ཐོ་ཡོར་གྱི་སྙན་ངག་ཚན་པ་བཅུ་གཉིས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ཐོ་ཡོར་གྱི་སྙན་ངག་ཚན་པ་བཅུ་གཉིས།
ཐོ་ཡོར་གྱི་སྙན་ངག་ཚན་པ་བཅུ་གཉིས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/2/16ལྟ་ཀློག (1872)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཨ་ཕ།


ཆག་གས་སུ་སོང་བའི

ཉི་འོད་དང་མུན་པའི་གས་ཁར་འགྲེང་སྟེ

ཤེལ་དམ་དུ་མཚན་མདོག་གི་མར་མེ་བླུགས

རྡོ་ཡི་ཉི་མ་བླུགས

མར་ཟགས་བཞིན་པའི་འཁོར་བའི་ཆོ་ངེ་བླུགས

རྟ་ཁ་བརྒག་ཏེ་ལུས་པའི་དུས་ཚོད་བླུགས

རྨིས་པར་འགྱུར་བའི་སྐད་ཅིག་མའི་དྲན་པ་བླུགས

མཐའ་མཇུག་གི་རྨ་ཁ་བླུགས་ཀྱང་སྟོང་སང་ངེར་གནས

 

མུན་པ་བརྒལ་ཏེ་ལོག་ཀྱང་སྙིང་བོའི་སྟོང

དགའ་སྐྱོའི་མ་ཐེགས་པའི་བསྐལ་བའི་མཐའ་ནས

ཤེལ་དམ་དུ་མིག་ལོང་བའི་དྲན་གདུང་བླུགས

ས་ལ་འགྱེལ་བ་ནང་བཞིན་གྱི་མཚན་མོ་བླུགས

 

         ༢༠༡༦ ༡༠ ༡༩ མཚན་མོར་བྲིས།

ངའི་སྙན་ངག

 

མུ་གེས་དྲོས་པའི་གདོང་ལ

ཝུ་བའི་མེ་ཏོག་དཀར་པོ

འདབ་མར་ཟིལ་བ

ཟིལ་བའི་དཀྱིལ་དུ་ཤི་བའི་སྦྲང་མའི་རོ་འོད་འཁྱུག་གེར

གྲིབ་མའི་ནང་ལོག་པའི་རི་མོ

གདོང་གཞན་ཞིག་དུ་ཤར

 

ཡུགས་སར་ལུས་པའི

རྩིག་སྡེབ་ན་འགུལ་གྱིན་པའི་འབུ་སྲིན

ཤ་ཁྲག་འཕྲུལ་སྣང་གི་ཁང་ཆག

མངོན་ཆུང་གིས་བར་སྣང་ལ་ཁྲག་དམར་བྱུགས

སྤྲིན་དང་གློག་གི་འདབ་མ

རྣམ་ཤེས་གཞན་ཞིག་ལ་ཐིམ

 

༢༠༡༦ ༡༠ ༡༩ མཚན་མོར་བྲིས།

གྱང་།

 

གྱང་ནི་གཟུགས་ལས་ཐག་རིང་བའི་དགུན་ཁ་ཞིག

ནགས་ཚལ་དང་སྲང་ལམ་རྩིག་པའི་རྙི་ལ་ཚུད

ཁྱོད་ཀྱི་རེ་སྒུག་ནི་གྱང་ཞིག་སྟེ

འབུ་སྲིན་ཆུང་ངུ་དེ་ཚོས་ཀྱང་ད་ནི་གྱང་ཞིག་ལས་མི་སྣང

གྱང་དེ་ནི་མི་གཉིས་གྱི་ནམ་མཁའ་སྟེ

གྱང་གི་རི་མོ་དེད་ནས་སོང་ན་ཕ་མཐར་ཐོན་ཐུབ

ཕ་རོལ་ནི་གྱང་ཞིག་ཡིན་ན

གྱང་དེར་སྤྲིན་པ་བསྡུད་མཁན་ང་ཡིན་པ་རྟོག་བཟོ་བྱས་ཆོག

གྱང་ངོས་ལ་རེག་པའི་རླུང་ཐག་རིང་ནས་ལྡང

ཁྱོད་ཀྱི་རྣམ་ཤེས་རྩིག་པའི་ངོས་སུ་སྦྱར

གྱང་གི་གས་ཁའི་ནང་དུ

རེ་སྒུག་གི་ཚོན་མདངས་དུ་བ་ལྟར་འཁྲིལ

གྱང་ཞབས་ནས་འཕྱུར་བའི་རྡུལ་ཕྲ་མོའི་འོད་ཀྱིས

ནམ་མཁའ་འཐིབ་པར་བྱེད་པའི་རོལ་མོ་དཀྲོལ

གྱང་གི་ནང་ནི་འཕྱོ་འཇགས་སྟོང་བའི་རྦ་རླབས་ཤིག་སྟེ

རེ་སྒུག་བོར་བའི་ང་ཡི་ཁྲག་རྒྱུན་ལྟར

དུས་ཚོད་ཀྱི་ཕྱི་རོལ་ན་ཁུ་སིམ་མེར

གྱང་ངོས་སུ་བཀར་བའི་མུན་ནག་ལེབ་མོ་ཞིག་ལས

མདོག་ཟད་པའི་ཁ་བ་ལྷུང

གྱང་སྟེང་གི་ནམ་མཁའ་དོག་པས

སྤྲིན་པ་བསེད་མཁན་ནི་ངལ་དུབ་ཀྱིས་གཟིར་བའི་དུས་ཚོད་ཡིན

 

             ༢༠༡༦.༡༢.༡༨.ཉིན་བྲིས།

 

དེ་ལྟ་ནའང་།

 

        S ལ་ཕུལ་བ།

         

ལས་ཀྱི་ལྗོན་པའི་རྩ་བ་ས་སྲོད་དུ་ཟུག

བསེར་བུ་གྲང་མོས་འདུན་པའི་རི་མོ་བསྒུལ

སྤྲིན་པ་རྣམས་གློ་ཁུག་ནང་དུ་བཅུག་རྗེས

བར་ཐག་གི་ཝུ་བ་ནམ་མཁར་འཕྱོ

དེ་ལྟ་ནའང ཁྱོད་མཚོན་བྱེད་ཀྱི་རླུང་བུ་གཡུག་བྱུང

 

ཁྱོད་ཀྱི་གདོང་གི་རས་ཡུག་ནག་པོ

སེམས་ཀྱི་དཀར་འཇམ་ལ་བརྡར་ནས་རལ

ཁྱོད་ཀྱི་དཔྱིད་ཀའི་ནང་ལོག་པ་ནང་བཞིན་གྱི

ཆུ་ལ་སྦངས་པའི་ལག་པ་ཡོལ་བས་བསྒྲིབས

དེ་ལྟ་ནའང  རྡོ་བའི་ངོས་ནས་ཁྱོད་ཀྱི་སེམས་པ་ཚུར་བསྲིང་བྱུང

 

དེ་ནས་བཟུང  ཁྱོད་ཀྱི་གྲིབ་མར་དོན་སྙིང་ཅི་ཡང་མི་འདུག

སེམས་ནང་གི་ལམ་སྣེས་བྱེ་མའི་སྐོམ་གདུང་ཁུར

 

ཕྲ་ཞིང་མཉེན་པའི་ལག་པ་ཡལ་ཟིན་པའི་དུས་ཚོད་ལ་ཐུག

དེའི་ནང་སྙིང་ནི་འགྱུར་བ་རྒོད་པའི་ལྕང་སྡོང་ཞིག

ལྕང་སྡོང་གི་གྲིབ་མ་མ་འོང་པའི་ས་སྲོད་དང་འདྲེས

དེ་ལྟ་ནའང   ས་འོག་གི་རྨི་ལམ་ཁྱོད་ཀྱི་ལུས་པོའི་སྲུབ་ཀར་ཟགས

༢༠༡༦ ༡༠ ༢༠་ཉིན་བྲིས།

མེ་གཏོང་བ།

       

མཚན་མོའི་ཕྱི་རོལ་ན་འདར་བའི་གཞས་སྐད

མུན་པས་རྡེག་བཞིན་པའི་གདུང་བའི་ནང་གི་དགུན་ཁ་ཞི་སྟེ

ཡིད་མུག་ནང་མར་ལྷུང་བའི་མེ་ལྕེ་རུ་གྱུར

ངའི་འཁྱགས་རོམ་གྱི་མིག་ནང་དུ་མེ་ལྕེ

ཐལ་གསེབ་ཀྱི་ཁེར་རྐྱང

རིང་ཐུང་ཤོར་བའི་མེ་ལྕེས་ངོས་མི་སྙོམ་པའི་མཚན་མོ

ཁྲག་ཟད་པའི་སེམས་དང་ལྷན་དུ་སྦྱར

སྒོ་རྡུང་མཁན་དེ

རྩྭ་ཕྲན་གཅིག་གི་ཐེངས་རྗེས་མའི་དབུགས་དབྱུང

ནང་དུ་འདུག་པ་དེ ཐག་རིང་བོར་བའི་སྒེའུ་ཁུང་ཞིག་རེད

དེས་བསྐྱེད་པའི་འཆི་བའི་ལྗོན་པ་དུས་ཚོད་ཀྱིས་འཐོར་བའི་ཚེ

མེ་ལྕེ་ཆག་པའི་སྒྲ་མདོག་ཤོར་བའི་གྲིབ་མའི་ནང་ནས་མཐོང་ཐུབ

གསོན་དུས་ཀྱི་མུ་གེའི་མདངས་གསལ་བའི་མེ་ལྕེ

ངོས་མཉམ་པའི་སྡུག་བསྔལ་མདུན་ནས་སྦར་ཚེ

༢༠༡༧.༡.༡༧.ཉིན་བྲིས།

 

ཕྱི་རོལ།

མུན་པའི་ནང་དུ་ལག་སྙོབས་བྱས་ན

འུ་ཐུག་པའི་ངོ་གདོང་ཞིག་ལ་རེག་ཐུབ

ཟང་ཟིང་གིས་གཙེས་པའི་མིག་ལ

མཐིང་མདོག་གི་གཙང་བོ་འཁྱིལ

ཡོལ་བ་འདི་ཡི་ཕར་ནང

རྟོགས་པས་བཏགས་པའི་རི་མོ་ཞིག

ཕྱོགས་དང་ཕྱོགས་སུ

དྲག་ཆར་ས་རུ་ལྷུང་བའི་འོད་ཀྱིས་བཀང

དྲན་པ་འཐོར་བའི་མི་ཞིག

རྣམ་ཤེས་ཀྱི་ཕྱི་རོལ་ནས

མྱ་ངམ་ཐང་གི་སྨིག་སྒྱུ་དེད་དེ

ཉིན་ནས་ཉིན་དུ་རྒུད་པའི་ལམ་དུ་ཞུགས

གྲིམ་མའི་གསེང་ཏུ་མེ་ཏོག་ཅིག་བཞད་པས

དུས་ཚོད་ཀྱི་མའདའ་སྣེ་དལ་ཅག་གེར་བསྡད

 

༢༠༡༧.༡.༡༥.ཉིན་བྲིས།

ང་ཡི་ཡིད་བརྙན།

 

མིག་ཤེལ་འོག་དུ་འགུལ་བའི་ཡིད་བརྙན

འདོད་པས་བྲབ་པའི་རྨི་ལམ་གྱི་ཡལ་འདབ

གོམ་ཁ་ལྷོད་པས་ཡིན་ནམ

མཚོ་རླབས་ཀྱིས་ཡུལ་དང་སྣང་བ་མཉམ་དུ་ཁུར་སོང

 

ད་བར་དུ  ངས་ཡིད་བརྙན་གྱི་རི་རབ་བརྩིག་སྟེ

སྣང་བའི་ཁམས་འདི་ཐ་སྙད་ཅིག་གིས་བརྗོད་ཐུབ་སོང་བསམ

 

མཚོ་རླབས་འཇགས་པས་སེམས་ཀྱི་ངོས་སྟོང་བར་གྱུར་ཚེ

དུས་ཚོད་ཀྱིས་ཡིད་བརྙན་དག་རུལ་མྱགས་སུ་བཏང་ཚར་བ་མིན་ནམ

 

དུས་ལས་འདས་པའི་རེ་སྒུག་ནང་དུ་རླུང་ལྡང

ཡིད་བརྙན་གྱི་བུ་ག་དགུ་ནས་ཁྲག་བཞུར

སྣང་བའི་དངོས་པོ་དག་གི་རྒྱབས་གཟུགས་ཡིན་ནམ

ཐག་ཉེ་རིང་གང་རུང་ནས་ཡིད་བརྙན་ཆུན་པོ་ཞིག

ང་ཡི་སུན་སྣང་མཐའ་ཡས་པའི་ཁྲོད་ནས་མངོན་ཡོང

 

༢༠༡༦.༡༢.༢༥

ཐན་པ་བྱུང་བའི་དུས་ཚོད།

མིག་ཟུང་བཙུམས་ཏེ

བརྡ་རྟགས་མེད་པའི་ཚོར་བ་འཁྲེགས་པོ

རེ་ཐག་ཆད་པའི་དབྱངས་ལ་བསྲེས

དུས་ཚོད་ཀྱི་སྐུད་སྣེ་སྔོན་ནས་ཆད་ཟིན

གྱང་ངོས་ནས་ཚུར་བསྲིང་བའི་ལག་པའི་ངོས་ཀྱི་རི་མོ

དངོས་ཡོད་ནགས་ཚལ་ཁྲོད་ཀྱི་དུར་ས

ཤེར་ལེབ་ངོས་སུ་འབྱར་བའི་དུས་ཚོད་ལྷག་མ་རུལ

ཉི་འོད་ནང་ནས་ཆུ་འཁུར་བའི་མི

མཐའ་མི་མངོན་པའི་སྐྱོ་གདུང་ཁྲོད་ནས་རྒས

ངག་བསྡམས་པའི་ཡིད་འོང་གི་དབུལ་ཕོངས

ས་རུབ་ཁའི་མིག་མདངས་སུ་ལོག

ཡོལ་བས་སྒྲིབ་པའི་མུན་པ་བསེད་རྗེས

གཅེར་བུར་ལུས་པའི་ལྗོན་པ

ཁེར་རྐྱང་ངང་རླུང་གིས་གཡོ

                     ༢༠༡༧.༡.༡༨.ཉིན་བྲིས།

 

འཇའ་ནག་པོ།


ཁང་པའི་ནམ་མཁའ་གས་ཏེ་ཆར་བ་བབས

འདུག་སྟེགས་སྟོང་བ་དེའི་མཆུ་སྒྲོས་ཁྲག་གིས་བངས་འདུག

ཁྱོད་ཀྱི་མིག་གིས་དངོས་ཡོད་ཀྱི་རབ་ཁ་བརྒལ

རྐང་རྗེན་དུ་དཔར་བའི་གཟུགས་རྣམས་ཕྱོགས་གཅིག་དུ་གུག

རྩ་རྒྱུས་ཀྱི་མཉེན་མཇམ་དང་ལྡོག་པའི་སེམས

འགྲེལ་བཤད་ཅིག་གིས་བསུབ་པར་རྩོམ་དུས

ལྭ་བའི་སྟེང་གི་འཇའ་དུས་མཐའི་རྡུལ་གྱིས་བཟུང་འདུག

༢༠༡༧.༡.༡༠.ཉིན་བྲིས།

མུན་ནག་ཏུ་ལྷུང་བ།

གྲྭ་ཤག་གི་སྒེའུ་ཁུང་ལས་མཐོང་བའི་ཁ་བའི་འདབ་མ

འདུ་ཁང་གི་རྒྱ་ཕིབས་སྟེང་དུ་ལྷུང་བ་ནི

རྒྱ་ཕིབས་སེར་པོའི་སྟེང་ནས་སྐར་མདའ་ཞིག་འོད་དུ་གཤེགས་པའི་སྐད་ཅིག་མ་དང་འདྲ

སྐད་ཅིག་མ་དེར མི་རྣམས་སྨྲ་བ་འགགས་ཤིང མིག་ནས་མཆི་མ་མ་ཐོན

མྱ་ངན་གྱི་གྲིབ་མས་མནན་ཏེ་ཕན་ཚུན་གྱི་ངོ་གདོང་ཡང་མི་མཐོང

མི་རྣམས་ཁྱིམ་ལ་ལོག་འདོད་ཀྱི་འདུན་པ་བྲལ་ཏེ

ལག་པས་བར་སྣང་ལ་ལག་སྙོབས་བྱས་ཀྱང

མུན་པ་ལས་ཅི་ཡང་ལྷག་མི་འདུག

དུས་ཚོད་ཀྱི་མདའ་སྣེ་དལ་ཅག་གེར་བསྡད

ཅི་ཡང་ལྷག་མེད་པའི་དགུན་ཁ་དེའི་ལྷིང་འཇགས

ནམ་མཁའི་ཁམས་ནས་ཁ་བར་གྱུར

ཁ་བ་འདབ་མ་རེ་རེ་མི་ཡུལ་དུ་མྱ་ངན་གྱིས་བབས

མི་རྣམས་ལ་མྱ་ངན་རབ་ཏུ་ལྕི་བའི་ཁ་བ་བབས་པའི་དགུན་ཁའི་མཚན་མོ་ཞིག་བྱུང

མི་རྣམས་གྱིས་ལས་ཀྱིས་ཟད་པའི་ལག་ཟུང་བྲང་ཁར་སྦྱར་ཏེ

མི་རྟག་པའི་སྐད་ཅིག་མ་དེའི་ཡུན་ལ་གཅིག་ནས་གཅིག་ཏུ་འདྲེས་པར་བྱེད

  

 ༢༠༡༧.༡.༡༡.ཉིན་བྲིས།

སྡོང་བོ་ཞིག

ཁེར་རྐྱང་གི་སྡོང་བོ་ཞིག

ཁུ་སིམ་མེར་སྐྱེས་འདུག་པ་འདི་ཁྱོད་རང་རྒྱང་དུ་བཞུད་པ་དང་འདྲ

སྡོང་བོའི་རྩ་བའི་ས་དྲི

ཤར་ནུབ་མེད་པའི་དྲན་གདུང་གི་སྣེ་མོ

སྡོང་བོའི་རྩེ་ནས་འཐོར་བའི་ལོ་མ

འཐོར་ཟིན་པའི་དུས་ཚོད་ཀྱིས་སྦྲེལ་འདུག

སྡོང་བོའི་ཁོག་པའི་ནང་དུ

གཅོམ་ཆུང་གིས་རྨི་ལམ་འབོད་པའི་སྐད་སྒྲ

གློ་བུར་བའི་རླུང་གི་གཡོ་བ་ལས་ཀྱང་ཡང

རླུང་ནི་སྡོང་བོའི་ཁྲག་རྒྱུན་ཡིན

ལག་པའང་ཡིན

སྡོང་བའི་གཉེར་རིས་བར་ནས

རབ་རིབ་གྱི་ངོ་གདོང་ཅིག་མངོན

དུས་ལས་འདས་པའི་དཔྱིད་ཀའི་ནང་ན་རྒྱུ་བ་བཞིན

བསིལ་སྣང་ཕྲ་མོ་སྡོང་བོའི་ངོས་གཞན་ཞིག་ནས་གཡུག་ཡོང

གྲང་འཁྱག་གིས་གཅིལ་བའི་སེམས་པ

སྡོང་བོའི་ཡལ་ག་བརྒྱུད་ནས་མར་ལྷུང་སྟེ

ཧྲལ་ཧྲུལ་དུ་གྱུར་བའི་ལོ་མའི་སྟེང་གི་ཟིལ་བར་གྱུར

ས་སྲོད་ཀྱིས་ལོ་མ་དག་དམིགས་མེད་དུ་གང་སར་ཁུར་ཀྱང

ལོ་མའི་སྟེང་གི་ཟིལ་བས་ཕྱིར་དྲན་གྱི་མཚོ་ཁུག་སྟོང་བ་ཞིག་ཏུ་འཁྲིད་ཐུབ

 

༢༠༡༦.༡༢.༢༣.ཉིན་བྲིས།

 

 

རླུང་ནང་དུ





མིག་གིས་རྡོག་སྣེར་ལྟ་བའམ

ལན་རེར་བཙུམས་ཏེའདུག

ཕར་བལྟས་ཚོད་ལ་སྒོ་དམ་པོར་རྒྱབ་པའི་སྤྱིལ་བུ་ཞིག་རླུང་ནང་དུ་ལུས

མོ་ཊ་སོང་ཤུལ་གྱི་རྡུལ་དང

ཐང་རིང་ནས་སྤུར་ཡོང་བའི་འགྱིག་ཁུག་རལ་བོ་རེ

མིག་མདུན་དུ་སྤུངས་ཀྱང

རླུང་གི་སྒྲ་དབྱངས་ལས་མི་འདུག

དཔུང་བ་གཤིབ་འགྲོ་བའི་གཞོན་ནུ་ཕོ་མོ་ཆ་རེ

རྨི་ལམ་ནང་ནས་བུད་པའི་གོམ་སྒྲ་རྒྱང་དུ་གྱེས

མཉམ་པོར་བཟེད་པའི་ལག་པ

ནམ་མཁར་ཐུག་པ་མེད

མཉམ་དུ་འགྲོ་བའི་རྐང་པ

རྐམ་རྙིད་དུ་སོང་བའི་སྐྱོ་གདུང་སྟེང་དུ་སྤོས

ཐེངས་གཅིག་སེམས་ལ་འཁོར་ནས

སླར་ཡང་མཉམ་དུ་ཡལ་འགྲོ་འམ

རླུང་ནང་དུ་དུས་ཚོད་ནི་གོམ་སྒྲ་ཞིག་གོ

  ༢༠༡༦.༡༢.༨.ཉིན་བྲིས།



ཐོ་ཡོར།

དངོས་མིང་ལ་བསྟན་སྐྱོང་ཟེར། 1995ལོར་ཡུལ་གསེར་རྟའི་ཕྱོགས་ཀྱི་འབུམ་ཤུལ་སྡེ་བ་ནས་སྐྱེས།   སློབ་ཆུང་བཏོན་རྗེས་ཕུག་འུ་དགོན་དང་གསེར་རྟ་བླ་རུང་སོགས་སུ་སློབ་གཉེར་བྱས། 2013.ལོ་ནས་བཟུང་སྙན་ངག་ཐར་ཐོར་རེ་བྲིས་ཤིང་སྙན་ངག་རེ་འགའ༼མི་རིགས་ཀྱི་རྩོམ་རིག༽དང་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽ ༼གངས་རྒྱན་མེ་ཏོག༽ ༼ཟླ་ཟེར༽ ༼ལྷོ་ཁའི་རྩོམ་རིག་སྒྱུ་རྩལ༽ ༼གངས་ལྗོངས་ཉི་གཞོན༽ ༼གངས་དཀར་རི་བོ༽ ༼ཁམས་ཁུལ་གྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བསྡུས༽སོགས་དུབ་དེབ་དང་ཚགས་པར་དྲ་བ་ཁ་ཤས་སུ་བཀོད་མྱོང་།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
kiao བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ང་རོ་ཅན། སྤེལ་དུས:2017/2/16
ཡག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41155435
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1