང་ཆེན་པོ་འགའ་ཡོད། ཁང་ཡས་ནས་བང་བའི་བར་ལ་ཀ་ཐག་ཕྱེད་ཀ་ཙམ་གྱི་ཐོག་ཁེབས་ཡོད་ལ་བཅད་སྐོར་མེད་པའི་རབ་གསལ་ཀྱིས་བསྐོར་ཡོད། ཁང་ཡས་ཀྱི་མཐའ་རུ་མི་ལུས་ཕྱེད་ཙམ་གྱི་རྡོ་རྩིག་གི་གད་ར་ཡོད། གད་རའི་ཁ་ལ་བསང་ཁྲི་དང་དབར་ཁར་མེ་ཏོག་དམ་བེ་སོགས་ཀྱིས་མཛེས་པར་སྤྲས། རབ་གསལ་ནས་ནང་ལ་འགྲོ་ན་གཡས་ཕྱོགས་ན་ཀ་ཐག་གཉིས་ནས་དྲུག་ཅན་གྱི་མཆོད་ཁང་ངམ་ཤག་ཅེས་ཁྱིམ་ཚང་གི་ལྷ་ཁང་ངམ་སྐུ་རིམ་དང་ཆོ་ག་སྒྲུབ་ས་དང་། གཡོན་ཕྱོགས་ན་ཀ་ཐག་བཞི་ནས་དྲུག་ཅན་གྱི་མ་ཁྱིམ་ཞེས་རྒྱུན་པར་ཁྱིམ་མི་འདུ་འཛོམས་དང་། ཟ་མ་ཟ་ས་དང་མགྲོན་པོ་བསུ་ས་སོགས་རྒྱུན་སྤྱོད་ཀྱི་ཁང་བ་གཙོ་བོ་དེ་ཡོད། མཆོད་ཁང་དང་མ་ཁྱིམ་གཉིས་ལ་ཤིང་གི་མཆོད་ཁྲི་ཤིང་རྐོས་དང་ཤིང་ཚོན་སོགས་ཀྱི་སྤྲོས་བཀོད་རྒྱ་ཆེན་དང་ལྡན་པ་ཡོད། ད་དུང་ཉལ་ཁྲི་དང་ཅོག་ཙེ་སོགས་ཤིང་རིགས་འདྲ་མིན་ལས་བཟོས་པའི་ཤིང་ཚོན་དང་ཤིང་རྐོས་ཀྱིས་སྤྲས་པའི་ཁྱིམ་ཆས་སྣ་ཚོགས་ཡོད། དེ་ནས་ཀ་ཐག་གཉིས་ནས་གསུམ་ཅན་གྱི་ཐབ་ཁང་དང་ཀ་ཐག་གཅིག་ནས་གཉིས་ཅན་གྱི་མཛའ་འམ་ཤག་ཆུང་ཞེས་པའི་ཉལ་ཁང་སོགས་རྒྱབ་ཕྱོགས་སྟེ་ཁང་ཡས་ཀྱི་ཁ་གཏད་ཀྱི་ཁང་ཟུར་གྱི་བར་སྟོང་དེ་ན་ཡོད། ཁང་ཡས་ནས་བྱ་སྐས་བརྒྱུད་དེ་ཁང་སྟེང་ལ་སླེབས་དུས་ཁང་སྟེང་ནི་ལེབ་མོ་དང་། ས་སྔོན་དང་གསེག་མ་སོགས་ཀྱིས་བཀབ་ཡོད་པས་རྩྭ་ལྡུམ་རིགས་སྐྱེ་བར་འགོག་ནུས། ཁང་སྟེང་གི་རྩིག་པ་ཁ་རུ་རྒྱབ་ཕྱོགས་ལ་གྲུ་གང་ཙམ་དང་མདུན་ཕྱོགས་ལ་གྲུ་ཕྱེད་ཙམ་གྱི་གད་ར་བརྩིགས་ཡོད་པ་དང་། གད་རའི་རྒྱབ་དང་གཡས་གཡོན་གྱི་ཕྱོགས་སོ་སོ་ན་ཝ་ཆུ༼ ཆར་ཆུ་བཞུར་ས ༽ དང་ཁ་སྒོ༼ ཁ་བ་འཕོ་ས ༽ སོགས་ཡོད། ཁང་སྟེང་གི་མདུན་ཟུར་ཞིག་ལ་དར་ཚོན་སྣ་ལྔ་ཡི་བསང་དར་བཙུགས། ཁང་པའི་རྩིག་པ་ས་དཀར་གྱི་ཚོན་དཀར་པོ་བྱུགས་པ་དང་། རྩེག་མཚམས་གྱི་བ་སོ་བ་གམ་དང་སྒོ་སོགས་བཙག་དམར་གྱི་ཚོན་དམར་བྱུགས་ཡོད། སྐར་ཁུང་གྱི་རྩིག་ངོས་ལ་སྣག་ཚ་ནག་པོ་བསྐུས་པ་སོགས་མི་ཉག་མགར་ཐར་གྱི་ཁང་པ་སྤྱིར་བཏང་བ་ཞིག་གི་ཕྱི་ཡི་ཆགས་ཚུལ་དང་བྱེད་ལས་མདོར་བསྡུས་ནི་དེ་ཙམ་མོ། །
གཉིས་པ། ཁང་པ་དེ་འདྲ་ཞིག་ལས་དགོས་ན་དེ་ལ་འཛུགས་སྐྲུན་གྱི་རྒྱུ་ཆ་དང་གོ་རིམ་ག་འདྲ་ཞིག་དགོས་ཤེ་ན། དང་པོ་མགར་ཐར་གྱི་ཁང་པ་ཡི་འཛུགས་སྐྲུན་རྒྱུ་ཆ་ཕལ་ཆེར་ས་གནས་རང་ནས་ཡོང་གི་འདུག རྒྱུ་ཆ་གཙོ་བོ་ནི་ཤིང་ཆའི་རིགས་ལ་ཆེ་བ་གདུང་མ། ཀ་བ། བང་བ། གདུང་རྟ། གདུང་ཕྲ་ནས་ཆུང་བ་སུ་རུ་སྤེན་མ་ཡི་ཚགས་ཚགས་ལ་སོགས་པ་དང་། རྡོ་ལ་རྫ་རྡོ་དང་ཆུ་རྡོ། རྡོ་ལེབ། རྡོ་སུལ་དང་རྡོ་གཡའ་མ་སོགས་དང་། ས་ལ་རྩིག་པ་རྩིག་སྤྱད་ཀྱི་ས་སེར་དང་ཞ་ལའི་ས། ཁང་སྟེང་གི་རྩེག་འགེབ་བྱེད་ཀྱི་ས་སྔོན་དང་། ཁང་པ་ཕྱིའི་ཚོན་རྩི་ས་དཀར་དང་བཙག་དམར་ལ་སོགས་ཡོད། རྒྱུ་ཆ་འདི་རིགས་ཚང་མའི་ཐོན་ཁུངས་ནི་མགར་ཐར་རང་དང་ཡང་ན་ཉེ་འཁོར་གྱི་ས་ཆ་ན་ཡོད། དེ་ནས་འཛུགས་སྐྲུན་གྱི་གོ་རིམ་ནི་ཤིང་བཅད་པ་དང་རྡོ་བརྐོས་པ་ནས་འགོ་བཙུགས་ཤིང་། རྒྱུ་ཆ་གྲ་སྒྲིག་གི་ལས་ཀ་ཚར་དུས། རྩིག་གདན་རྐོ་བ་ནས་འགོ་བཙུགས་ཏེ་རྡོ་བཟོ་ཚོས་རྩིག་པ་རྩིག ཤིང་བཟོ་ཚོས་ཀ་བ་དང་གདུང་རྟ་གཞོགས་ཏེ་ཁང་པ་ཡི་སྒྲོམ་གཞི་འཛུགས། རྡོ་རྩིག་དང་ཤིང་བཟོ་གཉིས་ཀ་དུས་མཉམ་དུ་ལས་ཆོག་ལ་སྔ་རྗེས་གང་རུང་ལ་ལས་ཆོག ཉེ་དུས་ཀ་བ་སྔོན་ལ་བསློངས་ནས་རྩིག་པ་རྩིག་མཁན་མང་བར་བཤད། མགར་ཐར་དང་རྟའུ་ཕྱོགས་ཀྱི་ཁང་པའི་ཀ་བ་གཙོ་བོ་དེ་ཚོ་ནི་རྩེག་གཉིས་ལ་རྒྱུག་པའི་ཀ་རིང་ཡིན་པས་རྡོ་རྩིག་མེད་རུང་ཁང་པ་ཡི་ཤིང་གི་སྒྲོམ་གཞི་ཁེར་རྐྱང་དུ་སློང་ཐུབ། དེ་ནི་ས་གནས་འདི་ཡི་འཛུགས་སྐྲུན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་སྟེ་ས་ཡོམ་གྱི་གནོད་སྐྱོན་སོགས་འགོག་ཐུབ་ཟེར། རྩིག་པ་བརྩིགས་ཤིང་ཀ་བ་བསློངས་ཚར་རྗེས་རྩེག་འགེབ། དང་པོ་རྩེག་དང་པོ་ཡི་རིམ་པ་ཚང་མ་བཀབ་ཚར་རྗེས་རྩེག་གཉིས་པ་སྟེ་ཁང་སྟེང་གི་རྩེག་འགེབ། རྩེག་བཀབ་ཚར་ནས་རྩིག་པ་ཡི་ཁ་ཚང་མ་ལ་རྡོ་ལེབ་བཞག་ནས་ཆར་ཆུ་རྩིག་གསེབ་ལ་འགྲོ་བར་འགོག་བ་དང་དེའི་སྟེང་ལ་གད་ར་བརྩིགས་ཚར་དུས་ཁང་པ་ཡི་ཕྱི་ཁོག་ཚར་བ་རེད། ཁང་པ་ཕྱི་ཡི་ཕྱི་ཁོག་འགྲུབ་རྒྱུ་ལ་ཕལ་ཆེར་ཟླ་བ་གསུམ་བཞི་ནས་ལོ་ཕྱེད་ཀ་ཙམ་འགོར། ཡིན་ཡང་ཁང་པ་ཡི་ཆེ་ཆུང་དང་ཁྱིམ་ཚང་གི་ཆ་རྐྱེན་སོགས་མི་འདྲ་བ་དང་བསྟུན་ནས་འཛུགས་སྐྲུན་གྱི་དུས་ཡུན་ཡང་རིང་ཐུང་འདྲ་མིན་ཡོད། ཕྱི་ཁོག་ཚར་ནས་ནང་ལ་བཅད་སྐོར་དང་ཤིང་གཅལ༼ ཡུལ་སྐད་དུ་གུ་ལམ ༽ མཆོད་ཁྲི་དང་ཁྱིམ་ཆས་སོགས་འཛོམས་པར་ལོ་གཅིག་གམ་གཉིས་ལའང་འགོར་སྲིད།
གསུམ་པ། མགར་ཐར་གྱི་ཕོ་བྲང་དང་གཞིས་ཀ་འདྲ་པོ་ཡི་ཁང་པ་འདི་ཚོ་མི་བཟོས་ཀྱི་འཛུགས་སྐྲུན་རིག་གནས་ཤིག་ཡིན་པ་གཞིར་བཞག་ལྟར། དེས་ན་སུ་ཡིས་བསྐྲུན་པ་རེད། སུ་ཞིག་གི་ངལ་རྩོལ་གྱི་འབྲས་བུ་རེད། རྩིག་བཟོ་ཤིང་བཟོ་སོགས་ལག་རྩལ་པ་ཁོང་ཚོས་ཇི་ལྟར་ལག་རྩལ་སློབ་གསོ་མྱོང་བ་རེད་ཅེ་ན། དང་པོ་མགར་ཐར་གྱི་ཁང་པ་འདི་ཚོ་ནི་གྲོང་པ་ཞིག་གི་མི་ཚང་མ་ཡི་ངལ་རྩོལ་གྱི་འབྲས་བུ་ཡིན་ཟེར་ཆོག ཁྱད་པར་དུ་སྡེ་བ་སོ་སོ་ཡི་ཁྱིམ་མཚེས་དང་གཉེན་ཉེ་གྲོགས་པོ་ཚོས་ལས་རེས་དང་། ཁྱིམ་མཚེས་ཕན་ཚུན་ལ་རོགས་རམ་བྱེད་པའི་ཡུལ་སྲོལ་འདི་འདྲ་ཞིག་ཡོད་པའི་དབང་གིས། གྲོང་པ་ཞིག་ལ་ཁྱིམ་ཚང་དབུལ་ཕྱུག་དབྱེ་བ་མེད་པར་མགོ་ལ་ཁང་པ་མེད་མཁན་ནི་གཏན་ནས་མེད་སྙམ། དེ་ནས་མགར་ཐར་གྱི་ཁང་པ་འདི་ཚོ་ནི་ས་གནས་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ལག་རྩལ་པ་ཤིང་བཟོ་རྡོ་བཟོ་ཚོན་བཟོ་སོགས་ཀྱི་ལག་རྩལ་གྱི་འབྲས་བུ་རེད། མགར་ཐར་ལ་གྲོང་པའམ་འདུས་སྡེ་རང་གིས་གསོ་སྐྱོང་བྱེད་པའི་ཤིང་བཟོ་རྡོ་བཟོ་རི་མོ་བ་དང་ཚོན་བཟོ་ཚེམ་བཟོ་སོགས་ལག་རྩལ་པ་ཤིན་ཏུ་མང་པོ་ཡོད། ལག་རྩལ་པ་དེ་ཚོ་ཚང་མ་སྐྱེས་པ་རེད་ཟེར་ན་ཆོག་སྙམ། སྐྱེས་མ་ཡི་ལག་རྩལ་འདི་རིགས་སྦྱོང་མཁན་མིག་སྔར་ཤིན་ཏུ་དཀོན། ལག་རྩལ་པ་ཚོ་ཡི་སློབ་གསོ་ནི་དེང་གི་སློབ་གྲྭའི་སློབ་གསོ་དང་མ་འདྲ་བར་ལས་ཀའི་ལས་ཞོར་རམ། ཡང་ན་ལས་ཀའི་གོ་རིམ་གྱི་ཁྲོད་ནས་སྦྱོང་བ་འདི་ནི་སློབ་གསོ་ཡི་ཐབས་ཤེས་རྙིང་ཤོས་ཞིག་རེད་འདུག གྲོང་པ་ནང་གི་ལག་རྩལ་པ་རྒན་རབས་ཚོས་རང་ཉིད་ཀྱི་གཉེན་ཉེ་དང་ཁྱིམ་མཚེས་ཀྱི་ན་གཞོན་ལོ་བཅོ་ལྔ་བཅུ་དྲུག་ལ་ལོན་པ་ཚོ་ཁྲིད་ནས་ལས་ཀ་ལས་པའི་གོ་རིམ་ཁྲོད་ནས་ལག་རྩལ་སློབ། ནུབ་ཕྱོགས་སུ་སློབ་གསོ་སྒྲིག་གཞི་འདི་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་པ་སྟེ་དཔེར་ན་ལག་རྩལ་གྱི་ཞོར་ལ་སྐད་ཡིག་དང་རྨང་གཞིའི་གྲངས་རིག་སྦྱོང་བ། ད་དུང་སློབ་ཡུན་གྱི་དུས་ཚོད་ངེས་གཏན་དང་ལག་རྩལ་དཔང་ཡིག་སྤྲོད་པ་ལྟ་བུའོ། ། ཉི་ཧོང་ལ་ནི་སློབ་གསོའི་འདི་རིགས་རྩི་མཐོང་དེ་བས་ཆེ་བར་གྲགས། མདོར་ན་ལག་རྩལ་དགེ་རྒན་དང་མཉམ་དུ་ལས་ཀའི་གོ་རིམ་ཁྲོད་ནས་ལག་རྩལ་སྦྱོང་བའི་སློབ་གསོ་བྱེད་ཐབས་འདིས་ང་ཚོའི་སྤྱི་ཚོགས་སུ་བྱས་རྗེས་འགངས་ཆེན་ཡོད་པ་ལ་ངོས་འཛིན་དང་རྒྱུན་འཁྱོངས་ལ་སྐུལ་མ་གཏོང་འོས། ལག་རྩལ་འདིའི་རིགས་མི་རབས་ནས་མི་རབས་ལ་ངལ་རྩོལ་དང་ལུས་ངག་གང་རུང་གི་ཐོག་ནས་བརྒྱུད་སྤེལ་བྱེད་པའི་དགེ་རྒན་ཚོ་ནི་དེ་བས་ཀྱང་དྲིན་ཆེན་དང་བྱས་རྗེས་ཅན་ནོ། །
བཞི་པ། ཁང་པ་ཞིག་གི་འཛུགས་སྐྲུན་གྱི་བརྒྱུད་རིམ་ནི་ངལ་རྩོལ་དང་རྔུལ་ཆུ་ཁོ་ན་ཙམ་མིན་པར་རྟེན་འབྲེལ་དང་སྟོན་མོ་ཞིག་གི་བརྒྱུད་རིམ་ཞིག་དང་། ཡང་ན་བོད་ཀྱི་ཆོས་དང་དམངས་སྲོལ་གཉིས་ཀྱི་མྱུ་གུ་འབུས་ཤིང་འདབ་ལག་རྒྱས་སའི་ཞིང་ས་གཤིན་པོ་ཞིག་ཀྱང་རེད་འདོད། རྒྱུ་མཚན་ནི་གཤམ་གྱི་ཆོ་ག་དང་རྟེན་འབྲེལ་སྟོན་མོ། སྐར་རྩིས་དང་ས་དཔྱད་སོགས་ལས་ཤེས་ཐུབ། དེ་ལས་དང་པོ་རྩིས་པ་དང་མོ་པ་ཡིས་གཟའ་སྐར་འཕྲོ་སྦྱོར་གྱི་སྐར་མ་ལྟ། ས་དཔྱད་པ་ཡིས་ས་ལྟ། དཔེར་ན་གཟའ་སྐར་འཕྲོ་སྦྱོར་བཟང་པོ་ཉིན་ལ་ཁང་པ་བསྐྲུན་ཡུལ་ལ་རང་ཡུལ་གྱི་བླ་མའམ་ས་དཔྱད་བླ་མ་དམིགས་བསལ་བ་གདན་དྲངས་ནས་བསང་གཏོང་བ་དང་། བཀྲ་ཤིས་བརྩེགས་པ། གནས་ས་སྣང་བརྒྱད། ཕྱོགས་བཅུའི་མུན་སེལ་སོགས་རིམ་གྲོ་འདོན། ཆུ་དཀར་འོ་དཀར་དང་ཡོས་ཚིག་དཀར་ནག་སོགས་ས་ལ་མཆོད་ནས། ལྷ་ཀླུ་གཉན་གསུམ་ལ་ཞུ་བ་དང་ཁང་ལས་ལ་གེགས་དང་བར་ཆད་མེད་པར་ལེགས་འགྲུབ་ཡོང་པའི་སྨོན་ལམ་འདེབས། དེ་ནས་ལས་འགོ་འཛུགས་ཉིན་དང་རྩིག་གདན་རྐོ་ཉིན། ཀ་བ་སློང་ཉིན། ཤོད་སྒོ་འཛུགས་ཉིན། ཐབ་ཀ་ལས་ཉིན་དང་ཐབ་ལ་མེ་འབུད་ཉིན། ཁང་སྟོན་བཅས་གཟའ་སྐར་འཕྲོ་སྦྱོར་གྱི་སྐར་བཟང་དུས་བཟང་གི་ཉིན་ལ་འཇོག་སྲིད། ད་དུང་ཁང་པ་ཡི་སྒོ་འཁོར་ཕྱོགས་དང་ས་དགྲ་ཡོད་མེད་སོགས་བརྟགས་པ། དཔེར་ན་སྒོ་ཡི་འཁོར་ཕྱོགས་ཐད་ལ་ཤར་སྒོ་གྲོགས་སྒོ། ལྷོ་སྒོ་རོ་སྒོ། ནུབ་སྒོ་ཆོས་སྒོ། བྱང་སྒོ་དགྲ་སྒོ་ལྟ་བུའི་བཤད་སྲོལ་དང་། ཡང་སྒོ་ཆུ་བོ་ཡི་བཞུར་ཕྱོགས། ལམ་ཆེན་ཁ་དང་། རི་བོ་སོགས་ཡུལ་ལྗོངས་ཡག་པོའི་ཕྱོགས་ལ་སྐོར་བ་ལྟ་བུ། དེ་ནས་ཁང་པའི་མཐའ་སྐོར་དུ་ས་དགྲ་ཆེ་སར་གནོད་པ་འགོག་ཆེད་དུ་རྣམ་བཅུ་དབང་ལྡན་རྩིག་པའི་ནང་དུ་བརྩིགས། ཀ་བ་སློང་ཉིན་ནི་ཁང་པ་ཞིག་གི་སྐྲུན་འཛུགས་ཀྱི་དུས་རིམ་འགངས་ཆེ་ཤོས་དང་། གེགས་ཡང་ཆེ་ཤོས་རེད་ཟེར་ནས་ཁང་བདག་ཚང་གིས་སྔོན་ནས་མོ་བཏབ་ཅིང་བཅའ་བ་རིམ་གྲོ་སྒྲུབ། ཉི་མ་དེ་ལ་རྟེན་འབྲེལ་དང་དགའ་སྟོན་གྱི་ཚུལ་དུ་བཟའ་བཏུང་ཟབ་རྒྱས་བྱེད་ལ། ཤིང་བཟོ་ལ་དགའ་རྟགས་ཀྱི་དོད་དུ་ལག་སྐལ་ཞེས་དངོས་པོ་དང་སྒོར་མོ་སོགས་འབུལ་སྲིད། ད་དུང་ཁྱིམ་དཀྱིལ་ཀ་བ་ལ་གསེར་དངུལ་ཟངས་རག་དང་འབྲུ་སྣ། དར་ཚོན་སྣ་ལྔ་སོགས་གཡང་རྟེན་ལ་འདོགས་པ། དེ་ནས་ཁང་པའི་ཕྱི་ཁོག་གྲུབ་ཉིན་ལ་ཚར་སྟོན་ཏེ་ལས་ཀ་ཚར་བའི་ཉིན་མོར་བཟང་བཏུང་ཟབ་རྒྱས་དང་ལག་རྩལ་པ་ཚོ་ལ་ལག་སྐལ་སྟེར་བ་སོགས་ཀྱི་སྟོན་མོ་བྱེད་སྲིད། ཁང་པ་འཛུགས་སྐྲུན་གྱི་སྟོན་མོ་ཆེ་ཤོས་ནི་ཁང་པ་ཕྱི་ནང་ཚང་མ་གྲུབ་རྗེས་ཁྱིམ་མཚེས་དང་གཉེན་ཉེ་གྲོགས་པོ་སོགས་མགྲོན་ལ་བོས་ཤིང་གྲ་སྒྲིག་རྒྱ་ཆེན་བྱེད་པའི་ཁང་སྟོན་དེའོ། ། ཁང་སྟོན་ལ་མགྲོན་པོ་ཚོས་གཞིས་གསོལ་རྟེན་དོད་ལ་ཁ་བཏགས་དང་བཅས་པའི་ཅ་ལག་དང་སྒོར་མོ་སོགས་ཁྱིམ་བདག་ལ་སྦྱིན་སྲོལ་ཡོད། ཁང་སྟོན་བྱེད་མཁན་གྱི་ཁྱིམ་ཚང་ལ་མཚོན་ན་དེ་ནི་དཔལ་འབྱོར་གྱི་རྒྱབ་སྐྱོར་མི་ཆུང་བ་ཞིག་རེད། ཁྱིམ་ཚང་ཕན་ཚུན་བར་གྱི་ལྟ་རེས་ལན་པོ་དེ་ནི་ང་ཚོ་ཕ་ཡུལ་གྱི་དམངས་ཚོགས་རང་བཞིན་གྱི་རང་འགྲིག་གི་སྤྱི་ཚོགས་འགན་སྲུང་གལ་ཆེན་ཞིག་རེད་འདོད། རྒྱུ་མཚན་ནི་ཁྱིམ་ཚང་ཞིག་ལ་ཁྱིམ་གསར་འཛུགས་དུས་ཏེ་གཉེན་སྟོན་དང་ཁང་སྟོན་གྱི་སྐབས། མི་ཤི་ན་ཚ་ཡོང་ཉིན་སོགས་དཔལ་འབྱོར་འབོར་ཆེན་དགོས་ཉིན་ལ་གྲོང་མི་ཁྱིམ་མཚེས་དང་གཉེན་ཉེ་གྲོགས་པོ་ཡི་རྒྱབ་སྐྱོར་རང་ཉིད་ཀྱིས་ཕར་ལ་ག་འདྲ་བྱེད་མྱོང་ན་དེ་ལས་མ་ཆུང་བ་ཞིག་ཡོང་བ་ནི་ང་ཚོས་དངུལ་ཁང་དང་འགན་སྲུང་ལས་ཁུངས་ལ་བཅོལ་བའི་འགན་སྲུང་ལས་ལྷག་རེད་བསམས། མདོར་ན་ཁང་པ་ཞིག་སྐྲུན་པའི་གོ་རིམ་ན་ཡུལ་སྡེ་མི་དམངས་ཀྱི་རིག་གནས་དང་དམངས་སྲོལ་དེ་ལས་མང་མང་ཡོད་པར་གདོན་མི་ཟའོ། །
མཐར་མི་ཉག་མགར་ཐར་གྱི་འཛུགས་སྐྲུན་གྱི་རིན་ཐང་དང་གཟབ་ནན་བྱེད་དགོས་ས་ཉུང་ཙམ་གླེང་ན། མགར་ཐར་གྱི་རྡོ་བང་འདྲེས་མ་ཡི་ཁང་པ་འདི་རིགས་ལ་ནང་མི་ཉག་རྡོ་ཁང་ལས་འོད་གསལ་ཞིང་ཇུས་བཀོད་མི་ཁམས་དང་མཐུན་པ། རྟའུ་ཡི་བང་ཁང་ལས་ནང་གི་བར་སྟོང་ཆེ་བ་དང་ཤིང་ཆ་གྲོན་ཆུང་བྱེད་པ་སོགས་ཀྱི་མཛེས་སྤྱོད་དང་བཀོལ་སྤྱོད་གཉིས་ཆ་ནས་ཁྱད་ཆོས་དང་རིན་ཐང་ཁྱད་པར་བ་ཡོད། དེ་ལས་འབུར་དུ་ཐོན་པའི་ཁྱད་ཆོས་གཞན་ནི་རྩེག་ཐོག་ཞབས་གཉིས་ཀ་ལ་རྒྱུག་པའི་ཀ་རིང་དང་གདུང་རྟ་སོགས་ལས་གྲུབ་པའི་ཤིང་གི་སྒྲོམ་གཞི་རང་རྐྱ་བ་དེས་ས་ཡོམ་ཚད་རིམ་ཅུང་མཐོན་པོ་ཐེག་ཐུབ་པར་བཤད། ད་དུང་འཛུགས་སྐྲུན་གྱི་བྱེད་ནུས་དང་རིན་ཐང་གཞན་པ་ཡོད་ངེས་ཀྱང་ཁོ་བོ་ལ་དེའི་སྐོར་གྱི་ཤེས་བྱ་དབེན་པས་དེ་ཙམ་མོ། །
དུས་ཀྱི་འགྲོས་དང་བསྟུན་ནས་ང་ཚོའི་འཚོ་བ་ལ་འགྱུར་བ་རབ་དང་རིམ་པ་འགྲོ་བཞིན་པ་ལྟར་ཕ་ཡུལ་གྱི་འཛུགས་སྐྲུན་ལའང་འགྱུར་བ་མི་ཉུང་བ་ཞིག་འབྱུང་ཀྱིན་འདུག་ལ། ལ་ལ་ནི་གནས་སྐབས་ཀྱི་བཀོལ་སྤྱོད་ཀྱི་རིན་ཐང་ཙམ་གྱི་ཆེད་དུ་ས་གནས་རང་གི་རིག་གནས་ལ་བསམ་བློ་མ་བཏང་བར་འགྱུར་བ་གང་རུང་གཏོང་བའམ་བྱུང་བ་མིན་ནམ་སྙམ་ལ། གཞན་གྱི་ལག་རྩལ་དང་རྒྱུ་ཆ་བཀོལ་སྤྱོད་ག་ཙམ་མང་ན་དེ་ཙམ་གྱི་གཞན་རྟེན་གྱི་གནས་ལ་ལྷུང་ཉེན་བས་ང་ཚོས་བརྟག་དཔྱད་དང་དབྱེ་ཞིབ་བྱེད་དགོས་བསམས། ད་དུང་འུ་ཅག་གི་འཛུགས་སྐྲུན་རིག་གནས་ལ་དེང་རབས་ཀྱི་དགོས་མཁོ་བཞིན་རང་གི་རིག་གནས་དང་ཁོར་ཡུག་གི་གཞིར་བྱས་ནས་གསར་བཏོད་དང་ལེགས་བཅོས་ཀྱི་སྐུལ་མ་ཡང་གཏོང་དགོས། དེ་ལུགས་ཀྱི་འབྱུང་འགྱུར་ལ་ཕ་ཡུལ་གྱི་འཛུགས་སྐྲུན་རིག་གནས་འཕེལ་རྒྱས་དང་དར་འཕེལ་ཡོང་བའི་རེ་བ་ཆེན་པོ་ཡོད།
དེ་ལས་གཞན་ད་དུང་ང་ཚོས་ཧ་ཅང་གཟབ་དགོས་ས་ཞིག་ནི་རང་ཡུལ་གྱི་འཛུགས་སྐྲུན་རྒྱུ་ཆ་ལ་གྲོན་ཆུང་དང་སྲུང་སྐྱོབ་བྱེད་རྒྱུ། ལྷག་པར་དུ་ཤིང་ནགས་ཀྱི་རིགས། ང་ཚོས་ཡུལ་དགོན་གང་རུང་གི་འཛུགས་སྐྲུན་བྱས་ན་ཤིང་ནགས་མང་པོ་བཀོལ་སྤྱོད་བག་མེད་བྱེད་པས། རང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་ཚབས་ཆེན་བྱེད་བཞིན་པ་མིག་མཐོང་ལག་ཟིན་རེད་འདོད། དེང་གི་མི་རབས་དང་མ་འོངས་པའི་མི་རབས་ཚོ་ཡི་དཀའ་ངལ་ཆེ་ཤོས་ནི་གནམ་གཤིས་དང་ཁོར་ཡུག་གི་ཞན་འགྱུར་ཡིན་པ་འཛམ་གླིང་ཡུལ་གྲུ་སོ་སོ་ན་ར་སྤྲོད་དང་མངོན་འགྱུར་འབྱུང་བཞིན་པ་རེད། གནས་སྐབས་སུ་ང་ཚོའི་ཕ་ཡུལ་ལ་མངོན་གསལ་དེ་འདྲ་མིན་རུང་བོད་ཡུལ་གྱི་ས་ཆ་མང་པོ་ལ་རྩྭ་ཐང་བྱེར་འགྱུར་དང་འཐུང་ཆུ་དཀོན་འགྱུར། གངས་རི་ར་བས་སྐོར་བའི་ལྗོངས་ཀྱི་གངས་རི་མང་པོའི་གངས་ཞི་བ་དང་མཚེའུ་སྐམ་པ་སོགས་ཤུགས་རྐྱེན་ཡིད་སྐྱོ་བ་ཐེབས་མུས་རེད། སྐྱེ་ཁམས་ཁོར་ཡུག་རིག་པའི་ཆེད་མཁས་པ་མང་པོ་ཡིས་གངས་ཅན་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་སླ་ལ་ཐེབས་ན་ཤིན་ཏུ་གསོ་དཀའ་བར་བཤད། ང་ཚོས་ཤེས་དགོས་པ་ནི་ནགས་རྒན་ཞིག་གིས་ང་ཚོ་ལ་མངོན་ཤུགས་གང་རུང་ངང་ཕན་ནུས་བསམ་བརྗོད་ལས་འདས་པ་སྐྲུན་བཞིན་པ། དཔེར་ན། ཆར་ཆུ་སྡོང་བོ་ཡི་འདབ་མ་དང་ཡལ་ག་ཡིས་སྲུང་འཛིན་བྱས་ནས་ས་གཞི་ལ་རིམ་གྱིས་བརླན་གཏོང་བ་ལྟ་བུ་དང་། མཁའ་དབུགས་སུ་དབྱང་གཉིས་ཐཱན་རྫས་ཞེས་དུག་རྡུལ་བརྔུབས་ཏེ་མཁའ་དབུགས་གཙང་བཟོ་བྱེད་པ། ད་དུང་ནགས་ཚལ་ལ་གནས་པའི་སྐྱེ་དངོས་དང་སྲོག་ཆགས་གང་མང་མང་ལ་འཚོ་སྡོད་ཀྱི་ཁྱིམ་གཞི་སྐྲུན། ནགས་ཚལ་ནི་སྐྱེ་ཁམས་སྣ་མང༼རྩྭ་རྩི་ཤིང་དང་འབུ་ཕྲ་སོགས་སྲོག་ཆགས་རིགས་མང་ལས་གྲུབ་པ༽གི་ཁམས་གལ་ཆེ་ཤོས་དང་སྐྱེ་ཁམས་སྣ་མང་ཟེར་བ་ནི་ང་ཚོའི་འཚོ་སྡོད་ལ་རིན་ཐང་འཇལ་མེད་ཡོད་པར་ར་སྤྲོད་ཟིན། ད་དུང་ནང་པ་སངས་རྒྱས་ཀྱི་རྗེས་འཇུག་པ་ང་ཚོར་ཚེ་སྲོག་ལ་རྩི་བཀུར་ཡོད་པ་བཞིན་ནགས་རྒན་ཞིག་གི་ཚེ་སྲོག་ནི་མི་ལས་མི་དམའ་ལ་དེས་མིའི་རིགས་ཀྱི་འཚོ་སྡོད་ལ་སྐྲུན་པའི་རིན་ཐང་ནི་ང་ཚོ་སྐྱེ་བོ་རང་ག་བ་ཞིག་གིས་ནམ་ཡང་འགྲན་ཐབས་མེད། དེས་ན་ང་ཚོས་ཤིང་ནགས་རྩ་བ་ནས་གཅོད་མི་ཉན་ཟེར་བ་ཡིན་ནམ་ཟེར་ན། དེ་མིན་སྟེ་ང་ཚོའི་འཚོ་བ་ལ་དགོས་ངེས་ཀྱི་བཀོལ་སྤྱོད་ལ་བག་ཡོད་ཚུལ་ལྡན་ངང་བེད་སྤྱོད་བྱེད་པ། དཔེར་ན་ལོངས་སྤྱོད་དང་མིང་གྲགས་ཀྱི་ཆེད་དུ་དགོས་མེད་ཀྱི་སྐྲུན་འཛུགས་རྒྱ་གང་ཆེན་དང་ཀ་བ་གང་སྦོམ་ལ་འགྲན་པ་ལྟ་བུ་དང་། ནགས་ཚལ་གྱི་ཚེ་སྲོག་ལ་བརྩི་བཀུར་མེད་པར་གང་འདོད་འདོད་དང་ཅི་བསམ་བསམ་གྱིས་ལ་བཅད་ལུང་བཅད་བྱེད་པ་དང་། ཤིང་ག་ཡག་གང་ཡག་ལྟ་བ་ལས་ཐོན་ཁུངས་ལ་སེར་སྣ་དང་ཕངས་སེམས་མེད་པ། སོགས་མི་བྱེད་པར་ཤིང་ནགས་ཀྱི་བཀོལ་སྤྱོད་ལ་འདོད་ཆུང་ཆོག་ཤེས་ཀྱི་ངང་བཀོལ་སྤྱོད་གང་ཉུང་ཉུང་བྱེད་པ། ཤིང་གཅོད་དུས་སྡོང་པོ་གཞན་པ་ལ་གནོད་སྐྱོན་མི་བྱེད་པ། སྡོང་པོ་ཞིག་བཅད་དུས་དེའི་ཡན་ལག་སོགས་ཆ་ཚང་བཀོལ་སྤྱོད་བྱེད་པ། བཅད་ཟིན་པའི་ཤིང་ནགས་ལ་དྲིན་གཟོད་དང་འགྱོད་བཤགས་བྱེད་པ། ཤིང་ནགས་ག་ཚོད་བཅད་ན་དེ་ཙམ་གྱི་ནགས་ཕྲུག་རྨོ་བ། ད་དུང་ནགས་རྒན་ག་ཙམ་རྒས་ན་སྐྱེ་ཁམས་ཁོར་ཡུག་ལ་དེ་ཙམ་གྱིས་སྨན་པས་ནགས་རྒན་མི་གཅོད་པ་སོགས་ང་ཚོས་སྒྲུབ་ཐུབ་པ་དང་སྒྲུབ་འོས་པའི་བྱ་བ་གང་མང་ཡོད། རང་རེ་བོད་ཀྱི་མེས་པོ་ཤེས་རབ་ཅན་ཚོས་བཞག་པའི་ཁོར་སྲུང་གི་སྲོལ་རྒྱུན་ལྷ་ཀླུ་གཉན་གསུམ་ལ་བཀུར་ཏེ་གང་འདོད་ཀྱི་ས་སློག་ཤིང་གཅོད་མི་བྱེད་པ་དང་ཤིང་ནགས་ཚེ་ཐར་གཏོང་བ་སོགས་སླར་གསོ་དང་དར་སྤེལ་གཏོང་བ་སོགས། མདོར་ན་ནོར་བུ་རང་ལ་ཡོད་དུས་ནོར་ངོ་ཤེས་དགོས་ཟེར་བ་ལྟར་ང་ཚོའི་ཕུན་སུམ་ཚོགས་པའི་ཁོར་ཡུག་འདི་ཡི་རིན་ཐང་ལ་ངོས་འཛིན་དང་གཅེས་སྤྲས། བདག་སྐྱོང་བྱ་རྒྱུ་གལ་ཆེ་བ་ཡིན་ནོ། །
|