རུས་ཀོག་གི་སྙན་རྩོམ་ཁ་ཤས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »རུས་ཀོག་གི་སྙན་རྩོམ་ཁ་ཤས།
རུས་ཀོག་གི་སྙན་རྩོམ་ཁ་ཤས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/1/10ལྟ་ཀློག (2381)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཆང་ཕོར་ཁ་ཡི་ཕྱེ་ལེབ།

རུས་ཀོག  (དཀར་མཛེས)

ཕྱེ་མ་ལེབ་ཀྱི་གཤོག་རྩ་ཆར་བས་བརླན། །
སྒྲོ་ཐིག་གཟི་བྱིན་ཉི་མའི་ཟེར་གྱིས་ཕྲོགས། །
བརྒྱལ་ནས་སྣང་ཆ་ཅི་ཡང་མེད་དེ་ཡལ། །
སྦྲང་མ་མགྲིན་སྙན་སེམས་ཀྱི་དཀྱིལ་ན་ཉལ། །

བྱ་བརྒྱའི་འདུས་ར་ནགས་ཀྱི་ཡལ་འདབ་ན། །
ཁུ་བྱུག་སྤྲོ་བས་མགྲིན་གླུ་དབྱངས་སུ་བོས། །
ལོ་མ་འཐོར་པོའི་སྡོང་རྒན་རུལ་ཐོག་ནས། །
འཇོལ་མོའི་རྣ་བ་ཁུ་བྱུག་ཕྱོགས་སུ་འཁྲེངས། །

ནམ་མཁའི་དབྱིངས་ཀྱི་ཟླ་བའི་འོད་ཟེར་ལ། །
ས་སྟེང་སྐྱེ་འགྲོས་སེམས་རྩ་གླན་ནས་ཡོད། །
ཁྱེད་དང་འུ་གཉིས་དེ་ཡི་གྲས་གཏོགས་ཕྱིར། །
ཚོར་ཟིལ་གཅིག་གིས་ལྷ་ཡི་ཞིང་ནས་འཕྲོད། །

ཐོག་མའི་ཞིང་ན་ལྷ་མོས་གར་འཁྲབ་མང་། །
ཚོཊ་བདག་རྒྱལ་པོའི་སོར་རྩེས་སྒྲ་བྱུང་སྙན། །
བསྐལ་པ་འགའ་ལ་ཞིང་གི་བཀོད་ཚུལ་ཡག །
སྟོང་པ་ཆོས་སྐུའི་ངོ་བོ་འགྱུར་བར་མུག །

སྒྲོ་ཟད་ཤོག་བྱའི་མལ་ས་རླུང་གིས་གཏོར། །
སྣང་བའི་ཁ་དོག་གོས་ཁྲའི་རི་མོ་བཞིན། །
རྒྱང་ནས་རྒྱང་ལ་རླུང་སྒྲོ་བཏེགས་ཏེ་འཕུར། །
སྐྱོ་བས་མནར་གྱིན་འཆི་བ་སུ་ཡིས་རྟོགས། །

མཚན་མོར་སྨག་རུམ་སྐར་མ་སྨིན་དྲུག་མཐོང་། །
འདི་ཡི་རྗེས་སུ་སེམས་འགྱུ་དོག་ཙམ་འབྲང་། །
བརྩེ་བའི་གླིང་གི་སྙིང་གྲོགས་འཕྲད་པ་དྲན། །
ཅི་སྣང་མེད་པར་ཧད་དེ་ཅུང་ཙམ་བརྒྱལ། །

རོ་བདག་མེད་པའི་དུར་སའི་ཡང་བསྐྱར་སོས། །
རྣམ་ཤེས་ཕྲ་མོ་ད་དུང་མཁའ་ནས་རྒྱུ། །
ཟེ་འབྲུ་རོ་ཆགས་ར་ཡིག་གར་སོང་བོར། །
དམུས་ལོང་གྲོག་མས་ནམ་རྒྱུན་ཁྱེད་རང་བཙལ་། །

སྙན་བརྒྱ་ཚངས་སྲས་ལྷ་མོའི་ངག་ནས་བརྐུས། །
ཁྱེད་ཕྱོགས་གཏོང་བར་སྤྲོ་བ་ངང་གིས་འཕེལ། །
ཐོད་པའི་ཨ་ཡིག་མཛུབ་མོས་མ་བྲད་ཀྱང་། །
བགོ་སྐལ་ཆུང་ཕྱིན་འཕྲིན་ཡིག་འོག་ནས་བལྟས། །
       2014   9   5 ལ་གྲུབ།


རྡུལ་གྱིས་བརྫིས་པའི་རི་བོ་ཧི་མ།

                

བསྐལ་བ་བསྐལ་བར་ཡབ་ཡུམ་ཟུང་འཇུག་བྱས། །
བསགས་རྡུལ་རྫས་རྡུལ་ལུས་ཀྱི་ཆ་རུ་སྤྲུལ། །
རི་བོ་ཧི་མ་དེ་ཡི་སྲས་སུ་འཁྲུངས། །
དབྱིབས་མདོག་གང་ཡིན་སོ་སོའི་བསམ་ཕྱོགས་ཙམ། །

ཆུ་གནས་སྲོག་ཆགས་རི་བྲག་རེག་བྱར་སྐྲག །
རི་བྲག་སྐྱེ་དངོས་རླན་ལ་བག་ཡང་ཞ། །
ཚོར་བའི་གྲུབ་ཆ་ལུས་ཀྱི་འཛིན་སྟངས་པ། །
འཇིག་རྟེན་སྤྱི་མཐུན་མིན་པ་སུ་ཡིས་ཤོད། །

སྐྱེ་དངོས་ཤེས་བྱ་རྡུལ་གྱི་ཁམས་ནས་བྱུང་། །
འཇིག་རྟེན་གླིང་འདི་རྒྱ་མཚོའི་ངོགས་ནས་འཁྲུངས། །
སྐྱེ་འགྲོ་སེམས་ཅན་འབྱུང་བཞིའི་དབྱིངས་ལ་བསྟིམས། །
ཡོད་ཚད་མི་རྟག་དངོས་པོའི་ཆོས་ལས་གྲུབ། །

འདི་ཕྱི་རེས་མོ་སྣང་བའི་ཆ་ཤས་ཙམ། །
ཡོད་མེད་དོགས་གཅོད་རང་གི་རིག་རྩལ་ཞིག །
འདི་ལ་གཞི་སློང་འཐབ་རྩོད་སྒོར་ཞུགས་པ། །
སྐྱོ་དབྱངས་ཀློང་གི་ཟློས་གར་རིང་མོ་ཡིན། །

ལྟ་བའི་ཐ་སྙད་སེམས་པའི་འགྱུ་ཕྱོགས་ཤིག །
ཚོར་བའི་རུས་མིང་རྣམ་ཤེས་ཆགས་ཚུལ་ཞིག །
ལྟ་བ་ཚོར་བ་སེམས་པའི་རྣམ་གྲངས་ཤིག །
རང་སེམས་ངོས་ཟིན་གདོད་མའི་གཤིས་སུ་གྲུབ། །

འཇིག་རྟེན་འཁོར་བ་དབྱིབས་གཟུཊ་གང་ཡིན་དང་། །
དེ་རུ་འབྱུང་བ་བེམ་ཤེས་ཅི་ཡིན་སོགས། །
རྟོག་དཔྱོད་རིག་པས་སྒྲོ་འདོགས་མི་གཅོད་པར། །
མག་མོག་རབ་རིབ་བདེན་འཛིན་བྱེད་པ་མཚར། །

སྲོག་ཆགས་སྐྱེ་འགྲོ་དབུགས་ཀྱི་ལྒང་ལི་ཞིག །
གཡོ་བའི་འགུལ་སྐྱོད་རླུང་ཁའི་འཇག་སྐྱ་བཞིན། །
མྱི་ཡི་རྣམ་ཤེས་འདི་ལས་ཁྱད་འཕགས་ཤིག །
རྣམ་རྟོག་ཨ་ཕས་ད་དུང་མ་སྟེར་སོང་། །
2014.  10. 25.




འཇག་མའི་ཀི་སྒྲ།

                

ལྷེམ་ལྷེམ་དབུགས་ཀྱིས་གསོས་པའི་མི་རིགས་ཤིག །
ཡོལ་ཡོལ་རྐང་མགོར་འགྲེང་པའི་མི་རིགས་ཤིག །
འཇག་སྐྱ་རླུང་གིས་བསེད་འདྲའི་མི་རིགས་ཤིག །
སྨུག་པ་བློང་བློང་ཁྲོད་ན་མགོ་བོ་འཁོར། །

རྐང་ལག་ཉིང་ལག་ཕྲ་བའི་མི་རིགས་ཤིག །
སྟོབས་ཤུགས་དཔུང་མགོ་ཆད་པའི་མི་རིགས་ཤིག །
མཐུན་སྒྲིལ་རྩོད་གླེང་ནོར་བའི་མི་རིགས་ཤིག །
སྣང་བ་རབ་རིབ་ཁྲོད་ན་མི་ཚེ་འཁྱོལ། །

སྡུག་ལ་ཧུར་བརྩོན་མེད་པའི་མི་རིགས་ཤིག །
སྐྱིད་ལ་རེ་གཏོད་མཐོ་བའི་མི་རིགས་ཤིག །
སྐྱིད་སྡུག་རེས་མོར་རྨོངས་པའི་མི་རིགས་ཤིག །
འགྲན་རྩོད་ཆགས་སྡང་བར་ན་འཚོ་བ་རོལ། །


གཅིག་ཟ་གཅིག་གསོད་རྔམ་པའི་མི་རིགས་ཤིག །
གཅིག་ལ་གཅིག་རྟེན་གོལ་བའི་མི་རིགས་ཤིག །
ཁ་བཤད་ལག་ནས་ཡལ་བའི་མི་རིགས་ཤིག །
འདོད་ཆགས་ཞེ་སྡང་མཉམ་དུ་ལམ་ལ་ཆས། །

མྱི་སེམས་ཁྱི་རུ་རྫུ་བའི་མི་རིགས་ཤིག །
ཆ་མཐུན་ཕག་ལ་འགེལ་བའི་མི་རིགས་ཤིག །
ཕྱི་ནང་འགལ་རྐྱེན་མང་བའི་མི་རིགས་ཤིག །
ཚེ་སྲོག་སྐུད་ཉག་འདྲ་བོ་ཆད་ཉེར་གཏུགས། །       
                                    

                                   2014  10  9



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30r6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42044119
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1