དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོས་སློབ་ཆུང་སྐད་ཡིག་ཁྲིད་ཐབས་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» བོད་ཀྱི་སློབ་ཆུང་གི་སྐོར། »དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོས་སློབ་ཆུང་སྐད་ཡིག་ཁྲིད་ཐབས་གླེ
དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོས་སློབ་ཆུང་སྐད་ཡིག་ཁྲིད་ཐབས་གླེང་བ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/3/27ལྟ་ཀློག (8130)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོས་སློབ་ཆུང་སྐད་ཡིག་ཁྲིད་ཐབས་གླེང་བ།

འཆད་ཁྲིད་གནད་བསྡུས།
དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ།

རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ།


    ད་ལྟ། སློབ་ཆུང་མཐར་ཕྱིན་གྱི་སློབ་མའི་ཁྲོད་དུ་བོད་ཡིག་ཡག་པོ་ཀློག་མི་ཤེས་པའི་སློབ་མ་མང་པོ་ཡོད་སྐད་འདུག ཐ་ན་དམའ་འབྲིང་དུའང་ཡོད་སྐད། འདི་ནི་འདང་རྒྱག་དགོས་པ་ཞིག་མ་རེད།  ལོ་ངོ་དྲུག་ལ་ཡི་གེ་བསླབས་རྗེས། ཐ་ན་ལོ་དགུ་དང་བཅུ་གཉིས་ཙམ་ལ་ཡི་གེ་བསླབས་རྗེས་ད་རུང་ཀློག་ཡག་པོ་མི་ཤེས་ན་དེ་ནི་སློབ་གསོའི་གནད་དོན་གལ་ཆེན་ཞིག་མིན་ནམ། ཁྱོད་ཚོས་སོམས་དང་།
    ད་ལྟ་ང་ཚོས་སློབ་ཆུང་དུ་བོད་ཡིག་ཇི་ལྟར་ཁྲིད་ཀྱིན་ཡོད་དམ་ཞེ་ན། བྱིས་པར་ཆུང་དུས་ནས་ཚིག་གྲོགས་བཙལ་ཚུལ་བསླབས། ཁ་སྐོང་འབྲི་ཚུལ། ཚིག་བསྒྲིགས་སྟངས་སོགས་སློབ་ཀྱིན་ཡོད་པ་རེད། ཁྱོད་ཚོས་སོམས་དང་། དེས་གོ་ག་འདྲ་ཆོད་ཀྱིན་ཡོད་དམ། བོད་ཡིག་གི་རྨང་གཞི་འཇོག་ཐུབ་ཀྱིན་ཡོད་དམ།
    ད་དུང་ཆུང་དུས་ནས་བྱིས་པའི་བློས་འཆུམ་ཚོད་ལ་མི་ལྟ་བར་ནང་དོན་འགྲེལ་བཤད་བྱེད་ཀྱིན་ཡོད་པ་རེད། དཔེར་ན། སེང་གེ་ཞེས་པ་ནི་ཅི་རེད་ཅེ་ན།  བྱིས་པ་དག་གིས་ཤེས་ཀི་ཞེས་ལན་འདེབས་པ་རེད། འོན་ཏེ་དགེ་རྒན་གྱིས་༼སེང་གེ་ཞེས་པ་ནི་སྲོག་ཆགས་འཇིགས་སུ་རུང་བ་ཞིག་གོ་༽ཞེས་འགྲེལ་བཤད་བྱས་ཚེ། རྦད་དེ་དོན་གོ་བ་དེ་མི་གོ་བ་ཞིག་ཏུ་བཏང་བ་རེད། ང་ཚོས་སློབ་གསོའི་ཁྲོད་དུ་འདི་ལྟར་སླ་མོ་དཀའ་མོར་སྒྱུར་བཞིན་པ་མང་པོ་སྣང་།
    ཚིག་གྲོགས་འཚོལ་བ་དང་ཁ་སྐོང་འབྲི་བ། ཚིག་བསྒྲིགས་པ་སོགས་མང་ཆེ་བ་སྐད་རིགས་གཞན་གྱི་སློབ་ཁྲིད་བྱེད་སྟངས་རེད། དེ་ང་ཚོའི་བོད་སྐད་ཡིག་སློབ་ཁྲིད་བྱེད་སྟངས་ལ་བཀོལ་ན་མཚམས་པོ་ཞིག་རེད་དམ། བོད་ཀྱི་སྲོལ་རྒྱུན་དུ་བོད་རང་གི་སྐད་ཡིག་སློབ་སྟངས་ཡོད་པ་རེད། ང་ཚོས་དེ་ལ་ཞིབ་འཇུག་དང་བེད་སྤྱོད་བྱས་ན་མི་ལེགས་སམ།



འོ་ན་སྲོལ་རྒྱུན་གྱི་སྐད་ཡིག་ཁྲིད་སྟངས་ག་འདྲ་རེད་ཅེ་ན། གཙོ་བོ་གཤམ་གྱི་ཕྱོགས་འགའ་ཡོད་པ་རེད།

གཅིག ཀློག་གཙོ་བོར་འཛིན་པ།

    ཐོན་མི་མཆོག་གིས་ལོ་སྟོང་དང་སུམ་བརྒྱའི་སྔོན་ལ་ང་ཚོར་༼བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱོངས། །༽ཞེས་མན་ངག་གནང་ཡོད་པ་རེད། ཀློག་གི་རྨང་གཞི་མེད་ན་གཞན་དག་ཇི་ལྟར་སློབ་བམ། དེས་ན། གསལ་དག་མྱུར་གསུམ་དང་ལྡན་པའི་ཀློག་ཅིག་སློབ་པ་ཅིས་ཀྱང་གལ་ཆེན་པོ་རེད། དང་པོ་གསལ་ཅེས་པ་སྒྲ་གསལ་བོ་ཡིན་པར་གོ་དགོས། གཉིས་པ་དག་ཅེས་པ་ཡིག་ཆོད་ཆེ་བར་གོ་དགོས། སྔོན་ཆད་ཀྱི་རུ་ནང་གི་བོད་ཡིག་རང་སྦྱོང་བ་ལ་ལའི་ཀློག་ཤིན་ཏུ་མྱུར། ཆོས་དཔེ་སོགས་བཏོན་ན་མིག་གིས་རྗེས་མི་ཟིན་པ་དེ་འདྲ་འདོན་ཐུབ། དེ་དག་གིས་ཀྱང་ཐོག་མར་ཀློག་གཙོ་བོ་བྱས་པས་རེད། ད་ལྟ་ལོ་དྲུག་ལ་ཀློག་བསླབས་ཀྱང་ད་དུང་ཀློག་མི་འགྲོ་དོན་ཅི་རེད། ཀློག་མ་སོང་ན་དཔེ་ཆ་ཇི་ལྟར་སྦྱང་དགོས་སམ།
གཉིས་པ་བྲིས་ལ་གཙོ་བོར་འཛིན་དགོས།

    སྤྱིར་ལྷ་ས་སོགས་སུ་ལོ་རིམ་དང་པོ་ནས་བཟུང་དབུ་མེད་འབྲི་ཤེས་པ་དང་ཡིག་གཟུགས་སྦྱོང་བར་དོ་སྣང་བྱེད་ཀྱང་ཨ་མདོ་དེ་འདྲ་ཞིག་མ་རེད། བྲིས་ལ་ཡང་དག་སྙོམས་མྱུར་གསུམ་འཛོམ་དགོས།
    བྲིས་དག་མོ་སྟེ་ཡིག་ནོར་ཉུང་བ། སྙོམས་པ་སྟེ། ཡིག་འབྲུ་ཆེ་ཆུང་མེད་པ། མྱུར་བ་སྟེ། ཟིན་བྲིས་སོགས་མྱུར་བར་འདེབས་ནུས་པ། དེ་ལྟ་བུའི་བྲིས་རྩལ་མཁོ་བ་རེད།
གསུམ་པ་འཛིན་སྐྱོར་གལ་ཆེ་བ་རེད།

    བློ་ལ་བྱང་བར་བྱེད་པ་གལ་ཆེ། དཔེར་ན་སྔོན་གྱི་རྣམ་ཐར་སོགས་ལ་འཇལ་ན་བློ་འཛིན་ཧ་ལས་པ་གནང་བའི་ལོ་རྒྱུས་འཇལ་དུ་ཡོད། ཉེ་སྔོན་ཡང་བུ་མོ་ཞིག་གིས་གསོ་རིག་རྒྱུད་བཞི་ཆ་ཚང་བློ་སྐྱོར་བྱས་པ་ལྟ་བུ་རེད། རྒྱ་ཡིག་སོགས་ལ་མཚོན་ནའང་ཐང་དང་སུང་གི་སྙན་ཚིག་ལྟ་བུ་སློབ་མས་ངེས་པར་བློ་སྐྱོར་བྱེད་དགོས་པའི་འཆར་གཞིའི་ནང་བཞག་འདུག
བཞི་བ་དཔེ་ཀློག་གལ་ཆེ།

    ཉི་ཧོང་སོགས་སུ་ལོ་བཞི་ལྔའི་སྟེང་ནས་བཟུང་དཔེ་ཀློག་མགོ་རྩོམ་པ་རེད། ཡ་ཧུ་ད་པའི་དཔེ་ཀློག་ནི་འཛམ་གླིང་གི་རྩེ་གྲས་རེད། ང་ཚོར་དཔེ་ཀློག་གིས་འདང་གིན་མི་འདུག
    དེ་ལྟར་བོད་ཡིག་སློབ་སྐབས་ཡི་གེ་ལ་བསྙེན་བཀུར་བྱེད་ཐབས་གསུམ་ཡོད་དེ། སྒྲ་དག་པར་ཀློག་པ། གཟུགས་ཡག་པར་འབྲི་བ། དོན་ཐིག་པོར་བླངས་ནས་བསྙེན་བཀུར་དང་བསྟི་སྟངས་བྱ་བ་བཅས་ཡིན། སྔོན་གྱི་མཁས་པ་དག་ལས་གཞན། ཉེ་རབས་ཀྱི་མཁས་པ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚ། དམུ་དགེ་བསམ་བརྟན་ཚང་། དུང་དཀར་ཚང་སོགས་ཀྱང་རྨང་གཞི་འདི་འདྲ་ལ་བརྟེན་ནས་བསླབ་པའི་གནས་ལ་ཞུགས་པ་མ་གཏོགས། ཚིག་གྲོགས་བཙལ། ཁ་སྐོང་བྲིས། ཚིག་བསྒྲིགས་ནས་དེ་ལྟ་བའི་མཁས་པར་གྱུར་པ་མ་རེད། འདི་དག་ནི་གཞན་གྱི་སྐད་ཡིག་སློབ་སྟངས་ལ་ལད་མོ་བྱེད་དྲགས་པས་རང་གི་ཁྱད་ཆོས་བོར་བ་རེད་སྙམ།

༢༠༡༧ལོའི་ཟླ་༣ཚེས་༢༢ཉིན་གྱི་ཕྱི་དྲོ།

ཏཱ་ན་འབྲོག་ཕྲུག་གིས་བྲིས།



༼འདི་ནི་འཆད་ཁྲིད་ཀྱི་དོན་ཐོ་རེ་ལོང་ངེ་ཙམ་བྲིས་པ་ཡིན་པས་མ་འདུས་པ། མ་གསལ་བ། མ་ཐིག་པ་སོགས་ཡོད་སྲིད་དོ། ༽ 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qngu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41130116
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1