བོད་གདོད་མའི་དུས་ཀྱི་གནས་ཚུལ། ༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས་དྲངས།༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» བོད་ཀྱི་རྒྱལ་རབས། »བོད་གདོད་མའི་དུས་ཀྱི་གནས་ཚུལ། ༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ
བོད་གདོད་མའི་དུས་ཀྱི་གནས་ཚུལ། ༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས་དྲངས།༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/11/28ལྟ་ཀློག (32853)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བོད་གདོད་མའི་དུས་ཀྱི་གནས་ཚུལ།

༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས་དྲངས།༽

       དེ་ཡང་ལོ་རྒྱུས་སྨྲ་བ་ཁ་ཅག་གིས་བོད་ལ་གདོད་མའི་དུས་ཀྱི་ལོ་རྒྱུས་ཤིག་བརྗོད་རྒྱུ་མེད་པར་འདོད་དེ། བོད་ཀྱི་ལོ་རྒྱུས་ནི་བོད་ཆེན་པོའི་དུས་སྐབས་ཏེ་རྒྱའི་ཐང་རྒྱལ་རབས་སྐབས་ནས་མགོ་ཚུགས་པ་ལྟ་བུ་ཞིག་གླེང་བར་གདའ་མོད། འོན་ཏེ་མི་རིགས་གང་ཞིག་ཡིན་ནའང་རང་རང་གི་བྱུང་བ་ངག་ཐོག་གམ་ཡིག་ཐོག་གང་རུང་ལས་བརྗོད་པ་ལས། ཡིག་ཐོག་གི་ལོ་རྒྱུས་བྱུང་བ་འཕྱིས་པས་མི་རིགས་གང་ཡིན་རུང་རང་གི་གདོད་མའི་ལོ་རྒྱུས་ཀྱི་ངག་རྒྱུན་རྣམས་ཕྱིས་ཡི་གེར་བཀོད་པ་གཞིར་བཟུང་ནས་སྨྲ་བའི་དཔེ་ཇི་བཞིན། རང་རེའི་བོད་ཀྱི་གདོད་མའི་ལོ་རྒྱུས་རྣམས་ཀྱང་ཐོག་མར་ངག་རྒྱུན་དང་ཕྱིས་སུ་ཡི་གེར་བཀོད་པ་ཡིན་ཏེ། དཔེར་ན། ༼འབྱུང་བ་སྒོ་ངའི་གཏམ་རྒྱུད་༽དང་། ༼སྤྲ་མི་སྨྲ་བའི་གཏམ་རྒྱུད།༽༼སྲིད་པ་ཆགས་གླུ།༽༼ཨ་མཚར་མཚར་དགུ་༽ལྟ་བུ་རྩོམ་རིག་གི་རྣམ་པ་ཅན་དང་། གཞན་ཡང་གནོད་སྦྱིན་དང་བདུད་སྲིན་ཀླུ་བཙན་ལྟ་བུ་ཆོས་ལུགས་ཀྱི་རང་བཞིན་ཅན་སོགས་མང་པོ་ཡོད་པ་རྣམས་ནི་བོད་གདོད་མའི་དུས་སྐབས་ཀྱི་ལོ་རྒྱུས་ཤ་སྟག་ཡིན་པ་ཤེས་དགོས། དེ་ལྟར་ང་ཚོ་བོད་གངས་ཅན་གྱི་ཡུལ་འདི་ཡང་འཇིག་རྟེན་སྤྱིའི་སྣོད་བཅུད་ཆགས་ལུགས་དང་མཐུན་ལ། སྒོས་སུ་འགྲོ་བ་མིའི་རིགས་ཀྱི་ཐོག་མ་བྱུང་ཚུལ་ཡང་མིའི་རིགས་སྤྱི་ལས་གཉིས་སུ་མེད་པར་རང་གི་རིགས་རྒྱུད་ཀྱི་ཐོག་མ་ནི་བོད་རང་ས་ནས་སྐྱེ་འཕེལ་བྱུང་སྟེ། སྤྲ་ནས་མིར་གྱུར་པའི་དུས་རིམ་ངེས་ཅན་དང་སྨྲ་ཤེས་ཤིང་དོན་གོ་བའི་མཚན་ཉིད་ཚང་བའི་ལོ་རྒྱུས་འཕེལ་རྒྱུས་ཀྱི་དུས་ཡུན་རིང་པོ་ཞིག་བརྒྱུད་པར་བརྟེན། གདོད་མའི་དུས་ལ་གོས་སུ་ཤིང་ལོ་གྱོན་པ་དང་ཟས་སུ་མ་རྨོས་པའི་ལོ་ཏོག་ཟ་བའི་གནས་ཚུལ་དེ་བསྒྱུར་ནས། རི་དྭགས་རྔོན་པ་དང་པགས་པ་གྱོན་པའི་སྲོལ་བྱུང་བར་མ་ཟད། རི་དྭགས་འབྲོང་དང་རྐྱང་སོགས་བཟུང་ནས་གཡུང་ཕབ་སྟེ་སྒོ་ཕྱུགས་འཚོ་སྐྱོང་བྱས་པས་ཐོག་མར་ཕྱུགས་ལས་ཐོན་སྐྱེད་དར་བ་དང་། རིམ་གྱིས་ས་རྒོད་ཞིང་དུ་རྨོས་ཤིང་སོ་ནམ་བྱས་པར་བརྟེན་ཞིང་ལས་ཀྱི་སྲོལ་དར་བ་བཅས་ཀྱིས། བོད་སྤྱི་ཚོགས་ཀྱི་དཔལ་འབྱོར་གཞི་རྩ་ནི་ཕྱུགས་ལས་གཙོ་བོ་དང་ཞིང་ལས་ཟུང་འབྲེལ་ལྟ་བུའི་ལམ་ལུགས་ཐོག་མར་ཆགས་པ་ཡིན་ནོ། །

    བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་བོད་ལ་གདོད་མའི་དུས་སུ་ཐོག་མར་སེ་རྨུ་ལྡོང་སྟོང་ཞེས་རིགས་རུས་ཀྱི་དབྱེ་བ་ཆེན་པོ་བཞི་བྱུང་བར་བཤད་ཅིང་། དེ་ལ་དཔྲ་དང་འབྲུ་བྱ་བའི་རུས་ཚན་གཉིས་བསྣན་པས་རིགས་རུས་ཆེན་པོ་དྲུག་བྱུང་བ་སྟེ་བོད་ཀྱི་མིའུ་གདུང་དྲུག་ཅེས་གྲགས་པ་སོགས་ནི། སྐབས་དེའི་བོད་གདོད་མའི་སྤྱི་ཚོགས་ཀྱི་རུས་རྒྱུད་ཚོ་བ་ཆེན་པོ་མི་འདྲ་བ་དྲུག་ཡིན་པར་ངེས་ཤིང་། དེ་ཡང་རྒྱལ་པོ་བཀའི་ཐང་ཡིག་ལས། “བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ༔ སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༔ དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ༔ ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུ་བཏགས༔ སྔ་རྟགས་གཉེན་པོ་བཙན་པ་དེ་ནས་བྱུང༔ དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ༔ མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས༔ སྔ་རྟགས་ཤ་ཟ་གདོང་བ་དམར་བ་བྱུང༔ དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ༔ ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུ་བཏགས༔ སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང༔ དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ༔ ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས༔ སྔ་རྟགས་མདའ་མདུང་མཚོན་ཆ་དེ་ལས་བྱུང༔” ①ཞེས་སོགས་ཟ་རམ་སྐྱེས་དྲུག་དང་རྒྱལ་ཕྲན་བཅུ་གཉིས་ལ་སོགས་པས་རིམ་བཞིན་སྤུར་རྒྱལ་མ་བྱུང་གོང་ལ་བོད་ཁམས་ལ་དབང་བྱས་པར་བཤད་ཅིང་། ༼ཆོས་འབྱུང་མཁས་པའི་དགའ་སྟོན་༽དུའང་ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ་དྲངས་ཏེ་འདི་དང་མཚུངས་པའི་མངའ་མཛད་བཅུར་བཤད་པ་བཅས་ནི། བོད་གདོད་མའི་སྤྱི་ཚོགས་སུ་ཡུལ་གྲུ་འདི་དག་ལ་བྱོན་མྱོང་བའི་འབྲོག་སྡེའམ་རུས་རྒྱུད་ཀྱི་ཚོ་བ་ཁག་གི་མགོ་གཙོ་ཡིན་པ་དང་། དེ་དག་ལ་གནོད་སྦྱིན་དང་བདུད་སྲིན་ཀླུ་བཙན་སོགས་ཀྱི་མིང་གིས་འབོད་པ་ནི་གདོད་མའི་དུས་སུ་རང་ལས་བཙན་པའི་ཚོ་དཔོན་དག་ལ་མིང་གཉན་པོ་འདོགས་སྲོལ་བྱུང་བ་ནི་དུས་ཕྱིས་བོད་ཀྱི་རྒྱལ་པོར་བཙན་པོ་ཞེས་པ་བཏགས་ལྟ་བུས་མཚོན་ནུས་སོ། །

    ཁོ་ཚོ་ཕན་ཚུན་བར་འཕྲོག་རྩོད་ཀྱི་དམག་འཁྲུག་རྒྱུན་ཆད་མེད་པར་བྱས་སྟབས། རིམ་གྱིས་རྒྱལ་ཕྲན་སིལ་མ་མང་པོའི་ཚུལ་དུ་ཆགས་ནས་དུས་ཡུན་རིང་པོ་ཞིག་འདས་པ་རེད། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ཙམ་ལ་སླེབས་དུས་བོད་ཡུལ་ན་རྒྱལ་ཕྲན་སིལ་མ་བཅུ་གཉིས་སམ་བཞི་བཅུ་ཙམ་ཡོད་པར་གྲགས་ཤིང་། ༼དེ་དག་གི་རྣམ་གྲངས་ནི་ལོ་རྒྱུས་དེབ་ཐེར་དང་ཏུན་ཧོང་ཡིག་ཆ་བཅས་སུ་བཀོད་ཡོད་མོད། ལ་ལ་ཞིག་དུ་ཕྱིས་ཀྱི་རྒྱལ་ཕྲན་དུ་ངེས་པར་བརྟག༽ གང་ལྟར་རྒྱལ་ཕྲན་བཅུ་གཉིས་པོ་དེ་ནི་ཏུན་ཧོང་ཡི་གེར་“གནའ་ཡུལ་ཡུལ་ན་རྒྱལ་པྲན་༼ཕྲན༽དང་བློན་པོ་འདི་ལྟར་བབ་སྟེ། མྱི་མང་གི་རྗེ། ཡུལ་ཆེའི་བདག་བྱེད་བྱེད་པ་ལས། རྒྱལ་པོ་བཙན་པ་དང་། བློན་པོ་འཛངས་པ་དཀུའ་ཆེ་བ་རྣམས་ཀྱིས་གཆིག་ཤིག་གཆིག་བརླག་སྟེ། འབངས་སུ་བཀུག་ན། མཐའ་མ་འོ་སྡེ་སྤུ་རྒྱལ་གྱི་དབུ་རྨོག་མ་ཐོབ། མར་ནི་ལྷ་ནར་གྱིས་མནརད། ཐུན་ནི་རྗེ་ཐུན་གྱིས་བཐུན་༼མཐུན་༽ཏེ་བཀུག་གི་” ②ཞེས་བཀོད་པ་བཞིན་རྒྱལ་ཕྲན་རྣམས་ཕན་ཚུན་འཕྲོག་རྩོད་དང་དམག་འཁྲུག་མང་པོ་བྱས་པས། མཐའ་རྔ་མར་སྤུ་རྒྱལ་གྱི་བཙན་པོ་ཐོག་མ་འོ་ལྡེ་སྤུ་རྒྱལ་ལམ་རྒྱལ་པོ་གཉའ་ཁྲི་བཙན་པོའི་འགྲན་ཡ་མ་ནུས་ཏེ་ཕལ་ཆེར་སྤུར་རྒྱལ་པའི་ཆབ་འོག་ཏུ་འདུས་ཤིང། དེ་ཡང་བོད་ཀྱི་ལོ་རྒྱུས་སྟེང་རྗེ་འབངས་ཀྱི་དབྱེ་བ་ཐོག་མར་བྱུང་བ་དང་བོད་ཀྱི་སྤྱི་ཚོགས་རུས་རྒྱུད་ཚོ་བ་ནས་རྒྱལ་ཁབ་ཀྱི་རྣམ་པ་ཐོག་མར་བྱུང་བ་དང་བོད་ཀྱི་སྤྱི་ཚོགས་རུས་རྒྱུད་ཚོ་བ་ནས་རྒྱལ་ཁབ་ཀྱི་རྣམ་པ་ཐོག་མར་བྱུང་བ་ཡིན་པས། སྐབས་འདི་ཡང་བོད་གདོད་མའི་སྤྱི་ཚོགས་ནས་བྲན་གཡོག་སྤྱི་ཚོགས་སུ་སླེབས་མགོ་བརྩམས་པའི་དུས་ཡིན་པར་ངེས་ཤིང་། དེ་ནས་བཟུང་བོད་ཆེན་པོ་གཅིག་གྱུར་ཡོང་བའི་ཐོག་མའི་རྨང་གཞིའང་བྱུང་བ་ཡིན་ནོ། །

    དེ་ལྟར་བོད་གདོད་མའི་དུས་སྐབས་ཡུན་རིང་པོ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་སྣ་ཚོགས་བརྒྱུད་པར་བརྟེན། བོད་མི་རིགས་ཀྱང་ཀླ་ཀློ་དང་ཤེས་རྨོངས་དུས་སྐབས་ནས་ཤེས་རིག་ལྡན་པའི་དུས་རབས་སུ་འཕེལ་རྒྱས་སུ་སོང་བ་ཡིན་ཏེ། ཡང་གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་འགྱུར་ལྡོག་དང་གསང་བའི་མཐིལ་རྣམས་རྟོགས་པར་མ་ནུས་པས། ནམ་མཁའ་དང་ཉི་ཟླ་གཟའ་སྐར་དང་རི་བོ་ཆུ་བོ་དང་རང་གི་མེས་པོ་སོགས་ལ་དད་མོས་ཀྱི་གནས་སུ་སོང་ནས་ལྷ་རུ་བཀུར་བར་བརྟེན་གདོད་མའི་དུས་ཀྱི་ཆོས་ལུགས་བྱུང་བར་གྱུར། བོད་ཀྱི་གདོད་མའི་ཆོས་ལུགས་ནི་རང་གི་ལོ་རྒྱུས་ཡོངས་གྲགས་ལྟར་ན་སྒྲུང་ལྡེའུ་བོན་གསུམ་བཅས་དར་བར་བཤད་ལ། དེ་དག་ཀྱང་ལོ་རྒྱུས་འཕེལ་རིམ་མི་འདྲ་བའི་ནང་ཐོག་མར་བྱུང་བའི་ཆོས་ལུགས་ཀྱི་རྣམ་པ་ཙམ་ཡིན་ལ། བོད་གདོད་མའི་དུས་ཀྱི་རིག་གནས་ཀྱང་མཚོན་པ་ཡིན། དེ་ཡང་སྒྲུང་ཞེས་པ་མ་སངས་ཀྱི་སྒྲུང་ལྟ་བུ་འཆད་ཉན་དང་། ལྡེའུ་ཞེས་པ་སྲང་ལ་ཐེམ་གཉེར་ལྦ་ཅན་ཅི་ཡིན་༼རྒྱ་མ་༽ཟེར་བ་ལྟ་བུ་ཁེད་ཀྱི་རྣམ་པ་ཙམ་དུ་གནའ་དེང་མཁས་པ་ཀུན་གྱིས་འགྲེལ་ལ། ཡང་དེང་རབས་བློ་གསལ་ཞིབ་འཇུག་པ་ཚོས་བོད་དམངས་ཁྲོད་དུ་དར་བའི་བོན་ལུགས་ཀྱི་ཆོ་ག་ལེའུ་ཞེས་པ་དེ་ལྡེའུ་དང་། ལྡེའུ་ནི་ལྷའུ་ཡི་དོན་ཡིན་པར་བསྒྲུབས་ཡོད་པས་③དེར་མུ་མཐུད་བརྟག་པར་བྱ་བའི་གནས་ཡིན་ལ། ཡོངས་གྲགས་སུ་སྒྲུང་དང་ལྡེའུ་གཉིས་ཀྱི་རྨང་གཞི་ལས་འཕེལ་རྒྱས་བྱུང་བ་ནི་བོན་ལུགས་ཀྱི་བརྡོལ་བོན་བྱ་བ་འདྲེ་སྲི་གནོན་པ་དང་རྒན་ལྷ་མཆོད་པ་ལྟ་བུ་སོགས་སྲིད་པ་རྒྱུད་ཀྱི་བོན་བྱ་བ་ཆོས་ལུགས་ཀྱི་རྣམ་པར་གྱུར་ཅིང་། དེ་རིམ་གྱིས་དར་བས་འཁྱར་བོན་དང་བསྒྱུར་བོན་བྱ་བ་བྱུང་ནས་ཕྱིས་ཀྱི་གཡུང་དྲུང་བོན་ལུགས་འཕེལ་བའི་མ་གཞིར་གྲུབ་དང་། ཐོག་མའི་བརྡོལ་བོན་ནམ་གདོད་མའི་བོན་ལུགས་ནི་བོད་ཀྱི་ཤེས་རིག་དང་ཤེས་རིག་བོད་པ་དར་བའི་རྒྱུ་རུའང་གྱུར་པ་ལགས་སོ། །


མཆན།

① ༼བཀའ་ཐང་སྡེ་ལྔ་༽ཞེས་པའི་ཤོག་ངོས་༡༡༢ནས༡༡༣བར་གསལ།

②  ༼ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་༽ཞེས་པའི་ཤོག་ངོས་༩༧པར་གསལ།

③  ངག་དབང་རྒྱ་མཚོས་བྲིས་པའི་༼བོན་པོ་ལ་ལེའུ་(ལེ་གུ)ཞེས་པའི་འབྱུང་ཁུངས་དང་དེའི་གོ་དོན་མཐའ་དཔྱོད་༽ཅེས་པ་༼ཀྲུང་གོའི་བོད་རིག་པ་༽༢༠༡༡ལོའི་དེབ་༣པར་གསལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45481777
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1