གཅན་ཚའི་མདའ་སྟོན་གྱི་བཤད་པ་སྲིད་པ་རྒད་པོའི་བཞད་སྒྲ།གཅན་​རང་སད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» ཡུལ་སྲོལ་དང་རྒྱུན་ཤེས། »གཅན་ཚའི་མདའ་སྟོན་གྱི་བཤད་པ་སྲིད་པ་རྒད་པོའི་བཞད་སྒྲ།གཅན་​རང་ས
གཅན་ཚའི་མདའ་སྟོན་གྱི་བཤད་པ་སྲིད་པ་རྒད་པོའི་བཞད་སྒྲ།གཅན་​རང་སད།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/2/13ལྟ་ཀློག (2152)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གཅན་ཚའི་མདའ་སྟོན་གྱི་བཤད་པ་སྲིད་པ་རྒད་པོའི་བཞད་སྒྲ།གཅན་རང་སད།

            ༄༅།།མཆོད་མ་ཨ་ཧཱུཾ།(ལན་གསུམ) བླ་མ་ཡི་དམ་མཆོད།སངས་རྒྱས་བྱང་སེམས་མཆོད།དཔའ་བོ་མཁའ་འགྲོ་མཆོད།ཆོས་སྐྱོང་སྲུང་མ་མཆོད།ཡུལ་ལྷ་གཞི་བདག་མཆོད།ཕོ་ལྷ་དགྲ་མཆོད།མདའ་ལྷ་ཝེར་མ་མཆོད་ཟེར་རྒྱུ། (ལགས་སོ---ལགས་སོ)

            ཡ---བཀྲ་ཤིས་དེ་རིང་གནམ་ལ་གཟའ་སྐར་བཟང་། བཀྲ་ཤིས་དེ་རིང་ས་ལ་བྱིན་ཀྱང་ཆགས།།བཀྲ་ཤིས་དེ་རིང་བར་དུ་དགའ་སྟོན་འཕེལ།།བཀྲ་ཤིས་དེ་རིང་ཕུན་ཚོགས་ཉིན་མོ་འདིར།།ཕྱག་ན་པདྨོའི་གདུལ་ཞིང་།གངས་ལྗོངས་ས་ཡི་རྒྱན་གཅིག མདོ་སྨད་རྟ་ཡི་ཆོལ་ཁ།མཁས་པ་མི་གསུམ་དང་ལྷ་ལུང་དཔལ་རྡོར་གྱི་བཞུགས་གནས། ཕྱི་དར་བསྟན་པའི་མེ་རོ་སྦར་བའི་གནས་མཆོག རྨ་ལུང་རྡོ་རྗེའི་བྲག་ར་དང་ཨ་ཆུང་གནམ་རྫོང་ཕྱུག་མོ་བྱིན་ཆགས་ལྷང་ངེར་ཡོད་ས།རྨ་འགྲམ་མཐོང་བ་ཀུན་སྨོན། གཅན་སྲིབ་རིག་པའི་བཙན་རྫོང་། ཧོར་མོ་ཁ་ཡི་ལེ་ལག སྐྱ་རེངས་ལྷ་སྡེ་དཀར་པོ་དང་ཨ་འབྱུང་གཡང་སྡེ་ཕྱུག་མོ་གཉིས་ཀྱིས། ཕ་མེས་ཡང་མེས་རིང་གི་སྲོལ་རྒྱུན་མདའ་རྩེད་རིག་གནས་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ལ་གཏོང་བའི་ཆེད་དུ།གཡང་མདའ་སྐྱིད་སྡུག་ཚོགས་པ་ཚང་གི་སྣེ་ཁྲིད་མགོ་སྡུད་ལ་བརྟེན་ནས།སྡེ་བ་ཕན་ཚུན་བར་ལ་ཁ་ཆེན་བང་ཆེན་བཏང་ནས་ཉི་བཅད་སྐར་བགོས་བྱས་ནས།དེ་རིང་བཀྲ་ཤིས་པའི་ཉི་མ།དོན་འགྲུབ་པའི་ཉི་མ།ཕུན་སུམ་ཚོགས་པའི་ཉི་མ་འདི་ལ།གཞི་སྡེ་སྐྱ་རེངས་ཚང་དང་མགྲོན་སྡེ་ཨ་འབྱུང་ཚང་གཉིས་ཀ་སྐུག་ར་བཀྲ་ཤིས་གཡང་འཁྱིལ་ནང་ནས།སྟག་འདུས་གཟིག་འདུས་ནགས་ལ་འདུས་འདྲ།ཤ་འདུས་དགོ་འདུས་སྤང་ལ་འདུས་འདྲ།ཉ་འདུས་སྲམ་འདུས་མཚོ་ལ་འདུས་འདྲ་ཟིག་འཚོགས་ནས།མདའ་འཕེན་སྒྱུ་རྩལ་གྱི་ལྟད་མོ་སྨྲ་བསམ་བརྗོད་ལས་འདས་ནི་ཟིག་བསྟན་ཐལ།མདའ་འབོད་འབྲུག་སྒྲ་ལྡིར་ལྡིར་བྱེད་ཀི མདའ་མོ་གློག་དམར་འཁྱུག་འཁྱུག་བྱེད་ཀི མདའ་བསུ་ཁྲུང་ཁྲུང་འཕུར་འཕུར་བྱས་ནས།མདའ་སྟོན་མྱི་དགའ་ལྷ་དགའི་ངང་ལ།གཟུགས་འཛིན་མིག་གི་ལོངས་སྤྱོད།དྲན་འཛིན་ཡིད་ཀྱི་གསོས་སྨན།ལྟ་བས་ཆོག་མི་ཤེས་ནི།བསམ་པས་བློ་ལས་འགོངས་ནི་ཟིག་འཚོགས་ཐལ་ཟེར་རྒྱུ།(ལགས་སོ---ལགས་སོ)

            ཡ---དེ་ནས་གཞི་སྡེ་སྐྱ་རེངས་ཚང་གིས་དྲི་སྐུལ་རིང་ཐུང་བཅོ་བརྒྱད་བཟུང་ནས།མགྲོན་སྡེ་ཨ་འབྱུང་ཕྱུག་མོ་ཚང་སྐྱིད་ཀྱི་འདུ་ར་ཁྲ་མོའི་ནང་ལ་བསུ་སྲོལ་ཡག་ཀི  བཟའ་བཅའ་ཡི་རི་རབ་བརྩིགས་ཡོད་ཀི བྱ་རྒོད་པོ་མིན་ན་འཕུར་དཀའ་ཀི  ཇ་ཆང་གི་མཚོ་མོ་བསྐྱིལ་ཡོད་ཀི  ཉ་གསེར་མིག་མིན་ན་རྐྱལ་དཀའ་ཀི དཀྱིལ་གྲལ་བལྟས་ན་དཀྱིལ་གྲལ་ཡག་ཀི དཀྱིལ་གྲལ་ཉི་མ་ཤར་འདྲ་རེད། གཡས་གྲལ་བལྟས་ན་གཡས་གྲལ་ཡག་ཀི གཡས་གྲལ་ཟླ་བ་ཚེས་འདྲ་རེད། གཡོན་གྲལ་བལྟས་ན་གཡོན་གྲལ་ཡག་ཀི  གཡོན་གྲལ་སྐར་ཚོགས་ཤར་འདྲ་རེད།དེས་ན་དེ་རིང་བདག་གཞི་མགྲོན་གཉིས་ཀས་མཐུན་སྒྲིལ་གྱི་གཤོག་ཡངས་བརྐྱངས་ཤིང་མཛའ་གཅུགས་ཀྱི་ལག་གདང་སྦྲེལ་ནས།ཐུགས་དལ་དལ་དང་གསུང་ལྷོད་ལྷོད་ཀྱི་ངང་ལ་རྟ་རིན་ཟིག་རྩེད་ནས་ལུག་རིན་ཞིག་བགད་ནས་དགའ་དགའ་སྤྲོ་སྤྲོས་གླུ་ལེན་གར་རྩེད་ནམ་ལངས་ཉི་མ་ཤར་འདྲ་ཟིག་བྱེད་རྒྱུ་ངེད་འདིར་ཚོགས་ཚང་མའི་རེ་བ་ཡིན་ཟེར་རྒྱུ།(ལགས་སོ)

            ཡ---ད་ངས་དེ་རིང་གི་གཞི་སྡེ་སྐྱ་རེངས་ཚང་ལ་བསྟོད་པ་རྣམ་གསུམ་ཟིག་བྱས་ན།བསིལ་མོ་སྒང་གི་གཞི་འཛིན།ཐུ་བྷོད་བཙན་པོའི་རྒྱུད་པ།རལ་བ་ཅན་གྱི་བློན་ཆེན།དགའ་ཆེན་ཡེ་ཤེས་དར་རྒྱས།བུ་ཆེན་བརྒྱད་ཀྱི་འཁོར་བཅས།མདོ་སྨད་ཙོང་ཁའི་ཡུལ་ལ་ཕེབས་ནས།རྨ་ཀླུང་ལྷོ་བྱང་གཉིས་སུ་གཞི་བཟུང་སྟེ།ལ་གཅན་ཁྲལ་སྡུད་ཀྱི་བྱ་བ་བྱས་ནས།གཅན་ཚ་ཉིན་སྲིབ་གཉིས་སུ་གྲགས་ཟིག  སྐྱེ་རྒྱུད་རིགས་ཀྱིས་མཐོ་ཞིང་དཔུང་ཤེད་སྟོབས་ཀྱིས་དར་བའི་བུ་རབས་ཚ་རྒྱུད་མང་དུ་འཕེལ་བའི་བསྟི་གནས།ཇི་སྐད་དུ།གཅན་རོང་ལོ་རྒྱུས་ཚིགས་བཅད་མ་ལས།བཙན་བརྗིད་དཔལ་གྱིས་མངོན་པར་མཐོ་བའི་ཞབས།།དཔའ་རྒོད་སྟོང་སྡེའི་སྤྱི་བོར་ངལ་གསོ་བ།།མཁས་མཛངས་ཉི་ཟླས་འཁོར་ལོ་བསྒྱུར་བའི་མགོན།།ཁྲི་དཔོན་རྡོ་རྗེ་ལྷུན་གྲུབ་འདི་རུ་བྱོན།།ཞེས་འབྱུང་བ་ལྟར།།གནམ་བསྐོས་ཆོས་རྒྱལ་རིམ་བྱོན་གྱི་ལུང་ལས་ཀྱིས་མངོན་པར་མཐོ་བའི་མི་རྗེ་ས་ཡི་དབང་ཕྱུག བྱུ་རུ་སྔོན་མོའི་ཏོག་ཅན།རྨྱ་ཡ་སྔོན་མོའི་སྒྲོ་ཅན། ལྕག་པུས་ཐོག་ཏུ་བཙུགས་ནས།གཟུ་རྟ་ཐོག་ནས་བཤད་མཁན།ཐེལ་ཐམ་གའི་བདག་པོ།ཚངས་པ་ཆེན་པོའི་བློའི་བྱེད་པ་འཆང་བའི་ཤ་བཟང་ཐང་གི་ཁྲི་དཔོན་ཆེན་པོའི་མངའ་ཞབས།སྐྱ་རེངས་ལྷ་སྡེ་དཀར་པོ་འདི་ལ་མཚོན་ན།དྲོད་ཁོལ་ཉི་ཟེར་གྱི་འོད་སྣང་སྤྱི་བོས་ལེན་པའི་སྲིན་པོ་རྫ་རྒྱུད་ཀྱི་དཔུང་རྡང་རིང་མོ།དབང་ཕྱོགས་རྨ་ཀླུང་གི་ཐད་དུ་བརྐྱངས་པའི་ཁུགས་སྣེ།གཡུ་འབྲུག་ཆུ་འཐུང་གི་རི་དབྱིབས་མཚར་པོས་གཡས་གཡོན་གསེར་ལྡན་གྱི་ཕང་བར་འཁྱུད་པའི་དཀྱིལ་དབུས།ཆར་སྤྲིན་མེ་ཏོག་གི་བདུད་རྩིའི་ཐིགས་ཕྲེང་རྐང་པས་འཐུང་བར་བྱེད་པའི་ལྗོན་ཤིང་སྣ་ཚོགས་ཀྱི་ཡལ་ག་ཕྱོགས་བཞིར་རྒྱས་པའི་ཁོངས་གསེང་།ཕུ་ན་སྐྱེས་རི་ཡི་དབུ་འཕང་དགུང་ལ་བསྙེགས་པ།མདོ་ན་མཁར་གྲོང་གི་རྩ་བ་བརྟན་ལ་བརྗིད་པ།བར་ན་ས་ཞིང་གི་སྣེ་མོ་ཐང་ལ་བརྡལ་བ།གནམ་འཁོར་ལོ་རྩིབས་བརྒྱད།ས་པདྨ་འདབ་བརྒྱད།ཁོར་ཡུག་བཀྲ་ཤིས་རྟགས་བརྒྱད་ཀྱི་ས་དབྱིབས་མཛེས་ཤིང་ཕུན་སུམ་ཚོགས་པའི་གནས་འདིར།གནའ་སྔ་མོའི་དུས་ནས་ཐུགས་བསྐྱེད་ཀྱི་དཔུང་བ་བརྟན་པོས་བཤད་སྒྲུབ་ཀྱི་གདུགས་དཀར་བླ་ནས་བླ་རུ་འདེགས་པའི་སྐྱེས་ཆེན་དམ་པ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཟིག  ལུང་རིགས་སྒྲ་དབྱངས་ཀྱི་ང་རོ་སྲིད་མཐར་སྒྲོག་པའི་བཤེས་གཉེན་ཆེན་པོ།མཁྱེན་རབ་ཤེལ་དཀར་གྱི་མེ་ལོང་ལ་ལྔ་རིག་ཤེས་བྱའི་རོལ་སྒེག་འཛིན་པའི་མཁས་པ་མང་པོ།གོས་དཀར་ལྕང་ལོའི་རྒྱན་ཕྲེང་ཡོངས་སུ་འཛིན་པའི་སྔགས་འཆང་རིག་པ་འཛིན་པ།ལྷ་སྔགས་ཏིང་འཛིན་ལ་མངའ་བརྙེས་པའི་རྟོགས་ལྡན་གྲུབ་པའི་དབང་པོ།གཤིན་རྗེ་ཁྲོས་པ་ལྟ་བུའི་དཔའ་དང་རྟུལ་ཕོད་པས།མི་བསྲུན་དགྲ་སྡེ་འཇོམས་པ་ལ་སྙིང་སྟོབས་དང་སྒྱུ་རྩལ་ལ་བྱང་བའི་སྟག་ཤར་དཔའ་བོ།དངོས་པོ་སྣ་ཚོགས་ཀྱི་བང་མཛོད་མཁར་དུ་བརྩིགས་པའི་ཁྱིམ་བདག་སོགས་བསོད་ནམས་ཀྱི་སྟོབས་འཕེལ་ཞིང་།མངའ་ཐང་གི་མཐའ་རྒྱས་པ།དཔལ་འབྱོར་གྱི་མཚོ་བརྡོལ་བ།ལུགས་གཉིས་ཀྱི་དཔལ་འཕེལ་བ།སྙན་གྲགས་ཀྱི་སྒྲ་ཆེ་བ་དང་།སྐྱེ་རྒྱུད་རིགས་ཀྱིས་མཐོ་བ།དཔུང་ཤེད་སྟོབས་ཀྱིས་དཔའ་བ།འཛད་མེད་ནོར་གྱིས་ཕྱུག་པ།ཉེ་འབྲེལ་རྩ་ལག་གིས་བརྗིད་ཅིང་བསོད་ནམས་ཆོས་འབྱོར་གྱིས་མཛེས་པའི་མཐོང་བ་ཀུན་སྨོན་གྱི་གནས་མཆོག་བསྔགས་པར་འོས་ཤིང་དོན་ལ་གནས་པ་ཟིག་རེད་ཟེར་རྒྱུ།(ལགས་སོ----ལགས་སོ)

            ཡ---དེ་ལྟ་བུའི་ཡུལ་ཁམས་འདིར་གཉུག་མར་གནས་པའི་སྐྱེ་བོ་རྣམས་ཀྱང་རང་བཞིན་དྲང་ལ་དཔའ་ཞིང་རྟུལ་ཕོད་པ།མགྱོགས་ཤིང་བང་སྐྱེན་པ།ཁ་གསལ་ལ་ཁོག་ཡངས་པ།གཞུང་བཟང་ལ་ཁྲེལ་ཡོད་པ།དགེ་ཕྱོགས་ལ་དད་གུས་ཆེ་བ།།ནག་ཕྱོགས་ལ་ཕམ་ཁ་སྟེར་བ།རང་ཕྱོགས་ལ་རྒྱལ་ཁ་ལེན་པ་ཤ་སྟག་ཡིན་པས།ལྷ་དབང་བཞིན་དུ་གཟི་བརྗིད་ཆེ་ཞིང་།དབང་ཕྱུག་བཞིན་དུ་ཁ་དྲག་བཙན་པ།ཁྱབ་འཇུག་བཞིན་དུ་དཔའ་རྩལ་ཆེ་བ།མི་ཆོས་ཀྱི་གཏམ་ལ་མཁས་ཤིང་ལོ་རྒྱུས་ཀྱི་དགེ་ཐོན་པ།ཁ་ལས་དགེ་ལ་ཁ་ལྕེ་བདེ་བ།ཁ་བཟང་བསྐྱིལ་ནས་ཁ་སེམས་བདེ་ཐོག  མཁྱེན་རབ་ཀྱི་རྩལ་འགྲན་ན་ཚངས་པ་ཆེན་པོ་ཡིན་ཡང་ཟིལ་གྱིས་གནོན་པ།སྨྲ་མཁས་ཀྱི་གཏམ་གླེང་ན་ལྷ་དབང་བརྒྱ་བྱིན་ཡིན་ཡང་ཁ་འགོག་པ།བཙན་ཕྱུག་གནོད་སྦྱིན་ལས་ལྷག་པ།ལོངས་སྤྱོད་ཀླུ་ཡུལ་ལས་བཟང་བ།གཟི་བྱིན་ཉི་ཟླ་ལས་རྒྱས་པ།སྙན་གྲགས་འབྲུག་སྒྲ་ལས་མཐོ་བ།བལྟས་ན་གངས་དཀར་ལས་མདངས་གསལ་བ།ཉན་ན་པི་ཝང་ལས་སྒྲ་སྙན་པ།ཆོས་ཕྱོགས་ལ་ཕྱག་རྗེས་ཆེ་བ།སྲིད་ཕྱོགས་ལ་མཐའ་རྒྱ་ཆེ་བ།བརྩིས་ན་མི་ཚར་བ།བརྗོད་ན་མི་ལང་བ་ཞིག་རིམ་པར་བྱོན་ནས།ལྷ་ཡི་དཔལ་དང་ཀླུ་ཡི་འབྱོར་བ།སྣོད་དང་བཅུད་ཀྱི་ཕུན་ཚོགས།སྲིད་དང་ཞི་བའི་ཕྱཱ་གཡང་།རྒྱ་གར་གྱི་ཆོས་དང་རྒྱ་ནག་གི་གོས་དར་སོགས་དབང་དུ་བསྡུས་ཏེ།སྟོབས་འབྱོར་ཆུ་གཏེར་འཕྱུར་བའི་རླབས་ཕྲེང་།རླུང་རྟའི་དར་ཆེན་གཡོ་བའི་བ་དན།སྙན་པའི་དུང་དཀར་གྲགས་པའི་རང་སྒྲ་སོགས་འཇིག་རྟེན་གྱི་དགེ་མཚན་མཐའ་དག་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་དང་འཕེལ་བཞིན་ཡོད་ཀི་ཟེར་རྒྱུ།(ལགས་སོ----ལགས་སོ)

            ཡ--- ད་ངས་དེ་རིང་གི་མགྲོན་སྡེ་ཨ་འབྱུང་གཡང་སྡེ་ཕྱུག་མོ་ཚང་ལ་བསྟོད་པ་རྣམ་གསུམ་རེ་བྱས་ན།ལྷ་ཡུལ་མེ་ཏོག་གླིང་།ཀླུ་ཡུལ་རིན་ཆེན་གླིང་།རྒྱ་གར་འཕགས་པའི་གླིང་།སྟག་གཟིག་ནོར་གྱི་གླིང་།ཨོ་རྒྱན་མཁའ་འགྲོའི་གླིང་།རྒྱ་ནག་ངོ་མཚར་གླིང་།བོད་ཡུལ་ཆོས་ཀྱི་གླིང་ཞེས་གླིང་ཆེན་པོ་བདུན་དུ་གྲགས་པའི་ནང་ཚན།བོད་ཡུལ་ཆོས་ཀྱི་གླིང་འདི་ལ།དབུས་གཙང་ཆོས་ཀྱི་ཆོལ་ཁ།མདོ་སྟོད་མིའི་ཆོལ་ཁ།མདོ་སྨད་རྟའི་ཆོལ་ཁ་གསུམ་དུ་གྲགས་པའི་ཕྱི་མ་མདོ་ཁམས་གཡར་མོ་ཐང་།དེ་ལ་རྨ་ཆུའི་ཀླུང་རྒྱུན་གྱིས་ལྷོ་བྱང་གཉིས་སུ་ཕྱེས་པའི་ལྷོ་རྒྱུད།རིན་ཆེན་ས་འཛིན་གྱི་རི་བོ་མཁའ་ལ་བསྙེགས་པ།ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་གྱ་གྱུར་འབབ་པ།རྩི་བཅུད་དབྱར་གསུམ་གྱི་དུས་ན་དབྱར་མདངས་རྒྱས་པ།སྣ་ཚོགས་མེ་ཏོག་གི་སིལ་མ་རྒྱན་དུ་དགོད་པ།ཤར་གྱི་ཕྱོགས་སུ་ལེགས་ཚོགས་གཡང་གི་བང་མཛོད་བསྐྱིལ་བའི་བརྡར།སྨ༵ན་བ༵ཙུན་ལྷུན་པོའི་རི་རྒྱུད་ཀྱི་རྩེ་མོ་དགུང་ལ་བསྙེགས་པས།ཤར་གྱི་སྟག་ལམ་ས་མདས་མ་བཅད་ཅིང་།ལྷོ་རུ་སྙན་གྲགས་ཀྱི་བ་དན་སྲིད་རྩེར་གཡོ་བའི་བརྡར།རྩི་ལྗོན་མར་གད་ཀྱི་སྟོད་གཡོགས་མཛེས་པར་བཀླུབས་པའི་ཀ༵་ར༵་མཐོན་པོའི་སྒང་རྒྱུད་སྤམ་མཐོ་བས།གཡུ་འབྲུག་སྔོན་མོ་ཆུ་དོང་དུ་མ་ལྷུང་བ།ནུབ་ཏུ་སངས་རྒྱས་ཀྱི་བསྟན་པ་ཕྱོགས་བཅུར་རྒྱས་པའི་བརྡར།ཁྱུང་ཆེན་མཁའ་ལ་ལྡིང་འདྲའི་སྲི༵ན་པོ༵་རྫ་རྒན་གྱི་དབུ་རྩེ་མཐོངས་ལ་ཟུག་པས།བྱ་དམར་གྱི་སྒྲོ་སྤུ་མ་འཐོར་བ།བྱང་དུ་མི་མཐུན་ཕས་རྒོལ་སྲུང་བའི་བརྡར།རྒྱལ་གདོང་རི་བོ་སེང་གེ་གནམ་ལ་མཆོངས་པ་ལྟ་བུའི་རང་དབྱིབས་ལྷུན་གྱིས་གྲུབ་པས།རུས་སྦལ་སེར་པོའི་ཐིག་ལེ་མ་ཉམས་པ་སྟེ།སའི་སྲུང་བ་ཆེན་པོ་བཞི་རང་བྱུང་ལྷུན་གྱིས་གྲུབ་པའི་དབུས་སུ།ཇི་སྐད་དུ།ས་དཔྱད་སྤོར་ཐང་གི་གཞུང་ལས།ཁང་ས་ཞིང་ས་ས་ཡི་དགེ།འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ།གམ་འབྲོག་རྒྱང་འབྲོག་འབྲོག་གི་དགེ།ཁང་ཤིང་བུད་ཤིང་ཤིང་གི་དགེ།ཐབ་རྡོ་ཁང་རྡོ་རྡོ་ཡི་དགེ།ཞེས་གསུངས་པ་ལྟར།ས་ཡི་དགེ་བཅུ་རང་ཆས་སུ་རྫོགས་པའི་ཡུལ་གྲུ་དམ་པ།འཇམ་དཔལ་མཚན་བརྗོད་ལས།རྫོགས་པའི་སངས་རྒྱས་ཨ༵་ལས་བྱུང་།།ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག།དོན་ཆེན་ཡི་གེ་དམ་པ་ཡིན།།ཁོང་ནས་འབྱུང༵་བ་སྐྱེ་བ་མེད།།ཅེས་གསུངས་པ་ལྟར།སྐྱེ་མེད་ཨ་ཡིག་རང་བྱོན་གྱི་རྟེན་འབྲེལ་མ་བསྒྲིག་རང་འགྲིག་ཏུ་གྲུབ་པའི་ལྷ་སྡེ།  དམ་ཆོས་ཀྱི་ཉི་མ་ཤར་ས།བདེ་སྐྱིད་ཀྱི་པད་ཚལ་རྒྱས་ས།དགའ་སྟོན་གྱི་ཡོ་ལང་དར་ས།ལུགས་གཉིས་ཀྱི་མངའ་ཐང་འཕེལ་ས།སྣོད་ལ་བཀྲ་ཤིས་ཀྱི་བྱིན་ཆགས་ཤིང་།བཅུད་ལ་དགེ་མཚན་གྱི་དཔལ་འབར་བ།མི་མཐུན་པའི་འཐབ་རྩོད་མེད་ཅིང་།མི་འབྱོར་བའི་དབུལ་ཕོངས་བྲལ་བ།གཞོན་ལ་རིགས་རྒྱུད་ཀྱི་འཕེལ་ཁ་དར་ཞིང་།རྒན་ལ་ཚེ་ཐག་གི་ཆུ་རྒྱུན་རིང་ས།སྲིད་འབྱོར་གྱི་རྒྱ་མཚོ་གཡས་སུ་འཁྱིལ་ཞིང་ཆོས་འབྱོར་གྱི་དཔག་བསམ་དགུང་དུ་རེག་པ།ཤེད་ཅན་སྟོབས་ཀྱིས་དཔའ་བ།རྒྱུ་ཅན་ནོར་གྱིས་ཕྱུག་པ།གཉེན་ཅན་དཔུང་གིས་བརྗིད་པ།དད་ཅན་བསོད་ནམས་ཀྱིས་མཛེས་པའི་ཡུལ་མཆོག་དམ་པ་དེ་རིང་གི་གཞི་མགྲོན་ཨ་འབྱུང་གཡང་སྡེ་ཕྱུག་མོ་ཚང་ཡིན་ཟེར་རྒྱུ།(ལགས་སོ----ལགས་སོ)

            ཡ--- ད་ཨ་ཁུ་ཁྲ་ཡག་རྫ་འདྲ་འདྲ་གིས་གྲལ་གྱི་དབུ་བརྒྱན་ནས།བུ་ཚ་དམར་ཡག་སྟག་འདྲ་འདྲ་གིས་གྲལ་གྱི་མཐའ་བསྲིངས་ཡོད་ནོ།ང་ཨ་འབྱུང་གཡང་སྡེ་ཕྱུག་མོ་ཚང་གི་ཕ་བརྒྱ་ལ་བུ་སྟོང་ལ་བསྟོད་པ་རྣམ་གསུམ་རེ་བྱས་ན།སྔ་བ་སྔོན་མ།ཨ་མྱེས་ཡང་མྱེས་ཀྱི་རིང་ནས།སྟག་མ་རྒས་ཐིག་ལེ་ཁྲ་ཀོར་ལེ་ཡོད་དུས།འབྲོང་མ་རྒས་རུ་ཐུར་སྨུག་སིང་ངེར་ཡོད་དུས།ཆོས་ཀྱི་སྔ་རུ་ཅན།འཇིག་རྟེན་གྱི་ཕྱི་རུ་ཅན།སྟག་ཤ་རའི་གྲི་ཁ་ལོག་མ་མྱོང་ནོ།རྟ་མདོ་བའི་གོམ་ཁ་ལོག་མ་མྱོང་ནོ།མྱི་རྒྱུད་དེད་ན་སྟོད་ཀྱི་ལྷ་རྒྱུད་ལ་ཐུག་ཡོད་ནོ།ཆུ་རྒྱུད་དེད་ན་སྲིད་པའི་གངས་རྒན་ལ་ཐུག་ཡོད་ནོ།ང་ཨ་འབྱུང་འགག་བཟའ་བུ་རྒྱུད་ཚང་ཟེར་ན།ཙན་དན་དམར་པོ་བཅད་ཤུལ་དང་བྱུ་རུ་དམར་པོ་ཐོར་ཤུལ་ཟེར་ནི་མིན་མོད།སྟོད་ན་སྟག་མོ་མཆོངས་སའི་རྗེས་ཅན་དང་།སྨད་ན་ཤིང་རྟ་དྲུད་སའི་ཤུལ་ཅན།འབྲོང་གྱེན་ལ་རྒྱུགས་ན་རྭ་ཡིས་འཛིན་ནོ།སྟག་ཐད་ཀར་བརྒྱུགས་ན་ཐོང་གས་འཛིན་ནོ།བཙན་བརྗིད་དཔལ་གསུམ་འཛོམས་པའི་རྒན་རབས།དཔའ་རྩལ་སྟོབས་གསུམ་ལྡན་པའི་དར་མ།བློ་རིག་དྲག་གསུམ་ཚང་བའི་གཞོན་ནུ།སྒང་ལ་བུད་ན་ཐང་རིག་ནོ།ཐང་ལ་བུད་ན་མཐར་ཆོད་ནོ།ས་གར་སོང་ཟེར་ན་འདིར་སོང་།ལས་གང་འགྲུབ་ཟེར་ན་འདི་འགྲུབ།།བལྟས་ན་མྱིག་གིས་རིག་ནོ།མཉན་ན་རྣ་ཡིས་གོ་ནི་ཟིག་ཡིན་ཟེར་རྒྱུ།(ལགས་སོ----ལགས་སོ)

             ཡ---ཁྱད་པར་དུ་ང་ཨ་འབྱུང་གཡང་སྡེ་ཕྱུག་མོ་ཚང་ལ་མཚོན་ན།གནའ་སྔ་མོའི་དུས་ནས་མདོ་རྒྱུད་གཙུག་ལག་གི་གཏེར་མཛོད་ལྷ་རམས་པ་དང་སྔགས་རམས་པ།ལུང་རྟོགས་ཡོན་ཏན་གྱིས་ཕྱུག་པའི་བླ་སྤྲུལ་ཨ་མགྲོན་མཁས་བཙུན་རྒྱ་མཚོ།བསླབ་གསུམ་འཕགས་ནོར་བདུན་གྱི་བང་མཛོད་བདག་གིར་འཛིན་པའི་རྫོང་ནང་ཞབས་དྲུང་སྤྲུལ་སྐུ།མཁས་མཛངས་སྙིང་སྟོབས་ཀྱིས་དྲེགས་ཤིང་ཆེན་པོའི་ལུང་ལས་ཀྱིས་མཐོ་བའི་ཨ་འབྱུང་དཔོན་པོ་ན་རིམ།ཀ་དག་ཀུན་ཏུ་བཟང་པོའི་རང་ཞལ་རྗེན་པར་མཇལ་བའི་སྔགས་འཆང་པདྨ་རྣམ་གྲོལ།སྣང་སྲིད་དབང་དུ་བསྒྱུར་ཞིང་ལྟ་སྒོམ་གྱི་གདེང་དྲོད་ཚད་དུ་འཁྱོལ་བའི་གནམ་སྟེང་གཅོད་རྒན། ཉམས་རྟོགས་ཀློང་དུ་བརྡོལ་བའི་གོས་དཀར་ལྕང་ལོའི་རྒྱན་ལྡན་ནང་མགོ་དཔོན་ཕྲུག ལུགས་གཉིས་འཕྲིན་ལས་ལ་མངའ་བརྙེས་པའི་མཛོད་གཉེར།སྟོབས་འབྱོར་མངའ་ཐང་གིས་དྲེགས་པའི་སྦྱིན་བདག  བཙན་ཕྱུག་དཔའ་གསུམ་གྱིས་ལོངས་པའི་མི་ཆེན།ཁ་དྲག་དཔའ་རྩལ་གྱིས་རྒྱགས་པའི་སྟག་ཤར་སོགས་རིམ་པར་བྱོན་མྱོང་ཞིང་།དེ་དག་གིས་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ཐད་ནས།དགེ་སྡིག་གི་རྣམ་གཞག་མ་འཆོལ་ཞིང་།རྒྱུ་འབྲས་ཀྱི་རི་མོ་མ་སྣོག་པར།ཐབས་ཤེས་ཀྱི་དར་འཕྱར་ཞིང་།ཡ་རབས་ཀྱི་གཞུང་བསྲིངས་ཏེ།ལུགས་གཉིས་ཀྱི་ཕྱག་རྗེས་སྲིད་ན་མཐོ་བ་རབ་དང་རིམ་པར་བཞག་དང་འཇོག་བཞིན་ཡོད་ཟེར་རྒྱུ།(ལགས་སོ----ལགས་སོ)

             ཡ---ད་ངས་སྐབས་དོན་གནད་ལ་གཞོལ་ནས།ཚིག་གསུམ་སྡུད་མ་བྱས་ནས།མདའ་དང་འཕང་ལ་བསྟོད་པ་རྣམ་གསུམ་རེ་བྱས་ན།

ཁྲ་སྒྲོ་མ་ལ་རྒོད་སྒྲོ་མ།།གླག་སྒྲོ་མ་ལ་འུག་སྒྲོ་མ།།གསེར་ལྟོང་མ་ལ་དངུལ་ལྟོང་མ།།ཟངས་ལྟོང་མ་ལ་ལྕགས་ལྟོང་མ།།སྐྱེར་བའི་གཞུ་ལ་འབྲོང་རྭའི་གཞུ།།སྨྱུག་མའི་གཞུ་ལ་ལྕགས་ཀྱི་གཞུ།།འདི་དར་ས་མི་དམའ་དར་ས་མཐོ།།འདི་དར་ས་གངས་ཅན་བོད་ནས་དར་ཟིག། ངས་ལི་མ་མདའ་ཡི་བཙལ་དྲུག་བཤད་ན།མདའ་ཤིང་དྲང་མོ་ལྗོན་པའི་ནགས་ནས་བཙལ་ཟིག རྒོད་སྒྲོ་ཕྱུག་མོ་གླག་མོའི་མཆན་ནས་བཙལ་ཟིག མཚལ་སྐྱེས་དམར་པོ་རྒྱ་ནག་ཡུལ་ནས་བཙལ་ཟིག གྲོ་ག་སྨུག་པོ་སྟག་པའི་རྒྱབ་ནས་བཙལ་ཟིག  རྒྱུས་རྐ་ཕྲ་མོ་རྟ་ཕོའི་དཔྱི་ནས་བཙལ་ཟིག ཁྲོ་མདེའུ་ངར་མ་མགར་བའི་ཁོལ་ནས་བཙལ་ཟིག་ཟེར་རྒྱུ།(ལགས་སོ----ལགས་སོ)

            ཡ---མདའ་འདི་གསོམ་དཀར་སྨྱུག་མ།སྒྲོ་འདི་ཁྲ་སྒྲོ་རྒོད་སྒྲོ།མདེའུ་རྣོ་ལྕགས་འབར་བ།།མདའ་དཔོན་ཚ་ཞང་འདན་མ།།གཞུ་མོ་འབྲོང་རྭ་སྨུག་པོ།།གཞུ་རྒྱུད་སི་ཤན་ལྕུག་མ།།འཆང་བཟུང་རྡོ་རྗེའི་རྐེད་པ།།མདའ་གཞུག་ཨ་ལྔ་མཐེབ་དྲུག།སྐུག་ར་བཀྲ་ཤིས་གཡང་འཁྱིལ།།འབེན་འདྲ་དགྲ་ཟོར་སྨུག་པོ།།དཔའ་བོ་སྟག་སེང་ཁ་སྤྲོད།།མདའ་རྩལ་གློག་དམར་རང་འཁྱུག། ཐོ་ལི་ཉི་ཟླ་སྐར་གསུམ།།རྩི་ཐག་དགུ་ཚིགས་དྲ་བ།།འབེན་སྙིང་དུང་ཤོག་དཀར་པོ།།རྒྱ་མ་ཚངས་པའི་ཐིག་ཤིང་།།མདའ་འབོད་འབྲུག་སྒྲ་ལྡིར་ལྡིར།།ཕོ་ལྷ་ཁ་བ་འབབ་འབབ།།དགྲ་ལྷ་འཚུབ་མ་འཁོར་འཁོར།།ཝེར་མ་བུ་ཡུག་ལྡང་ལྡང་།།མདའ་བསང་གཞི་བདག་མཆོད་པ།།མདའ་བ་བསམ་པའི་དོན་གྲུབ།།མདའ་བསུ་ནོར་བུ་དགའ་འཁྱིལ།།མདའ་སྟོན་ལྷ་དགའ་ཀླུ་དགའ་ཡིན་ཟེར་རྒྱུ།(ལགས་སོ----ལགས་སོ)

           ཡ---མདའ་འདི་སྐྱེས་པ་ཕོ་ཡི་བླ་སྲོག་ཡིན།།མདའ་འདི་སྟག་ཤར་གཞོན་ནུའི་ལ་རྒྱ་ཡིན།།མདའ་འདི་བུ་ཚ་ཡོངས་ཀྱི་རླུང་རྟ་འདི་ཡིན།།མདའ་འདི་བཙན་པོའི་རྒྱུད་པའི་མཚོན་རྟགས་ཡིན།།མདའ་འདི་ལྷ་སྲུང་བསྟོད་པའི་དཔའ་མཁར་ཡིན།།མདའ་འདི་ཝེར་མ་མཆོད་པའི་རྟེན་ཤིང་ཡིན།།མདའ་འདི་ཀི་བསོ་ལྡིར་བའི་རྒྱལ་རྔ་ཡིན།།མདའ་འདི་མི་རིགས་ཤིག་གི་རིག་གནས་ཡིན།།མདའ་འདི་ཕྱཱ་གཡང་འབོད་པའི་གཡབ་མོ་ཡིན།།མདའ་འདི་རྒྱུ་ནོར་སྲུང་བའི་གཡང་ར་ཡིན།།མདའ་འདི་ཁྱིམ་སོ་དར་བའི་དར་ཤིང་ཡིན།།མདའ་འདི་སྟག་ཤར་དཔའ་བོའི་སེམས་རྟེན་ཡིན།།མདའ་འདི་དགོད་སྒྲ་འཁྱིལ་བའི་གླུ་གར་ཡིན།།མདའ་འདི་ཡུལ་ཁམས་བདེ་བའི་ཁག་གནོན་ཡིན།།མདའ་འདི་ལོ་ལེགས་འབྱུང་བའི་སྣ་འདྲེན་ཡིན།།མདའ་འདི་དམངས་ཁྲོད་རིག་གནས་གཟུང་ཐག་ཡིན།།མདའ་འདི་དཔའ་མཁར་སྲུང་བའི་མཚོན་ཆ་ཡིན།།མདའ་འདི་ཇག་ལ་འགྲོ་བའི་དཔུང་རོགས་ཡིན།།མདའ་འདི་གཉེན་ལ་བཅངས་པའི་བརྩེ་བ་ཡིན།།མདའ་འདི་གླུ་གར་རྒྱ་མཚོའི་སྣ་འདྲེན་ཡིན།།མདའ་འདི་ལོ་ལོན་སེམས་ཀྱི་ཡུལ་སྲུང་ཡིན།།མདའ་འདི་སྨན་ཆུང་བུ་མོའི་བརྩེ་དུང་ཡིན།།མདའ་འདི་བྱིས་པ་རྣམས་ཀྱི་རྨི་ལམ་ཡིན།།མདའ་འདི་མཐུན་སྒྲིལ་སྦྲེལ་བའི་ཨ་ལོང་ཡིན།།མདའ་འདི་བུ་མོ་སློང་བའི་གཉེན་རྟགས་ཡིན།།མདའ་འདི་བུ་ཚ་སྐྱེ་བའི་རྟེན་འབྲེལ་ཡིན།།མདའ་འདི་ཁྱིམ་ཚང་ཞིག་གི་ཁེར་ཚུགས་ཡིན།།མདའ་འདི་བསམ་དོན་འགྲུབ་པའི་ནོར་བུ་ཡིན།།མདའ་འདི་བུ་སྤུན་བསྒྲིགས་པའི་མནའ་ཡིག་ཡིན།།མདའ་འདི་ཕུ་ནུ་སྦྲེལ་བའི་སྡོམ་ཐག་ཡིན།།མདའ་འདི་རྒོལ་བ་སྲུང་བའི་མཁར་རྫོང་ཡིན།།མདའ་འདི་ཕ་ཁྱིམ་སྲུང་བའི་ལྕགས་རི་ཡིན།།མདའ་འདི་དྲང་མོ་མཚོན་པའི་ཐིག་ཤིང་ཡིན།།མདའ་འདི་དཔའ་ངར་མཚོན་པའི་སྙིང་སྟོབས་ཡིན།།མདའ་འདི་བར་སྣང་འཕུར་བའི་རྒོད་པོ་ཡིན།།མདའ་འདི་གཡང་ཁྱིམ་སྐྱིད་པའི་གཞི་མ་ཡིན།།མདའ་འདི་བུ་ཚ་ཞིག་གི་ལག་ཆ་ཡིན།།མདའ་འདི་བུ་མོ་ཞིག་གི་འཁེན་ས་ཡིན།།མདའ་འདི་ལོ་ལོན་ཞིག་གི་ཕྱི་མིག་ཡིན།།མདའ་འདི་གཅན་ཚ་བ་ཡི་སྲོག་ཤིང་ཡིན་ཟེར་རྒྱུ།(ལགས་སོ----ལགས་སོ)

            ཡ---ད་ངས་མཇུག་མཐར་འདིར་འཚོགས་ཁྲོམ་པ་བརྒྱ་ཐམ་པ་བོར་བཀྲ་ཤིས་ཁ་གཡང་གི་ཚིག་འགའ་བརྗོད་ན།

 ཡངས་པའི་རྒྱལ་ཁམས་སྤྱི་དང་བྱེ་བྲག་ཏུ་བོད་ཡུལ་ཁ་བ་ཅན་གྱི་ཡུལ་གྲུ་འདི་ལ།སྡང་བའི་དགྲ་ངན་དཔུང་ཚོགས།འཐབ་ཅིང་རྩོད་པའི་འཁྲུག་ལོང་།སྡང་དགྲ་གདོན་བགེགས།ཁ་མཆུ་དཀར་ནག་ཁྲ་གསུམ།བྱད་ཁ་ཕུར་ཁ།རྦད་འདྲེ་རྦོད་གཏོང་།མནན་གཏད་འཕངས་བསྲེགས་སོགས་མིང་གི་ལྷག་མེད་དུ་ཞི་ཞིང་།སྒོས་སུ་རང་རེ་ཧོར་མོ་ཁ་ཡི་བླ་མ་རྣམ་གསུམ་གྱིས་མཚོན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཉི་མ་ཟླ་བ་ལྟ་བུ་ས་ཡི་སྟེང་ན་སུ་བཞུགས་རྣམས་ཀྱི་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་།ཁྱད་པར་དུ་ཨ་འབྱུང་གཡང་སྡེ་ཕྱུག་མོ་དང་སྐྱ་རེངས་ལྷ་སྡེ་དཀར་པོ་གཉིས་ཀྱི་མི་ལ་ན་ཚ་དང་།ཕྱུགས་ལ་གོད་ཁ་མེད་ཅིང་།ནོར་ལ་ཇག་རྐུན་དང་གཡང་ལ་གང་སྟོང་།མཛོད་ལ་ཟད་པ་སོགས་ནམ་ཡང་མི་འབྱུང་བར།ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ།མི་མཐུན་རྒུད་ཚོགས་ཞི་ཞིང་མཐུན་རྐྱེན་དཔལ་འབྱོར་རྒྱས་ཏེ།བཙན་ཕྱུག་དཔལ་གསུམ་འཛོམས་པའི་བདེ་སྐྱིད།མི་ནོར་གཡང་གསུམ་འཕེལ་བའི་མངའ་ཐང་།བཙན་བརྗིད་ཁ་དྲག་ཆེ་བའི་རྒན་རབས།དཔའ་རྩལ་སྟོབས་གསུམ་ལྡན་པའི་དར་མ།བློ་རིག་དྲག་གསུམ་ཚང་བའི་གཞོན་ནུ།རིགས་རྒྱུད་ཆུ་བོའི་རྒྱུན་ལས་འཕེལ་བ་དང་།སྟོབས་འབྱོར་དབྱར་གྱི་དཔལ་ལས་རྒྱས་པ།བདེ་སྐྱིད་ལྷ་ཡི་གཡང་ལས་དར་བ།ཕྱི་ན་སྙན་གྲགས་ནམ་མཁའི་འབྲུག་སྒྲ་ལས་ཆེ་བ།བར་ན་བཙན་བརྗིད་དཔག་བསམ་སྡོང་བོ་ལས་རྒྱས་པ།ནང་ན་བདེ་དགའ་རྒྱ་མཚོ་ཆེན་པོ་ལས་འཕེལ་བའི་བཀྲ་ཤིས་ཤོག་ཟེར་རྒྱུ།(ལགས་སོ----ལགས་སོ)

 ཞེས་པ་ཡང་སྐྱེས་ཡུལ་ཨ་འབྱུང་སྡེ་གཞུང་གི་ཁ་འགོ་བ་རེ་འགས་སྐུལ་ངོ་མ་བཟློག་ཙམ་དུ་གཅན་རང་སད་དུ་འབོད་པས་སྦྱར་བའོ།།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63v9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15102091
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号