སེམས་སུ་སྒྲོན་པའི་སློབ་བུ་དག
རྩོམ་པ་པོ། ཕྲན་བོད་ཞེན།
ཀྱེ་ཀྱེ་སེམས་སུ་བཏེགས་པའི་སློབ་བུ་དག།
ན་ཚོད་གཞོན་ལ་རིག་པ་རྣམ་པར་གསལ།།
གཤིས་སྤྱོད་ལྷད་དང་བཅོས་མས་མ་གོས་ཤིང་།།
ཕན་ཚུན་འདྲེས་པའི་འདུན་པ་ཤིན་ཏུ་གཙང་།།
ཕྲན་ང་ཤེས་འཇོན་ནུས་པའི་རྒྱན་དབེན་ཡང་།།
ལོ་དང་ཟླ་བར་ངལ་བས་བསགས་པའི་འབྲས།
ཆུ་ཡི་ཐིགས་པ་ཟེགས་པའི་ཆ་ཤས་རེས།།
ཕན་དུ་རེ་བ་འདི་ཀོས་བདག་ཡིད་འཚེངས།།
ཁྱེད་ཅག་འདུན་པའི་ལམ་ཐག་རྒྱང་རིང་ཞིང་།།
སྣ་ཚོགས་ཁུར་གྱིས་ངལ་བ་ཟབ་དྲགས་ཀྱང་།།
གཞོན་ནུ་ཁྱེད་ཚོ་འབད་པ་མ་ལྷོད་དང་།།
བརྒྱ་ཕྲག་རེ་བའི་ཀློང་གི་འོད་ཟེར་ཡིན།།
སྔོན་བྱུང་མེས་པོས་བསྐྲུན་པའི་ཆོས་ནོར་མཛོད།།
ཕ་དམ་གསེར་གྱིས་བྲིས་པའི་ལོ་རྒྱུས་ཡིན།།
ཕྱིས་འབྱུང་བགྲོད་པ་གསར་བའི་བཞུད་ལམ་ན།།
ཁྱེད་ཅག་བློ་གཏད་ཁེལ་བའི་ས་བོན་ཡིན།།
ད་ལྟ་རིག་པ་སྦྱང་བའི་ན་ཚོད་དང་།།
ཤེས་རབ་འོད་དུ་སྒྲོན་པའི་བསྐལ་བཟང་ལགས།།
ཕྱིས་ནས་དོན་ལ་འབྱོར་བའི་འབྲས་བུ་རེར།།
ཆོས་དང་རིགས་ལ་ཕན་པའི་བདུད་རྩི་ཡིན།།
མི་རྣམས་དར་དང་རྒུད་པའི་རྩ་བ་དེ།།
རིགས་གཟུགས་ལང་ཚོ་རྒྱུ་འབྱོར་ཁ་ཕོ་མིན།།
བློ་གྲོས་ལྡན་ཞིང་གཤིས་རྒྱུད་དྲང་བ་སྟེ།།
དམ་པའི་ངང་ཚུལ་ལྡན་པ་འདི་ཁོ་ན།།
ཕལ་བས་མི་རྣམས་རང་བཞིན་ངང་དུ་འདས།།
སྐྱེ་བ་ལས་ཀྱི་མེ་ཏོག་སད་ཀྱིས་ཁྱེར།།
ལྟོ་གོས་གཏམ་ལ་ངལ་བ་ཆེར་བསགས་ཀྱང་།།
གཅེས་དགུའི་རྟེན་ལ་སྙིང་བོ་མ་བྱུང་ཨང་།།
གཅེས་ཤིང་ཕངས་བའི་སློབ་བུ་བཞིན་བཟང་དག།
ཁྱེད་ཅག་སྐྱེས་པ་དོན་གྱི་སྙིང་པོ་སྟེ།།
ཕལ་བའི་མི་ལས་རང་བཞིན་ཤིན་ཏུ་འདས།།
རིགས་ཀྱི་སྙིང་གི་འཕར་རྩ་རེ་རེ་ཡིན།།
རིགས་ལ་ཁྱེད་ལས་ལྷག་པའི་གསོན་ཤུགས་མེད།།
རིགས་ལ་ཁྱེད་ལས་གཞན་པའི་ཚེ་སྲོག་མེད།།
རིགས་ཀྱི་དོན་དུ་བཞེངས་བའི་སློབ་བུ་དག།
རིགས་འདི་སེམས་སུ་བཏེགས་ནས་མངོན་སྐྱོད་དགོས།།
སྔོན་བྱུང་འདས་པོ་དམ་པའི་ཞལ་ཆེམས་དང་།།
ཕྱི་རབས་རེ་བའི་ནང་གི་རྨི་ལམ་དེ།།
རྨད་བྱུང་ཆོས་རིག་ཟུང་གི་གཤོག་རྩལ་དག།
རྒྱལ་ཁམས་ཕྱོགས་མེད་སྒྲོན་པ་འདི་ཀོ་ལགས།།
གཏམ་འདི་རིན་ཆེན་སེམས་ཀྱི་དཀྱིལ་དུ་ཞོག།
སྣ་ཚོགས་འགྱུར་བ་རླུང་གི་རླབས་བདོ་ཡང་།།
ཕ་དམ་གསེར་གྱི་དོད་འདི་མ་འབོར་དང་།།
ཕ་ཁྱིམ་གངས་ཀྱི་གཟི་འོད་ད་དུང་འཚེར།།
ད་ནི་རེ་བའི་མེ་ཏོག་དེ་ཙམ་ཡིན།།
སྔ་རྗེས་ཀུན་ཏུ་ལྷག་ཆད་ནོར་བ་མང་།།
གཅེས་པའི་སློབ་བུ་དག་གི་སྤྱན་སྔར་འཆགས།།
ལེགས་པའི་ཆ་དག་སེམས་གཞུང་དཀར་པོ་ཡིན།།
རང་གི་སློབ་བུ་དག་ལ་སྐུལ་སློང་ཕྲན་བུ་ཞིག་དང་རེ་ཞུ་རྡོག་པོ་འགའ་རེའི་དོད་དུ། ཕྲན་བོད་ཞེན་དུ་འབོད་པས་སྤྱི་ལོ ༢༠༡༧ / ༢ / ༥ ལ་བྲིས་པ་དོན་དང་ལྡན་པར་ཤོག།
རྩོམ་པ་པོ་ཕྲན་བོད་ཞེན་ནི།
བྱང་འབྲོག་རྫ་ཆུ་ཁ་དགེ་རྩེ་ཆེ་ཡུལ་ལྷ་སྡེ་ཕྱུག་མོ་ནས་ལས་ཀྱི་སྐྱེ་བ་འབུས་ཞིང་། རང་ལོ་བཅུ་གསུམ་གྱི་སྟེང་ནས་རང་དགོན་དུ་དགེ་འདུན་པའི་ཚོགས་གྲལ་དུ་ཞུགས། རང་ལོ་བཅུ་དྲུག་གི་སྟེང་ནས་ཨ་རིག་ཆོས་སྡེར་སློབ་སྦྱོང་ལོ་གསུམ་དང་། དེ་ནས་རྫོང་སར་ཁམས་བྱེ་སློབ་གྲྭ་ནས་ལོ་བརྒྱད་ཀྱི་བར་དུ་གཞུང་ཆེན་ཁག་གི་གཙོས་རིག་གནས་སྤྱི་དང་བྱེ་བྲག་ཀུན་ལ་ཐོས་པ་མང་དུ་མཛད་ཅིང་། ཞོར་དུ་དཔྱད་རྩོམ་དང་སྙན་རྩོམ་སོགས་སྒེར་དེབ་དང་། དུས་དེབ་དང་ཚགས་པར་དྲྭ་ཚིགས་སོགས་སུ་གཞུང་སྒེར་ཅི་རིགས་ཀྱི་ཐོག་ནས་སྤྱི་ཚོགས་སུ་མང་དུ་སྤེལ་བར་མ་ཟད། ད་དུང་སློབ་གྲྭ་དང་བཤད་གྲྭ་གཞན་དག་ཏུ་ཚད་མ་དང་བརྡ་སྤྲོད་སྙན་ངག་བྲིས་སོགས་ཀྱི་དཔེ་ཁྲིད་དང་ཕྱག་ཁྲིད་ཀྱང་རིམ་པ་དུ་མ་སྤེལ་དང་སྤེལ་མུས་སུ་མཆིས།
____ ཁ་བ་དོན་གྲུབ་ཀྱིས།
2017.2.14.ཉིན་རྒྱ་ནག་སྤོས་ལྡན་གྲོང་ཁྱེར་ནས།