གངས་གཤོག་གི་བཏུས་རྩོམ་འགའ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »གངས་གཤོག་གི་བཏུས་རྩོམ་འགའ།
གངས་གཤོག་གི་བཏུས་རྩོམ་འགའ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/2/25ལྟ་ཀློག (2453)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


࿑རི་རྒྱབ་ཀྱི་ཚེར་མ།

སུན་སྣང་མིག་གིས་སེམས་ལ་ལན་འགར་བལྟས།།
མུན་པ་གྲིབ་མས་ལུས་སེམས་གྲི་བཞིན་གཏུབས།།
ལོ་ཟླ་ལོ་ཟླས་རྨས་པའི་སྐྱོ་གར་འདིས།།
བདག་ནི་རེ་ཞིག་དམྱལ་བའི་མགྲོན་དུ་སླེབས།།

སྒེའུ་ཁུང་ཕྱི་ནང་རིང་དུ་དགུན་ལ་བཟུར།།
དབྱངས་ཀྱི་ལན་བུ་རླུང་དང་ངུ་བས་ཤད།།
འཇིག་རྟེན་རྟག་ཏུ་ཟླ་བར་གྱེར་བ་འདིས།།
བླ་དང་སྲོག་གི་བར་སྣང་ག་ལེར་ཞིག།།

གཤོག་རྩལ་རབ་ཏུ་རྫོགས་པའི་བྱེའུ་འདི།།
གྱེན་དང་ཐུར་ལ་ཐོགས་པ་མེད་པའི་ངང་།།
མུན་པ་འོད་ཟེར་འཁོར་བའི་ནམ་མཁའ་རུ།།
རང་གི་ལུས་ལ་བབས་པའི་བྱེ་མ་འཐུ།།

ཐམས་ཅད་འཕུར་བའི་དབྱངས་ཀྱི་རྐང་འོག་ནས།།
ལུས་དང་སྲོག་ལ་ཆུ་ཐིགས་མདའ་བཞིན་འཕངས།།
ཡོད་ཚད་འདར་བའི་རླུང་གི་རྨི་ལམ་ནས།།
ལས་དང་གྲིབ་མ་བཞིན་དུ་རིང་དུ་འདྲེས།།

རྐང་ལམ་ངོས་སུ་ནམ་མཁའི་རི་མོ་བྲིས།།
མིག་གི་མཚན་མོ་འོད་ཀྱི་ལམ་ལ་འཐིམས།།
སྲོག་གི་བ་སྤུ་འདར་བའི་འཇིགས་པ་འདིས།།
བདག་གི་སྒེའུ་ཁུང་སྐྱོ་ཡུས་སྟོང་གིས་མཛེས།།

ལས་ཀྱི་འདྲ་རིས་འཇིགས་པས་ཕབ་པ་འདིས།།
རྨི་ལམ་ཞལ་ཁ་བར་དོའི་གཟུགས་ཀྱིས་འབྱེད།།
ལས་ནི་འཁོར་བར་འཐབ་པའི་འཁྲུག་ཆ་འདིས།།
སྲོག་གིས་ངལ་གསོའི་སྐལ་ཞིག་མཐོང་མ་བྱུང་།།

མེ་ལོང་ནག་པོ་གདོང་ལ་ཕྱོགས་པ་འདིས།།
བར་སྣང་རབ་རིབ་ཅན་གྱི་མཚན་མོར་འཐིབས།།
སྲོག་དང་ལུས་ལ་ས་གཞི་བཏེགས་པ་འདིས།།
ལས་ཀྱི་ལམ་ལ་གྱེས་ཕྱག་རྒྱང་ནས་ཞུས།།

࿑ལམ་གྱི་གཙང་བོ།

མིག་གི་རི་ལམ་འོད་ཟེར་སྐྱ་བོས་འཐེན།།
ངག་གི་གཙང་བོ་སྒྲ་དང་གཟུགས་ཀྱིས་བཞུར།།
སྣང་བའི་ཟླ་བ་སྨུག་པར་འཐིབས་པ་དང་།།
ལས་དང་སྲོག་ནི་མེ་དང་ཆུ་ལ་འཕྲད།།

ནམ་མཁའི་མཐོངས་སུ་སྤྲིན་དང་གློག་འོད་ཁྱབ།།
ས་ཡི་སྟེང་འོག་མེ་ཏོག་རྡོ་བའི་ཚིགས།།
དེ་དག་རླུང་གིས་བརྗོད་པའི་བར་སྣང་ན།།
ཁོ་བོའི་ཡོད་ཚད་ཁྱེད་ཀྱི་ཁྱིམ་ལ་ཐིམ།།

བདག་གི་འཇིག་རྟེན་གཙང་བོའི་འགྲམ་དུ་བཞུར།།
ཕྱི་ནང་ཀུན་ལ་ཆར་བའི་ཕོ་བྲང་རྒྱུ།།
རླུང་གིས་རི་ལམ་དེད་པའི་ཐང་ཆེན་ན།།
སྒྲ་དང་གློ་བ་དག་ནི་ས་ཡིས་ཁུར།།

ལས་ཀྱི་འཁོར་བ་ཕར་ཀའི་གྱང་ལ་ཕབ།།
སྲོག་གི་རླུང་བུ་མེ་ཕུང་ཁམས་ན་རྒྱུ།།
དབྱངས་ཀྱི་འོད་ཟེར་གྲིབ་མ་འཁོར་བ་འདིས།།
བདག་ནི་རེ་ཞིག་འཁོར་བའི་འགྲོན་དུ་སླེབས།།

ཐ་ན་གནམ་ས་མེད་པའི་འཁོར་བ་འདིར།།
ཁྱོད་ནི་ཆུ་བཞིན་བདག་གི་འགྲམ་དུ་བཞུར།།
ཁོ་མོ་དགུན་བཞིན་བདག་གི་མིག་ཆུར་གཡེང་།།
རླུང་དང་དེ་ཡིས་ཁོ་བོའི་ཡོད་ཚད་བསྒྲིབས།།

ཁྱོད་ཀྱི་འོད་ཟེར་བདག་གི་འགྲམ་དུ་འཐོར།།
ལས་ཀྱི་སྐར་མ་ཁོ་བོས་བང་ནས་འཐུ།།
རེ་འགར་འགྲོ་བ་རེ་འགར་སྡོད་པ་ཁྱོད།།
ང་ཡིས་འཁོར་བ་གཏོར་བའི་རླུང་བུ་ཞིག།

ཁྱོད་ཀྱིས་བདག་གི་བང་ལ་སྤྲིན་པ་བྲིས།།
མེ་དང་ཆར་ཆུ་དུས་རྒྱུན་མེད་པར་བབས།།
སྐྲ་དང་གློ་སྙིང་བརླན་པའི་རྩིག་ངོས་སུ།།
ང་ཡི་བྱེ་མ་དཀར་དམར་ཁྱེད་ལ་མཆོད།།

࿑འཁོར་བའི་སྨུག་པ།

འཁོར་བའི་རྒྱབ་ཏུ་ཚེར་མའི་སྨུག་པ་འཁོར།།
ཚེར་མའི་སྨུག་པ་ཁོ་བོའི་བྲང་ལ་འཁྱིལ།།
བྲང་ལ་འཁྱིལ་བའི་གྲིབ་མའི་འོད་ཟེར་འདི།།
ད་ནི་མེ་དང་འཕྲད་པའི་ཁ་བ་བཞིན།།

ལན་རེར་ནམ་མཁའ་འདིའང་མཐོ་རྒྱུ་མེད།།
མཚམས་རེར་ས་གཞི་འདིའང་ཆེ་རྒྱུ་མེད།།
འཁྲུལ་རྟོག་སྣང་བས་སྤུར་བའི་མགོ་འཕང་འདི།།
ལང་ཚོ་གསར་བའི་རི་ན་ཁྲག་བཞིན་བཟར།།

སྐབས་རེར་མིག་ཆུ་བཞུར་ཡང་སྡུག་རྒྱུ་མེད།།
ཐུན་རེར་དགའ་འཛུམ་འཕྲོས་ཀྱང་སྐྱིད་རྒྱུ་མེད།།
ཚོར་གཞིག་སྨུག་པས་དཀྱུས་པའི་བྱེ་སྒང་ན།།
བདག་གི་འཇིག་རྟེན་ཡང་ན་བཟི་ཞིང་འཁྱོར།།

འཇིགས་པའི་གློག་དམར་སྣེ་ན་སྡོད་པའི་ཁྱོད།།
སླར་ཡང་འཇིག་རྟེན་འདི་ནི་ཁུར་བྱས་ཏེ།།
རླབས་དང་འཇའ་ཚོན་བསླེས་པའི་གུར་ཁང་ལ།།
སྲོག་གི་རྒྱུ་བ་མེ་བཞིན་འཕྲད་སྲིད་དོ།།

གྲིབ་མའི་ཁྱོད་ཀྱི་འོད་ཟེར་གློ་དམར་དེས།།
ཁོ་བོའི་སྲོག་གམ་ཡང་ན་མིག་ཟུང་མིད།།
འཁོར་བའི་ཁ་བ་འབབ་པའི་དགུན་གཞུང་ནི།།
བདག་གི་ལུས་ཀྱི་དབྱངས་ཀྱི་མགྲིན་པ་ཡིན།།

ང་ཡི་བར་དོའི་རྒྱབ་ན་ཁྱེད་ཉིད་འཚོ།།
ཁྱེད་ཀྱི་འཁོར་བའི་འགྲམ་ནས་ང་རང་བསུབས།།
དེ་ལྟར་ཁོ་བོའི་སྨུག་པའི་འཁོར་བ་འདི།།
ཁྲག་དང་མིག་ཆུས་བཞེངས་ཞེས་སུ་ལ་ཟློ།།

2016.12.24.  ཉིན་མཇུག་གྲུབ།


࿑གྲིབ་ཟུར་གྱི་མེ་ཏོག




རྒྱང་རིང་དག་ལ་སྔར་བཞིན་ཁ་བ་ཞེས།།
རང་ཉིད་ཟེར་ན་ཆར་ཆུ་སམ་སིམ་ཙམ།།
ལས་འདི་ཟེར་བཞིན་འཁོར་བར་བསྡིགས་པ་འདིས།།
མེ་དང་ཆུ་ཡི་མེ་ཏོག་མིག་ལ་དགོད།།

ནམ་མཁའ་དམའ་རུ་ཕྱིན་ཏེ་སར་འགྲོ་འགྲོ།
ས་གཞི་མཐོ་རི་འཕུར་ཏེེ་མཁར་སྡོད་སྡོད།།
ཁྱོད་ཀྱིས་འཛུམ་མདང་བོར་བའི་ལམ་འགྲམ་དུ།།
རེ་ཞིག་ཁོ་བོ་ཕྱི་མས་ལན་བརྒྱར་བརྗོད།།

ཞིང་ཚུགས་རེ་ལ་ལས་མྱུག་གྲངས་མེད་བཏབས།།
མྱུ་གུའི་དག་ཞིང་དགུན་ནམ་རླུང་གིས་གྲང་།།
ཁངས་དང་ཁ་བ་ཅན་གྱི་དབྱར་གཞུང་ཁྱོད།།
དགུན་ནམ་སུ་དང་གང་གི་བརྗོད་བྱ་ལགས།།

དེ་ལྟར་ཁ་བ་དང་ནི་ཤུགས་ཤུགས་ཞེས།།
ལྷག་པར་ཡུལ་དང་ཡིད་ལ་མང་ཙམ་མོ།།
ཐ་ན་མིག་ཙམ་སྡེབ་པར་དོགས་པའི་མཚན།།
དུས་འདིར་ཁྱེད་ཚོར་སེམས་ཁྲེལ་ཤིན་ཏུ་ལྕི།།

སྐབས་འདིར་ང་ཡི་མིང་ལ་དགུན་ཁ་ཟེར།།
ལྷག་པར་ཁ་བ་བབས་ན་ཧ་ཅང་ཡག།
ཡིན་ཡང་དཔྱིད་ཟླས་མཐོང་ན་ཧ་ཅང་ངུ་།།
ལྷག་པར་ཨ་མས་རིག་ན་མིག་ཆུ་འཁྱོར།།

ཡིད་ཀྱི་ནམ་མཁའ་དོགས་མོ་རྒྱང་རིང་ལྟར།།
འཁོར་བའི་རྨི་ལམ་དག་ལ་སྣང་བ་ཟེར།།
རི་ཁྲོད་ལྷིང་འཇགས་འགྲམ་རྒྱུད་དེད་པས་ན།།
འཁོར་བའི་གཡོར་གྲུ་ཚུར་ལ་ཤུགས་ཤུགས་ཞེས།།

དེ་ལྟར་ཡིད་དང་སྲོག་ལ་རབ་ཉེ་བའི།།
ཡུལ་དང་ཡུལ་མི་ཁྱེད་ཚོ་བདེར་ཡོད་དམ།།
ལྷག་པར་ཁྱེད་ཅག་བརྗེད་དུ་མི་སྟེར་ཏེ།།
རྣམ་ཤེས་ཕྱིར་ཕྱིར་དབྱངས་ལ་འཇུག་པར་བྱ།།

2016.2.21

࿑བར་སྐབས་ཤིག་གི་གཞས།


ལྷ་ཡུལ་ཟེར་ཡང་མི་ཡུལ་ད་དུང་ལྷག།།
རྨི་ལམ་ཟེར་ཡང་སྔར་བཞིན་ནག་པོ་ཞིག།།
སྣང་བ་དོགས་དང་རླུང་གིས་རབ་འགུལ་བས།།
ད་ལྟའི་མི་ཡུལ་འདི་ལ་མིག་ཆུ་ཟེར།།

ཕར་ལ་བལྟས་ན་སྐར་མ་ཟླ་བ་དག།།
ཁོ་བོའི་ཉེ་སར་སླེབས་ཤིང་གསལ་ལ་ལྟོས།།
རྒྱང་ལ་སོང་ན་ནགས་དང་གཙང་བོའང་།།
རི་ཡི་མདུན་དང་རྒྱབ་ཏུ་ཡིབ་པ་མཚར།།

འགྲོ་བ་རྣམས་ནི་དག་པའི་ཞིང་ལ་སྤར།།
ལྷ་ཚོགས་དག་ནི་མཁོན་དང་སྡུག་ལ་བརྩོན།།
ཁྱོད་ཀྱི་འཇིག་རྟེན་ཇི་འདྲའི་དྭངས་དྭངས་ལ།།
བདག་གི་ལྷ་ཡུལ་ཇི་འདྲའི་སྨྱོས་སྨྱོས་ལ།།

ཚུར་ལ་འཁོར་ན་ལྷ་དང་ལྷ་མོ་སོགས།།
ཕར་ལ་འཁོར་ན་མི་དང་འཇིག་རྟེན་ཅན།།
མུན་པའི་འོད་ཟེར་ཅན་གྱི་གཙང་བོ་ཁྱོད།།
འཇིག་རྟེན་པ་ཞིག་ཡིན་ནམ་ཡང་ན་སུ།།

ལམ་ཕྲན་ཆུང་ཆུང་ཇི་འདྲའི་ཆེ་ཆེ་ལ།།
ནམ་མཁའ་མཐོ་མཐོ་ཇི་འདྲའི་དམའ་དམའ་སྟེ།།
བདག་ནི་འཇིག་རྟེན་ཁམས་སུ་མི་ཤོང་བས།།
ད་ནི་ཡུལ་ལམ་གནས་ཤིག་ཡོད་དམ་ཀྱེ།།

མདུན་གྱི་ཆུ་བོ་ཁྱེད་ཅག་མ་འདུག་སོང་།།
རྒྱང་གི་ཁུ་བྱུག་ཁྱེད་ཅག་ཕྱིར་ལ་ཤོག།
ནམ་ཞིག་དགུན་ཟླ་རིང་མོ་མཇུག་སྒྲིལ་ཏེ།།
ཁོ་བོས་དཔྱིད་ཀྱི་གཞས་ཤིག་ལེན་པར་བྲེལ།།

2017.2.12.རང་ཤག་ཏུ།

࿑དགུན་མཚན་རིང་མོ།


དོ་ནུབ་ནམ་མཁའི་དབྱིངས་ཀྱི།།
ཟླ་འོད་མག་མོག་ཅན་པོ།།
མུན་པའི་འཇིགས་པ་ཟེར་བཞིན།།
ཤར་དང་མ་ཤར་མི་འདུག།།

རླུང་བུ་རླུང་བུ་མ་གསུངས།།
ཁོ་བོ་རླུང་བུར་སུན་ཡོད།།
མིག་ཆུ་མིག་ཆུ་མ་གནང་།།
མིག་ཆུས་སེམས་རྩ་གཅོད་མྱོང་།།

དགུན་ཁ་དགུན་ཁ་མ་ཟེར།།
ང་རང་དགུན་ཁ་སྐྲག་གི།
ལྷག་པར་ཁ་བ་བབས་ན།།
སེམས་འདི་ཧ་ཅང་འཁྱགས་འཁྱགས།།

ལས་དབང་ལས་དབང་མ་གསུངས།།
ཁྲེལ་མེད་བསམ་ནག་ཤིག་གོ།
ཁོ་བོ་ལས་དབང་ཟེར་བས།།
ཐེངས་འགར་སྡུག་ལ་གཏད་མྱོང་།།

འཇིག་རྟེན་སྣང་བ་མ་བཤད།།
སྐྱོ་དང་མི་ཁའི་ལམ་ཞིག།
འཇིག་རྟེན་སྐྱིད་སྐྱིད་མ་གསུངས།།
མིག་ཆུ་བཞུར་བའི་གཞི་མ།།

ཁོ་བོའི་མདུན་ནས་རྒྱབ་ལ།།
ཙག་དང་རླུང་བུ་ཤུར་ཤུར།།
ས་མཐའི་འཁྱམས་པོའི་བུ་ལོའི།།
སེམས་པ་ཨ་འཁྱགས་དགུ་འཁྱགས།།

ཁ་ཆར་གཅིག་རྗེས་གཉིས་འཐུད།།
སེམས་པའི་རི་ལ་བབས་བྱུང་།།
ཁོ་བོའི་ལུས་ཀྱི་ཕྱེད་ཀ།
ཁངས་དང་ཁ་བས་རྨས་སོང་།།

ཁེར་རྐྱང་སྐྱོ་བའི་རྨི་ལམ།།
ཟླ་འོད་མཚན་ལ་གཏད་ཡོད།།
དྲན་པའི་འཆར་སྒོ་མོག་པོ།།
སེམས་ཀྱི་མི་ལ་ཕྱོགས་ཡོད།།

སྐྱོ་བའི་སྐྱོ་ཚུལ་མ་འདྲི།།
ངུ་སྐད་གཞན་གྱིས་གོ་ཐལ།།
དྲན་པའི་དྲན་ཚུལ་མ་འདྲི།།
བྲང་གཞུང་མིག་ཆུས་བརླན་ཡོད།།

2017.2.18.ཉིན་བྲིས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41169963
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1