༧གྲུབ་དབང་རྫོགས་ཆེན་བསྟན་འཛིན་ལུང་རྟོགས་ཉི་མའི་བཀའ་སློབ་གནད་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 23 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས་ཆོས་སྤྱོད། »༧གྲུབ་དབང་རྫོགས་ཆེན་བསྟན་འཛིན་ལུང་རྟོགས་ཉི་མའི་བཀའ་སློབ་གནད་
༧གྲུབ་དབང་རྫོགས་ཆེན་བསྟན་འཛིན་ལུང་རྟོགས་ཉི་མའི་བཀའ་སློབ་གནད་བསྡུས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/5/10ལྟ་ཀློག (1622)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   ༄༅། ། ༧ གྲུབ་དབང་རྫོགས་ཆེན་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་ནི།  ཇི་སྐད་དུ། གྲུབ་དབང་སྐུ་རབས་དྲུག་པའི་ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོས་སྤྱི་ལོ་༡༩༥༩བར་བསྩལ་པའི་བརྡའ་ལུང་ལས། ཤར་ཆུ་འཛིན་དཀར་པོའི་འོག་ཤེད་ནཿ སྙིང་དམར་བོའི་དྭངས་བཅུད་ཐིགས་པ་ཞིགཿ མིང་དྷྭ་ཛ་ཏཱ་རེའི་སྐྱེད་ཁྱིམ་དུཿ ཡ་མཚན་གྱི་ཐིག་ལེར་སྨིན་པའི་ཚུལཿ ཞེས་གནས་དང་ཡབ་ཡུམ་གྱི་མཚན་སྒྲ་གསལ་བ་ལྟར་གངས་ཅན་བོད་ཀྱི་ཤར་ཕྱོགས་རྨ་ཡུལ་དུ་སྐུ་འཁྲུངས། ཐམས་ཅན་མཁྱེན་པའི་གཟིགས་པ་མངའ་བའི་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་ངོས་འཛིན་མཚན་གསོལ་མཛད་དེ་གསེར་ཁྲིར་བཀོད། སྐུ་ན་གཞོན་ནུ་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་གྱི་མཁྱེན་རབ་རྒྱས་ཤིང་། སྔ་འགྱུར་བཀའ་གཏེར་སྨིན་གྲོལ་གདམས་ཁྲིད་ཀྱིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པ་སྟེ། དུས་ཀྱི་མུན་ཁྲོད་འདིར་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པ་གཙོས་རིས་མེད་བསྟན་འགྲོའི་དཔལ་མགོན་དུ་བཤད་སྒྲུབ་ལས་གསུམ་གྱི་སྣང་བ་འབྱེད་པར་རྒྱུ་སྐར་གྱི་ཁྲོད་ན་ཟླ་བ་བཞིན་བཞུགས་པ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།།

༄༅།།དུང་ཞེན་ལྷག་བསམ་གྱི་རེ་བསྐུལ་དོན་བརྒྱད་མ།

དུང་ཞེན་ཡིད་ཀྱི་འོ་མའི་ཆུ་གཏེར་གངས་རིའི་རྩེ་མོར་འཕྱུར་བའི་རླབས། །

ལྷག་བསམ་འོད་དཀར་ཟླ་བ་གསར་བའི་ལང་ཚོའི་དཔལ་གྱིས་འཛུམ་པ་འདི། །

ཁ་བའི་རི་ཚོགས་ཚལ་དུ་དངར་བའི་ཆོལ་གསུམ་ཞིང་ལ་འགྲེམས་གྱུར་ན། །

ཕན་བདེའི་འདབ་མ་ཕྱོགས་སུ་བཞད་ཅིང་རེ་སྨོན་འབྲས་བུ་གཡུར་ཟ་ཤོག །


འོད་སྣང་མཐའ་ཡས་རྒྱལ་བའི་ཞིང་གི་བདེ་གཤེགས་ཐུགས་ཀའི་ཧྲཱི་ཡིག་དམར། །

སིནྡྷིའི་དྭངས་མཚོར་ཐོལ་གྱིས་འཕོས་པ་འཆི་མེད་མཆོག་གྲུབ་པདྨ་འབྱུང་། །

གངས་རིའི་འགྲོ་ལ་ལྷག་པར་བརྩེ་བ་ཕྱག་ན་པད་དཀར་འཆང་བའི་ལྷ། །

ཁ་བའི་ལྗོངས་འདི་ཡལ་བར་མི་དོར་ཐུགས་དམ་དབྱིངས་ནས་ད་བསྐུལ་ཀྱེ། །

      ཞེས་ཡུལ་དམ་པ་ལ་ཐུགས་དམ་གནད་བསྐུལ་གྱི་ཚིག་གི་དབྱངས་རྟ་སྔོན་དུ་འགྲོ་བ་དང་བཅས །སེམས་དང་བསམ་པའི་འཁོར་ཕྱོགས་གཅིག་ཅིང་། དད་དང་འདུན་པའི་དམ་ཚིག་གཅིག་གིས་འབྲེལ་བའི་རང་རིགས་སྤུན་ཟླ་ཡོངས་ལ་དུང་ཞེན་ལྷག་བསམ་གྱི་རེ་བསྐུལ་འགའ་ཞིག ཇི་སྐད་དུ། སྙིང་བརྩེའི་ཕྱིར་ན་མི་དགེ་མེད། །ཅེས་དང་། རང་གི་རིགས་ལ་ཞེན་པ་དཀར་བོའི་མདངས། །རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །རང་ཡུལ་ཁ་བ་ཅན་གྱི་(མི་དམངས་)ལ། །རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ། །ཅེས་པའི་ལེགས་བཤད་དག་སྤོབས་པ་བསྐྱེད་པའི་སེམས་རྟེན་དུ་ཡིད་ལ་འཆང་སྟེ་ཅུང་ཟད་ཕན་དུ་རེ་བའི་ཀུན་སློང་གིས་སྨྲ་བ་ལ།

 ༡ དང་པོ་ཁོར་ཡུག་སྲུང་སྐྱོབ།

     རང་རེའི་ཕ་ས་ཁ་བ་རི་བའི་ལྗོངས་འདི་ནི་གོ་ལ་ཁྱོན་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་དང་ཐད་ཀར་འབྲེལ་བ་ཆེ་བའི་འཛམ་གླིང་གི་ཆེས་མཐོ་སྒང་དུ་ཆགས་པ་དང་། འཛམ་གླིང་མི་འབོར་གྱི་ཉིས་ཆ་ཟིན་པའི་ཤར་གླིང་ཨེ་ཤ་ཡའི་གཙང་བོ་ཕལ་ཆེ་བའི་འབྱུང་ཁུངས་སུ་གྲུབ་པ་མ་ཟད། བོད་ཡུལ་མཐའ་དབུས་ཀྱི་རི་མཚོ་གངས་བྲག་རྣམས་སུ་སློབ་དཔོན་པདྨ་འབྱུང་གནས་སོགས་སྐྱེས་ཆེན་རྣམས་ཀྱིས་བྱིན་གྱིས་རླབས་ཤིང་ཆོས་ནོར་གཏེར་གྱིས་ཡོངས་སུ་བལྟམས་པའི་གནས་ཆེན་ཤ་སྟག་ཡིན་པ་དང་། ནམ་མཁའ་དྭངས་ཤིང་མཁའ་དབུགས་གཙང་བ། སྲིད་པའི་གངས་རི་དང་རྫ་བྲག ནགས་ཚལ་དང་སྤང་ལྗོངས། མཚོ་དང་འཚེའུ། གཙང་བོ་དང་ཆུ་ཕྲན་སོགས་ཀྱིས་ཕྱུག་པའི་གནས་ཁྱད་པར་བ་ཞིག་ཡིན་མོད། བར་སྐབས་ནས་ཕྱི་ནང་གི་རྐྱེན་སྣ་ཚོགས་པས་གཏོར་བརླག་ཐེབས་པ་ཆེས་ཚབས་ཆེ་ཞིང་ད་དུང་ཡང་འདི་བཞིན་སྔོན་འགོག་མེད་པར་གཏོར་བརླག་ཏུ་ཕྱིན་ན། ས་ཡི་བཅུད་དང་ཡུལ་གྱི་གཡང་ཀུན་ཉམས་ཏེ་གངས་ཅན་གྱི་ལྗོངས་འདི་མི་འགྱང་བར་མྱ་ངན་གྱི་ཐང་དང་ཡི་དྭགས་ཀྱི་ཡུལ་ལྟ་བུར་འགྱུར་བར་ངེས་ཕྱིར། སྤྱི་དང་བྱེ་བྲག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་དང་ལག་ལེན་ཆུང་ཚགས་ནས་བྱས་ཏེ་ཁ་བའི་ལྗོངས་འདི་སྔར་བཞིན་མཛེས་སྡུག་ལྡན་པའི་ཡུལ་གྲུ་ཞིག་ཏུ་གནས་ཐུབ་རྒྱུའི་རེ་བསྐུལ།།

༢ གཉིས་པ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ།

        མཐའ་རྒྱ་ཡངས་པའི་བོད་ཡུལ་གྱི་རི་ཐང་ཀླུང་གསུམ་ན་གནའ་བོའི་དུས་ནས་མིའི་རིགས་ཀྱི་འཚོ་སྡོད་ཉུང་ཕྱིར་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་མང་ལ། ཁྲུང་ཁྲུང་སྐེ་རིང་དང་། འབྲོང་གཡག དོམ་ཁྲ་སོགས་འཛམ་གླིང་ན་དཀོན་པའི་སྲོག་ཆགས་རྩ་ཆེན་གྱི་རིགས་ཀྱང་ཤིན་ཏུ་མང་། ཉེ་བའི་དུས་རབས་ཕྱེད་ལྷག་རིང་སྲོག་ཆགས་འདི་རིགས་བསད་སྐྱོན་ཚབས་ཆེན་ཐེབས་པའི་རྐྱེན་གྱིས་ད་ལྟའི་ཆར་ཕལ་ཆེར་སྟོང་ལ་ཉེ་བ་ཀུན་གྱིས་མཁྱེན་གསལ་ལྟར་ན། ལས་འབྲས་བླང་དོར་གྱི་རྣམ་བཞག་ཤེས་ཤིང་བྱམས་དང་སྙིང་རྗེ་ལྡན་པའི་བོད་མི་ཡོངས་ནས་བྱ་བ་འདི་རིགས་རང་གིས་སྤངས་ཤིང་གཞན་ལ་འགོག་པར་བྱས་ཏེ་རང་རེའི་ཕ་ས་འདི་ཉིད་ཞི་བདེའི་ཞིང་ཁམས་ཉམས་དགའ་བ་ཞིག་ཏུ་བསྐྲུན་རྒྱུའི་རེ་བསྐུལ།།

༣ གསུམ་པ། བོད་པའི་སྐད་དང་ཡི་གེ་རྒྱུན་སྤྱོད།

        སྐད་དང་ཡི་གེ་ནི་མི་རིགས་ཞིག་གི་ངོ་བོ་མཚོན་བྱེད་དང་མི་རིགས་ཤིག་ཏུ་གནས་ཐུབ་མིན་གྱི་བླ་སྲོག་ཡིན་ཕྱིར། འཛམ་གླིང་ཡོངས་མྱུར་ཚད་ཀྱིས་འཕོ་འགྱུར་འགྲོ་བཞིན་པའི་དུས་རབས་འདིར་གངས་ཅན་པའི་ཕ་སྐད་རྒྱུན་འཁྱོང་ལ་རང་ངོས་གཞན་ངོས་གང་ཐད་ནས་འགལ་རྐྱེན་མང་ཞིང་མཐུན་རྐྱེན་ཉུང་བ་རླུང་གསེབ་ཀྱི་མར་མེ་ལྟར་གྱུར་ཡོད་སྟབས། ཕོ་མོ་རྒན་གཞོན་སྐྱ་སེར་མཁས་བླུན་ལ་མ་ལྟོས་པར་བོད་མིའི་རིགས་རྒྱུད་དུ་སྐྱེས་པ་ཞིག་ཡིན་ཕྱིན་རང་གི་ཕ་མེས་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་། ནམ་རྒྱུན་གསེ་སླད་མེད་པའི་བེད་སྤྱོད་རྒྱུན་འཁྱོང་བྱས་ན་དུས་སྐབས་འདིར་ཁ་བ་རི་བ་ལ་དེ་ཡན་མེད་པའི་སྲི་ཞུ་རུ་འགྱུར་བར་ཤེས་པར་བྱས་ཏེ་གང་ཟག་སོ་སོའི་ངོས་ནས་ལག་ལེན་དུ་ཐེབས་པར་བྱེད་རྒྱུའི་རེ་བསྐུལ།།

༤ བཞི་བ། ནང་བསྟན་ཆོས་ཀྱི་རིན་ཐང་ཤེས་པ།

        ནང་བ་སངས་རྒྱས་པའི་བསྟན་པ་ནི་དད་པའི་རྗེས་སུ་འབྲང་བ་ཁོ་ན་ཙམ་གྱི་ཆོས་ལུགས་སྤྱིར་བཏང་བ་ཞིག་མ་ཡིན་པར། གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་གང་ཐད་ནས་རྒྱུ་མཚན་ཡང་དག་གི་རིགས་པས་གྲུབ་ཅིང་དེང་རབས་དངོས་གཙོ་ཚན་རིག་དང་དཔུང་བ་གཤིབས་ནུས་ཤིང་དེ་ལས་ཀྱང་འདས་པའི་རིག་གཞུང་གཏིང་ཟབ་པ་མ་ཟད། གཞན་ཕན་དང་སྙིང་རྗེ་སྟེ་ཞི་བདེའི་ལྟ་སྤྱོད་སྔོན་ཐོན་ཅན་གྱི་བསམ་པས་ཕྱུག་པ་ཞིག་ཡིན་ཕྱིར་དེང་རབས་ཡར་རྒྱས་ཀྱི་རྩེ་མོར་སོན་པ་ཕྱི་གླིང་བ་གཙོས་མི་རིགས་གཞན་དག་གིས་ཀྱང་རྩིས་འགང་ཆེ་བར་འཛིན་ཞིང་རིགས་པས་དྲངས་པའི་དད་ལྡན་པ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཉིན་བཞིན་ཇེ་འཕེལ་དུ་འགྲོ་བཞིན་པ་དང་། རང་རེ་བོད་ལ་མཚོན་ན་ཡབ་མེས་ལོ་པཎ་མཁས་གྲུབ་སྐྱེས་ཆེན་ཚོའི་བཀའ་དྲིན་གྱིས་མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་ཚང་ལ་མ་ནོར་བ་ད་ལྟའི་བར་གནས་ཤིང་། གངས་ཅན་པ་ལ་ཡོད་པའི་སྣོད་བཅུད་ཕྱི་ནང་ཀུན་ཏུ་འདི་ཉིད་ཁོ་ན་མི་རིགས་གཞན་གྱིས་ཡིད་སྨོན་དང་སློབ་སྦྱོང་བྱེད་འོས་སུ་མཆིས་ན། ཙན་དན་གསེར་ལས་རིན་ཆེ་བ། །བླུན་པོས་སོལ་བ་བྱེད་ལ་ལྟོས། ཞེས་པ་ལྟར་མ་ཡིན་པར། ཚེ་འདིའི་བློ་གཏད་དང་ཕྱི་མའི་ལམ་སྟོན། ཉོན་མོངས་དང་སྡུག་བསྔལ་རྩད་ནས་གཞོམ་པའི་ཐབས་ཚུལ་ཉག་གཅིག་ཏུ་ཤེས་པར་བྱས་ཏེ་གསན་བསམ་སྒོམ་པའི་ཉམས་ལེན་ཅི་ལྕོགས་རེ་བྱས་ན་འདི་ཕྱིི་ཕན་བདེའི་རྩ་ལག་ཏུ་འགྱུར་བ་ཐེ་མི་ཚོམ་པས་དེ་བཞིན་བྱེད་རྒྱུའི་རེ་བསྐུལ།།

༥ ལྔ་བ། ཡ་རབས་སྤྱོད་བཟང་གི་བོད་མི་བྱེད་རྒྱུ།

        ཡ་རབས་སྤྱོད་བཟང་ནི་ཡར་ཐོན་ཅན་གྱི་མིའི་རིགས་ཀྱི་མཛེས་སྤྱོད་ཞིག་ཡིན་ལ། དམ་པའི་ཆོས་ཉམས་ལེན་མཁན་ཞིག་ལ་རང་བཞིན་གྱིས་མངའ་བའི་ཀུན་སྤྱོད་ཞིག་ཡིན། གནའ་བོའི་དུས་རབས་སུ་རང་རེ་གངས་ཅན་པ་རྣམས་མི་རིགས་གཞན་དག་དང་བསྡུར་ན་ཆེས་ཐ་ཆད་པ་ཀླ་ཀློའི་ཀུན་སྤྱོད་ཅན་ཞིག་ཏུ་མ་མཐོང་ཞིང་། ཆོས་དང་རིག་གནས་གཏིང་ཟབ་པའི་ཤུགས་རྐྱེན་གྱིས་འཛམ་གླིང་མི་དམངས་ཀྱི་མིག་ལམ་ན་ཡ་རབས་ཀྱི་གྲལ་དུ་འཇོག་པའི་གོ་ས་ཞིག་རང་བཞིན་གྱིས་ཐོབ་ཡོད་པ་མངོན། བར་སྐབས་ནས་ཀླ་ཀློའི་བསམ་སྤྱོད་ཀྱི་མུན་པ་འཐིབ་པའི་རྐྱེན་དབང་གིས། ཇི་སྐད་དུ། ཆོས་ཀྱི་གྲགས་པའི་ཞལ་སྔ་ནས། །ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེས་ན་ངན་པའི་མུན་པས་ཁྱབ། །ཅེས་གསུངས་པ་བཞིན། ལས་འབྲས་དགེ་སྡིག་བླང་དོར་བྱེད་པའི་བསམ་སྤྱོད་ནི་རྗེས་ལུས་བླུན་རྨོངས་མུན་ནག་ཅན་དང་། ཆང་དང་དུ་བ་ཤོ་རྒྱན་མ་ཤེས་ན་མིའི་འཚོ་སྟངས་མ་ཤེས་པའི་ཚད་དུ་བྱས་ཏེ་མི་གྲལ་ནས་ཕུད་པ་སོགས་བཟང་ངན་གོ་ལྡོག་གི་བསམ་སྤྱོད་ཆེས་ཡ་ང་བ་མང་དུ་དར་ཞིང་འཕྲལ་མ་འཕྲལ་མར་རྒྱལ་ཁམས་ཀྱི་གོམས་གཤིས་སུ་གྱུར། སྟབས་ལེགས་པ་ཞིག་ལ་མདུན་བསྐྱོད་དང་དར་རྒྱས་སུ་ཕྱོགས་པའི་རྒྱལ་ཁབ་དག་གིས་ཚན་རིག་གི་ལམ་ནས་ཆང་དང་དུ་བ་སོགས་ཀྱིས་ལུས་ཁམས་དང་ཚེ་སྲོག་ལ་གཟན་པའི་ཉེས་དམིགས་ཤེས་ཏེ་ཐ་ན་རྒྱལ་ཁྲིམས་ཀྱི་ཆད་པས་ཀྱང་དགག་བྱ་བྱེད་པའི་དུས་སྐབས་ཤིག་ཚེས་པ་ན། སྔོན་ཐོན་པར་རློམ་པའི་བོད་པ་ཕ་བུ་དག་གིས་རྗེས་ལུས་ཀླ་ཀློའི་ལྟ་སྤྱོད་ལ་ད་དུང་ཤི་འཇུ་རོ་འཐམ་གྱིས་འདི་དང་ཕྱི་མ་ཕུང་ལ་སྦྱོར་བ་ནི་ཀྱེ་མ་ཅི་འདྲའི་སྙིང་རྗེ་བ་ལ། དེས་ན་ཆོས་དང་རིག་གཞུང་གི་བསླབ་བྱ་གཏིང་ཟབ་ཅིང་འདི་དང་ཕྱི་མའི་ཁེ་ཕན་ལ་མིག་རྒྱང་རིང་བའི་གངས་ཅན་པ་དག་གིས་ཆང་དང་། དུ་བ། ཤོ་རྒྱན་དང་ཉལ་ཐ་ནས་གཡོ་རྐུ་དང་རྫུན་ཁྲམ། འཕྲོག་བཅོམ་དང་རྡུང་རེས་སོགས་ཅོལ་ཆུང་རྗེས་ལུས་པའི་སྤྱོད་ངན་རིགས་མང་བ་ནས་ཉུང་ངུ་། ཉུང་ངུ་ནས་རྩ་མེད་དུ་བཏང་ན་ད་གཟོད་ཆོས་རྒྱལ་མེས་དབོན་དྲ་མའི་རིགས་བརྒྱུད། བརླབས་ཆེན་ཆོས་དང་རིག་གཞུང་གིས་ཕྱུག་པའི་མི་རིགས་ཤིག་ཡིན་པར་བསྒྲོགས་ཀྱང་ངོ་མི་གནོང་ཞིང་། སྲིད་པའི་དངོས་འབྱོར་གྱིས་རེ་ཞིག་རྗེས་ལུས་དང་དབུལ་བོར་གནས་ཀྱང་ཡ་རབས་བསམ་སྤྱོད་ཀྱི་རིན་ཐང་ལྡན་ན་སུ་ཞིག་གི་མདུན་དུ་མགོ་བོ་འདེགས་ནས་འགྲོ་ཆོག་པའི་སྤོབས་པ་གཟི་བརྗིད་ངང་གིས་འབྱུང་ཕྱིར། ཆོས་དང་འཇིག་རྟེན་གྱི་བསླབ་བྱ་ཕུན་སུམ་ཚོགས་པའི་གངས་ཅན་པ་དག་གིས་ཆུང་ས་ནས་གནས་མཇལ་ཡུལ་བསྐོར་བ་དག་གིས་ལམ་རྒྱུས་སྐད་ཆ་བྲིས་པ་ཚུན་ལ་བརྡའ་ལན་ལེགས་པོ་དང་རོགས་སྐྱོར་གང་ཐུབ་ཀྱིས་བཟང་པོའི་བག་ཆགས་བཞག་སྟེ་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་ཡ་རབས་བོད་མིའི་ཆེ་མཐོང་མཐོར་འདེགས་བྱེད་རྒྱུའི་རེ་བསྐུལ།།

༦  དྲུག་པ། ཡུལ་སྲོལ་གོམས་གཤིས་རྒྱུན་འཁྱོངས།

        ཡུལ་སྲོལ་གོམས་གཤིས་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་འགྱུར་འགྲོས་ཁྲོད་རིགས་མི་གཅིག་པའི་སྡེ་ཁག་སོ་སོ་ལ་བསམ་བློའི་འཛིན་སྟངས་ནས་ཟས་གོས་སྤྱོད་སྟངས་བར་ངང་གིས་གྲུབ་པའི་ཐུན་མིན་བྱ་སྤྱོད་ཅིག་ཡིན་ལ། དེ་དག་ཏུ་ལེགས་ཉེས་བཟང་ངན་དུས་སུ་བབས་མིན་ཕན་དང་གནོད་པ་ སྣ་ཚོགས་པ་ཞིག་ཡོད་པས་མཐའ་གཅིག་ཏུ་རྒྱུན་འཁྱོང་དང་དོར་རྐྱང་བྱེད་རྒྱུའི་ཁ་ཚོན་གཅོད་དཀའ་ལ། རང་རེ་ཁ་བ་རི་བའི་ཡུལ་སྲོལ་གོམས་གཤིས་རྣམས་ཀྱང་སྤྱི་ཡོངས་ནས་ཡང་དག་པའི་ཆོས་དང་རིག་གནས་ལས་བྱུང་ཞིང་རྒྱུ་མཚན་ཡང་དག་གི་འབྲེལ་ཡོད་པ་མང་ནའང་། གདོད་མའི་མི་རྒོད་ཀྱི་འཚོ་བའི་དུས་རབས་ནས་ད་ལྟའི་བར་རྒྱུན་མ་ཆད་པར་ལུས་པའི་ལྤགས་རིགས་ཀྱི་རྒྱན་གོས་དང་གྲི་མཚོན་གྱི་རྒྱན་ཆ་སོགས་ནི་འཚེ་མེད་ཞི་བའི་ནང་ཆོས་དང་འགལ་ཞིང་དེང་རབས་སྤྱི་ཚོགས་ཀྱི་མིག་ལམ་ལ་འཛེར་བ་ཀླད་ཆུང་བླུན་རྨོངས་ཀྱི་བྱ་སྤྱོད་དུ་ཡོངས་ལ་གྲགས་ཕྱིར་ སྤང་ན་ལེགས་པ་ལས། གཞན་ཕུ་ཐུང་རིང་བའི་བོད་ལྭ་ནས་སྦྲ་ནག་གྲུ་བཞིའི་འཚོ་བའི་བར་གྱི་གོམས་སྲོལ་འདི་དག་རེ་ཞིག་སྟབས་ཀ་བདེ་མིན་ཇི་ལྟར་ཡང་རང་རེའི་གནས་བབས་ལ་མཚོན་ན་དོར་བ་སྐབས་སུ་མ་བབས་པ་སྟེ། ལན་ཚྭ་ཆུ་ལ་ཐིམ་པའི་ངང་ཚུལ་དུ་འགྱུར་ལ་ཉེ་བའི་མི་རིགས་ཤིག་ལ་མཚོན་ན་འདི་ཉིད་ཙམ་ཡང་ཆེས་མཐའ་མཇུག་གི་རེ་བའི་གཏོད་ཕུར་དུ་ལྷག་པས་བོད་མིའི་གོས་རྒྱན་སོགས་གོམས་སྲོལ་རྒྱུན་འཁྱོང་བྱེད་རྒྱུའི་རེ་བསྐུལ།།

༧ བདུན་པ། ཤེས་ཡོན་སློབ་གསོ་ཡར་རྒྱས་བཏང་བ།

        བོད་མི་རིགས་ནི་གནའ་བོའི་དུས་སུ་ཆོས་དང་རིག་གཞུང་གིས་ཕྱུག་པ་ཡར་ཐོན་ཅན་གྱི་མི་རིགས་སུ་ཞིག་ལའང་འགྲན་བཟོད་པ་ཞིག་མོད་ཀྱང་། འཛམ་གླིང་ཡོངས་ཚན་རིག་བཟོ་རྩལ་གཙོ་བོར་གྱུར་པའི་དེང་རབས་རིག་གནས་དར་རྒྱས་ཕྱིན་པའི་དུས་རབས་ཉི་ཤུ་བར་སླེབ་སྐབས་ནང་འདྲེན་དང་གསར་གཏོད་མེད་ཁར་རྙིང་གཏོར་གོད་ཆག་གི་ཁྲོད་དུ་མི་རབས་ཕྱེད་གཉིས་འདས་པས་རྗེས་ལུས་ནས་རྗེས་ལུས་ཀྱི་གནས་བབས་འདི་བྱུང་ཞིང་། མའོང་པར་སྐྱ་སེར་ཕོ་མོ་རྒན་གཞོན་ཡོངས་ནས་རིག་གནས་སློབ་གསོའི་འདུ་ཤེས་མཐོར་འདེགས་དང་། ཁྱད་པར་དུ་ཕ་མ་བུ་ཕྲུག་ལ་གཅེས་སྐྱོང་འདོད་པ་ཀུན་གྱིས་སྤྱི་སྒེར་གྱི་སློབ་གྲྭ་ཡོན་ཚད་ལྡན་པ་རྣམས་སུ་རྒྱུ་ཚེགས་མ་འཛེམས་པར་བུ་དང་བུ་མོ་འདྲ་མཉམ་གྱིས་བསྐྱལ་རྒྱུ་དང་། སློབ་ཕྲུག་གཞོན་སྐྱེས་ཡོངས་ནས་རང་ཉིད་ཡ་རབས་བོད་མིའི་རིགས་བརྒྱུད་ཡིན་པ་ངོས་ཟིན་གྱིས་ཆང་རག་དུ་བ་ཤྭ་རྒྱན་འཆལ་སྤྱོད་སོགས་རྣམ་གཡེང་གི་དབང་དུ་མི་ཤོར་བར་སྲོལ་རྒྱུན་བོད་ཀྱི་ཆོས་རིག་ནས་དེང་རབས་ཤེས་བྱ་སྐད་རིགས་དང་བཅས་པར་སློབ་སྦྱོང་དང་། ཁྱད་པར་རིགས་གཅིག་ཆེད་ལས་ལ་མཁས་པར་བྱས་ཏེ་མ་འོངས་གངས་ལྗོངས་གསར་བསྐྲུན་དང་སྤྱི་ཚོགས་ལ་མཛད་རྗེས་ཆེ་བའི་མི་སྣ་བསྐྱེད་སྲིང་ཡོང་བའི་རེ་བསྐུལ།།

༨ བརྒྱད་པ། སྲོག་གཅོད་སྤོང་བ།

        སེམས་ཅན་གྱི་སྲོག་ལ་འཚེ་བ་ནི་དམ་པའི་ཆོས་དང་ཆེས་འགལ་བ་སྡིག་པའི་ལས་ཚབས་ཆེན་ངན་སོང་དམྱལ་ཁམས་སུ་སྐྱེ་བྱེད་སྲོག་ལན་ལྔ་བརྒྱ་འཇལ་དགོས་པའི་རྣམ་སྨིན་ཅན་ཏེ། སྲོག་གཅོད་གོང་ན་སྡིག་གཞན་མེད། །མཚམས་མེད་ལྔ་ལས་ལོག་ལྟ་ལྕི། །གསུངས་པ་ལྟར་ཡིན་ལ། ཁྱད་པར་སོ་སོའི་སྒོ་ཟོག་རྟ་ནོར་ལུག་ཏུ་སྐྱེས་པ་ཕལ་མོ་ཆེ་རང་ཉིད་ལ་འབྲེལ་བ་ཡོད་པ་ཞིག་ལས་ངན་བག་ཆགས་ཀྱིས་མཚམས་སྦྱར་ཏེ་སྐྱེ་བ་བླང་བ་གདོན་མི་ཟ་བས་བདག་གཉེར་གཅེས་སྐྱོངས་ཀྱིས་ཚེ་མཐའ་འཁྱོལ་བ་ཞིག་བྱས་ན། ལས་ངན་བག་ཆགས་ཀྱི་འཕྲོ་ཆད་ཅིང་ཤ་འཁོན་བུ་ལོན་ཐམས་ཅད་བྱང་བར་འགྱུར་གྱི་དེ་ལས་ལྡོག་སྟེ་སྒོ་ཟོག་དྲིན་ཆེན་རྣམས་སྡིག་ཆེན་ཤན་པའི་ལག་ཏུ་བཞག་སྟེ་མ་ཤི་དམྱལ་བའི་སྡུག་བསྔལ་མྱོང་མྱོང་བའི་མཐར་ངན་གསོད་བྱེད་པ་ནི་རྣམ་སྨིན་རྒྱུན་མི་ཆད་པའི་སྡིག་ལས་ཚབས་པོ་ཆེ་ཡིན་པ་དང་། གཞན་ཡང་རིགས་རུས་གཅིག་ལས་ཆད་ཅིང་སྐྱིད་སྡུག་གཅིག་གི་འོག་ཏུ་ཚུད་པའི་སྤུན་ཟླ་ཕུ་ནུའི་གཅེས་སྲོག་མདའ་བོས་གྲི་མཚོན་གྱིས་ཐང་ལ་འཕེན་པ་ནི་གཞན་སྡེས་མཐོང་ན་ཞེ་ཁྲེལ་བ་དང་། རང་སྡེས་མཐོང་ན་ངུ་འཆོར་བ། ཆོས་དང་འཇིག་རྟེན་གཉིས་ཆར་འགལ་ཞིང་། རང་གཞན་འདི་ཕྱི་གཉིས་ཕུང་། སྡུག་བསྔལ་ཕུང་ཁྲོལ་མཐའ་ཡས་པ་བསྐྱེད་བྱེད་དུ་ངོས་ཟིན་པར་བྱས་ཏེ་སྤངས་དགོས་པའི་རེ་བསྐུལ་བཅས་སོ། །

སླར་སྨྲས་པ།

  དུང་ཞེན་ཡིད་ཀྱི་འོ་མའི་ཆུ་གཏེར་གངས་རིའི་རྩེ་མོར་འཕྱུར་བའི་རླབས། །

  ལྷག་བསམ་འོད་དཀར་ཟླ་བ་གསར་བའི་ལང་ཚོའི་དཔལ་གྱིས་འཛུམ་པ་འདི། །

  ཁ་བའི་རི་ཚོགས་ཚལ་དུ་དངར་བའི་ཆོལ་གསུམ་ཞིང་ལ་འགྲེམས་གྱུར་ན། །

  ཕན་བདེའི་འདབ་མ་ཕྱོགས་སུ་བཞད་ཅིང་རེ་སྨོན་འབྲས་བུ་གཡུར་ཟ་ཤོག །

        ཅེས་གྲུབ་དབང་རྫོགས་ཆེན་བདུན་པའི་མཚན་གྱི་ཅོད་པཎ་འཆང་བ་བསྟན་འཛིན་ལུང་རྟོགས་ཉི་མས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོར་ཨ་མདོ་མགོ་ལོག་ཕྱོགས་ཀྱི་སྡེ་དགོན་འགའ་ཞིག་ལ་འགྲུལ་བསྐྱོད་བྱེད་སྐབས་སློབ་སྟོན་གྱི་ཚུལ་དུ་འགྲེམ་སྤེལ་བྱས་པ་ཕན་དང་བདེ་བའི་རྒྱུ་རུ་འགྱུར་བའི་སྨོན་འདུན་ཞུ།།


 ༧ གྲུབ་དབང་རྫོགས་ཆེན་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གིས་བསྩལ་པའི་བཀའ་སློབ་དོན་ཚན་འདི་དག་སྤྱི་ཚོགས་བདེ་འཇགས་དང་མི་རིགས་རིག་གནས་སྲུང་སྐྱོབ་བཅས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་ཞིང་། མི་རིགས་ས་ཁུལ་དུ་ཁྲིམས་ལུགས་སློབ་གསོ་ལག་བསྟར་བསྐུལ་འདེད་ཡོང་བའི་ཐབས་ཚུལ་ཞིག་ཏུ་མཐོང་ན་དེ་བཞིན་ཀུན་གྱིས་ཡིད་འཇགས་ཡོད་པའི་རེ་བ་ཞུ།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xun1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15646667
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号