རྔ་ཁུལ་བཅའ་སྡོད་སློབ་མའི་ཀུན་སྤྱོད་ཉམས་པའི་རྒྱུ་རྐྱེན་དང་དེ་སེལ་ཐབས་སྐོར་གྱི་བསམ་གཞིག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »རྔ་ཁུལ་བཅའ་སྡོད་སློབ་མའི་ཀུན་སྤྱོད་ཉམས་པའི་རྒྱུ་རྐྱེན་དང་དེ་
རྔ་ཁུལ་བཅའ་སྡོད་སློབ་མའི་ཀུན་སྤྱོད་ཉམས་པའི་རྒྱུ་རྐྱེན་དང་དེ་སེལ་ཐབས་སྐོར་གྱི་བསམ་གཞིག
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/5/14ལྟ་ཀློག (2198)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྔ་བ་ཁུལ་བཅའ་སྡོད་སློབ་མའི་ཀུན་སྤྱོད་ཉམས་པའི་རྩ་བའི་རྒྱུ་རྐྱེན་དང་དེ་སེལ་ཐབས་སྐོར་གྱི་བསམ་གཞིག


བསེ་ཀུན་དོང་། ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན།
གླེང་གཞི།
     ཀུན་སྤྱོད་ནི་མི་ཞིག་གི་འགྲོ་འདུག་སྤྱོད་གསུམ་དང་ཟས་གོས་གནས་མལ་གྱི་འཚོ་བའི་གོམས་སྲོལ་ཀུན་དང་མཐུན་པ་དག་ལ་གོ་བར་འདུག་སྟེ། མི་ཆོས་གནད་ཀྱི་ཕྲེང་བར་ཀུན་དང་མཐུན་པ་མི་ཆོས་རྩ་བ་ཡིན་ཞེས་གསུངས་ཡོད།  དེང་རབས་ཀྱི་བཅའ་སྡོད་སློབ་མས་ཡ་མ་བརླ་ཡི་ངན་སྤྱོད་སྤེལ་པ་ནི། ལེགས་བཤད་འཕྲུལ་གྱི་དྲ་བར་ལྷ་ཆོས་དར་གྱི་མདུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད། ཡ་རབས་ཀྱི་སྲོལ་མི་བསྲུང་། མ་རབས་ཀྱི་སྤྱོད་པ་བསྐྱང་། ཕུགས་ཀྱི་ཁེ་མི་བརྩི། འཕྲལ་གྱི་རྩིས་གཏང་། མཁས་པའི་གཞུང་མི་བསྲུང་། རྨོངས་པའི་རྗེས་སུ་འཇུག བཟང་བའི་དོ་མི་བྱེད། ངན་པའི་ཡ་བ་བྱེད་པ་མང་དུ་མཐོང་ཞེས་པ་ལས་མ་འདས་པར། དགེ་རྒན་དང་ཕ་མར་བརྩི་བཀུར་ཉམས་ཤིང་། སློབ་གྲོགས་ལ་མཐུན་སྒྲིལ་མེད་ལ། སློབ་སྦྱོང་ལ་བརྩོན་སེམས་དང་མ་འོངས་པར་དམིགས་ཡུལ་མེད་པར་འཕྲལ་གྱི་དོན་ཉི་ཚེ་བ་འབའ་ཞིག་ལ་མགོ་འཁོར་ཅིང་སྤྱི་ཚོགས་ཀྱི་གད་སྙིགས་ཀྱི་འགྲོ་འདུག་སྤྱོད་གསུམ་སྐོར་ཅིག་སྒྱུ་རྩལ་གྱི་དྭངས་མར་བསྒོམས་ནས་སྐེ་རགས་ཤོམ་བཅིངས་དང་གོམ་པ་འཇིགས་ཆེན་སྤོ་བ། ལུས་པོ་གཟུར་ནས་འགྲོ་བ། བོས་ན་ཨ་ལན་མེད་པ། བཅོལ་ན་ཡ་ལེན་པར་གཟུགས་ཀྱི་ཕུང་བོ་ང་རྒྱལ་དབུགས་ཀྱི་གོང་བུ་ཞིག་ཏུ་ཆགས་ཡོད་པ་མིག་མཐོང་ལག་ཟིན་རེད། དེ་བས་བོད་ཀྱི་མ་འོངས་རྒྱུད་འཛིན་གྱི་དཔུང་གི་ཀུན་སྤྱོད་ཉམས་པའི་སྐྱོ་གདུང་གིས་མ་བཟོད་པར་བསམ་གཞིགས་ཡང་ཡང་བཏང་མཐར་ཆེད་རྩོམ་འདི་སྤེལ་བར་དགེའོ།།
     ཇི་སྐད་དུ། གསོ་སྐྱོང་ཡོད་ཚད་ལས་མྱི་གསོ་སྐྱོང་བྱེད་པར་དཀའ་ཟེར་བ་ཇི་བཞིན་སློབ་གསོའི་བྱ་བ་ནི་ལས་སླ་བོ་ཞིག་ག་ལ་ཡིན། ཡིན་ནའང་བྱ་བ་ཅི་ཞིག་སྒྲུབ་ཀྱང་དེ་ལ་མགོ་རྔ་དང་གོ་རིམ། དེ་སྒྲུབ་པའི་ཐབས་དམ་པ་རེད་ཡོད་པ་གདོན་མི་ཟ། དེ་བས་ང་ཚོས་ངེས་པར་དུ་རང་གི་སློབ་གསོའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། བསམ་ཚུལ་རེ་འདོན་པ་ན། ང་ཚོར་གནས་པའི་སློབ་གསོའི་མི་ལེགས་པའི་གནས་བབ་བསྒྱུར་དཀའ་ནའང་། མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ལས་འཕགས་པར་སེམས། དེ་ཡང་མ་ཏན་ལོ་ཏི་ཅིན་གྱིས༼ང་ཚོ་སྐྱོ་འོས་པ་ནི་མི་ངན་གྱི་འཛེམ་བག་མེད་པའི་སྤྱོད་ངན་དེ་མིན་པར། མི་བཟང་གིས་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་དེའོ།།༽ཞེས་གསུངས་པ་ལས་མ་འདས།
     ལར་མི་ཞིག་གིས་སློབ་གསོ་མྱོང་བའི་དམིགས་ཡུལ་ནི་ཤེས་བྱ་གསར་རྟོགས་དང་ནུས་རྩལ་སྦྱང་རྒྱུ་ཁོ་ན་མ་ཡིན་པར་ཀུན་སྤྱོད་དེ་བས་ཀྱང་གལ་ཆེ་སྟེ། མི་ཤེས་རྨོངས་པས་སྤྱི་ཚོགས་ལ་ཕན་ཆེར་མི་ཐོགས་ལ་གནོད་ཀྱང་དེ་འདྲ་ཆེ་ཞིག་སྐྱེལ་མི་ཐུབ། ཡིན་ནའང་ཀུན་སྤྱོད་ཉམས་པའི་ཤེས་ལྡན་པས་སྤྱི་ཚོགས་ལ་ཕན་མི་ཐོགས་པ་ཕར་ཞོག ་བས་ཀྱང་གནོད་ཚབ་ཆེན་སྐྱེལ་སྲིད་པས། ང་ཚོ་འཇིགས་འོས་པ་ནི་ཤེས་རྨོངས་པས་གླེན་རྟགས་མིན་པར། ཀུན་སྤྱོད་ཉམས་པའི་ཤེས་ལྡན་པའི་སྒེར་སེམས་རེད། དེ་བཞིན་སློབ་གྲྭ་ཆེ་ཆུང་གང་ཞིག་ཡིན་རུང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མའམ་མ་འོངས་སྤྱི་ཚོགས་ལ་གོ་ཆོད་པའི་མྱི་ཞིག་སྐྱེད་སྲིང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། སློབ་གསོའི་རྩ་འཛུགས་ཀྱི་རིམ་པ་ཞིག་བསྒྲུབ་རྒྱུ་ནི་བསྙོན་མེད་ཅིག་རེད། ཡིན་ནའང་གང་ཞིག་ལ་ཁྲལ་སེལ་བ་དང་རྩ་འཛུགས་ཀྱི་ཆེད་དུ་རྩ་འཛུགས་བྱས་པས་དགོས་མེད་ཀྱི་སྒྲིག་འཛུགས་ཀྱིས་སློབ་མའི་གོམས་གཤིས་ལ་ནོར་འཆུག་བཟོ་རུ་བཅུག་པ་རེད།
གཅིག སློབ་གྲྭའི་ངོས་ཀྱི་རྩ་བའི་གནད་དོན་དང་དེ་སེལ་ཐབས།
     བཅའ་སྡོད་སློབ་གྲྭའི་སློབ་མའི་ཀུན་སྤྱོད་ཇེ་ཞན་དུ་འགྲོ་བའི་རྩ་བ་ནི་བཅའ་སྡོད་སློབ་གྲྭས་ཁྱིམ་གྱི་སློབ་གསོ་ལ་དོ་སྣང་མ་བྱས་པས་རེད། རྒྱུ་མཚན་ནི་བཅའ་སྡོད་སློབ་གྲྭར་མཚོན་ན་སློབ་གྲྭའི་སློབ་གསོ་དང་ཁྱིམ་གྱི་སློབ་གསོ་གཉིས་ཀ་གཅིག་ལྕོགས་ཀྱིས་བསྐྱང་དགོས་པས། སློབ་མའི་སློབ་སྦྱོང་གི་འཚོ་བ་ལས་གཞན་སློབ་མའི་སློབ་ཕྱིའི་འཚོ་བའང་དོ་སྣང་ཆེན་པོ་བྱེད་དགོས། ཡིན་ནའང་ང་ཚོར་སློབ་མའི་སློབ་ཕྱིའི་འཚོ་བར་ཁག་ཐེག་བྱེད་པའི་ཆེད་ལས་ཀྱི་དོ་དམ་པ་མེད་པས་ང་ཚོའི་བཅའ་སྡོད་སློབ་མར་ཀུན་སྤྱོད་སློབ་གསོའི་ཕམ་ཁ་བྱུང་ཡོད་པར་སེམས།

     ང་ཚོས་ནམ་རྒྱུན་རྒྱུ་རྐྱེན་ག་རེད་འདི་རེད་ཅེས་ཁ་མཁས་མཁས་དང་ལྗགས་བདེ་བདེ་བྱས་ནས་ལབ་ནས་འདུག་པ་ལས་ཐབས་བརྒྱ་ཇུས་སྟོང་གིས་འདི་སེལ་ཐབས་སྐོར་ལ་བསམ་གཞིག་རེ་གཏོང་རྒྱུ་གལ་ཆེ་བར་རློམ་ནས་བསམ་འཆར་རེ་བཏོན་ན། ནད་སེལ་ནའང་ནད་ཀྱི་རྩ་བ་མ་བཅོས་པར་ནད་རྟགས་སེལ་པས་མི་ཕན་པའི་དཔེ་ལྟར། སློབ་མའི་ཀུན་སྤྱོད་ཉམས་གསོ་བྱེད་ན་ཕྱིའི་རྣམ་པ་བཟུང་བས་གོ་མི་ཆོད་པར་ཀུན་སྤྱོད་ཀྱི་རྩ་བ་འདུ་ཤེས་འཛིན་སྟངས་ལ་ཐུག་ཡོད་པས། ང་ཚོས་གནད་དོན་གྱི་རྩ་བ་ཐག་གཅོད་པའི་ཐབས་ལ་འབད་རྒྱུ་གལ་ཆེ་ཞིང་ལག་ལེན་དུ་སྟར་རྒྱུ་དེ་བས་ཀྱང་གལ་ཆེའོ།།

  སྤྱིར་སློམ་མའི་སློབ་ཕྱིའི་འཚོ་བར་དོ་ཁུར་བྱེད་པའི་ཆེད་ལས་ཀྱི་མི་སྣ་གསོ་སྐྱོང་ཐུབ་པ་ནི་རབ་ཀྱི་རབ་ཡིན་ནའང་དེའི་ཆ་རྐྱེན་ང་ཚོར་འཛོམས་དཀའ་བས་གནས་སྐབས་སུ་རང་སོར་མི་འཇོག་མཐུ་མེད་རེད།

     ཡིན་ནའང་ང་ཚོས་སློབ་མའི་ཀུན་སྤྱོད་ལ་དོ་དམ་བྱེད་པའི་སྲིད་དོན་ཁྲུའུ་ནས་སྡོད་ཤག་གི་དོ་དམ་པའི་བར་དུ་དགེ་རྒན་བསམ་བློ་ཅན་དང་སྤྱི་ཚོགས་ཀྱི་གནས་བབ་བཟང་པའི་མི་སྣ་བཀོད་སྒྲིག་བྱས་ན་སློབ་མར་དཔེ་སྟོན་གྱི་ནུས་པ་ཐོན་ཅིང་སློབ་མའི་འདུ་ཤེས་འཛིན་སྟངས་ལ་འགྱུར་ལྡོག་བྱུང་སྟེ་ཀུན་སྤྱོད་ལེགས་ལམ་དུ་འགྲོ་སྲིད། ཇི་སྐད་དུ། དཔེ་རང་ལ་བཞག་ནས་གླུ་གཞན་ལ་ལེན་དགོས་པའི་དཔེ་ལྟར་དཔེ་སྟོན་དང་ལེགས་ལམ་ལ་ཕྱོགས་ཁྲིད། ཡར་སྐུལ་གྱི་ནུས་པ་ཐོན་དུ་འཇུག་དགོས་པར་སེམས།
གཉིས། སློབ་མའི་ངོས་ཀྱི་རྩ་བའི་གནད་དོན་དང་དེ་སེལ་ཐབས།
     སྤྱིར་འབྲོག་ཁུལ་ལ་མཚོན་ན་བཅའ་སྡོད་སློབ་མའི་ལོ་ཚོད་ལོ་དགུ་ནས་བཅོ་བརྒྱད་ཀྱི་བར་རེད། ལོ་ཚོད་འདི་ལ་བསམ་བློ་སྟབས་བདེ་ཡིན་པས་ཧོལ་རྒྱུགས་དང་ཨ་གསར་ཆེ་ལ། མི་ཚེའི་བར་བརྒལ་ཆེས་ཆེ་བའི་དུས་ཤིག་ཀྱང་ཡིན། དེ་བས་སློབ་མའི་ལང་ཚོ་དང་སེམས་ཁམས་གང་གི་ཆ་ནས་བལྟས་ནའང་སློབ་གསོའི་ལྷན་ཅིག་བྱེད་རྐྱེན་དང་ཁ་འབྲལ་ཐབས་མེད་ལ། སེམས་ཁམས་ནི་ལྷད་མེད་དྭངས་གཙང་གི་ས་ཞིང་གཤིན་པོ་ཞིག་ཡིན་པས་དེ་ས་བོན་ཅི་ཞིག་བཏབས་ན་འབྲས་བུ་དེ་འབྱུང་བར་རྒྱུ་འབྲས་ཆུད་མི་འཛའ་བ་རེད། དེ་མིན་ཕ་མ་དང་དགེ་རྒན། སློབ་གྲོགས། སྤྱི་ཚོགས་བཅས་ཀྱི་གཅེས་སྐྱོང་ཧ་ཅང་མཁོ་དུས་རེད། ཡིན་ནའང་རྔ་བ་ཁུལ་བཅའ་སྡོད་སློབ་གྲྭའི་སློབ་མ་ཞིག་ཡིན་ན་ལོ་གཅིག་གི་སུམ་ཆའི་གཅིག་མ་གཏོགས་ཕ་མ་དང་སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་ཐུབ་ཀྱི་མེད་པས། བུ་རྒྱུད་དང་ཕ་མའི་འབྲེལ་ཐག་ཇེ་རིང་དུ་སོང་སྟེ། ཕ་མས་བུ་ཕྲུག་རང་གི་ཁྱིམ་སྲོལ་འོག་ཏུ་འཇུག་ཐུབ་ཀྱི་མེད་པར་མ་ཟད། ད་ལྟ་འཆར་ལྡན་བུ་བཙས་དབང་གིས་བུ་རྒྱུད་ཉུང་བ་དང་ཁྱིམ་དུ་འདུག་པའི་དུས་ཚོད་ཧ་ཅང་ཐུང་བའི་དབང་གིས་ཕ་མས་བུ་རྒྱུད་ལང་ཤོར་ལ་གཏང་བ་སོགས་ཀྱིས་སྤྱོད་ངན་བསླབས་མི་དགོས་པར་གོམས་པ་དང་སྤྱོད་བཟང་བསླབས་ཀྱང་འབྱོར་དཀའ་བའི་ཡ་མ་ཟུང་གི་གནས་ཚུལ་འདི་ཆགས་པར་སེམས། གནས་ཚུལ་འདི་སེལ་དགོས་ན་ཐོག་མར་དགེ་རྒན་ནས་མགོ་བརྩམས་ཏེ་སློབ་མར་བྱམས་སྐྱོང་སློབ་གསོ་སྤེལ་དགོས་པར་མ་ཟད། བཅའ་སྡོད་སློབ་མར་ཟླ་རེ་འགོར་ན་ཉིན་བཅུ་ཡས་མས་ལ་ཟླ་གནང་བྱིན་ཏེ་ཁྱིམ་གྱི་སློབ་གསོ་དང་ཕ་མའི་བྱམས་སྐྱོང་ཐོབ་ཏུ་བཅུག་ན་སློབ་མའི་ཀུན་སྤྱོད་ཡར་རྒྱས་འགྲོ་རྒྱུ་ནི་དངོས་ཐོག་བདེན་འཚོལ་རེད།
གསུམ། དགེ་རྒན་ངོས་ཀྱི་རྩ་བའི་གནད་དོན་དང་དེ་སེལ་ཐབས།
     ད་ལྟ་དགེ་རྒན་གྱི་ལས་གནས་ནི་ལས་གནས་ཡོད་ཚད་ལས་རིམ་པ་ཆེས་དམའ་ཞིང་སྤྱི་ཚོགས་ཀྱི་གནས་བབ་ཧ་ཅང་དམའ་ཤས་སུ་ཆགས་ཡོད་པར་མ་ཟད། མི་ཞིག་ལ་ལས་གནས་མ་རེག་པའི་ཐབས་ཟད་ཀྱི་ལས་དཀའ་ཞིག་ཏུ་མཐོང་ནས་ཡོད། དེ་བས་སློབ་མའི་སེམས་ནའང་དགེ་རྒན་ནི་རླབས་ཆེན་ཞིག་ཏུ་མཐོང་གི་མེད་པས་སློབ་མས་ཡིད་ཆེས་ཐོབ་དཀའ། དེ་མིན་རྐང་འཛིན་དགེ་རྒན་སྐྱེད་སྲིང་བྱེད་པའི་ལས་གཞི་ཡོད་ཚད་ནི་ཁྲལ་སེལ་སླ་བཅོས་ཀྱི་གོ་རིམ་ཙམ་དུ་བྱས་ཏེ། སློབ་སྦྱོང་བྱེད་པའི་གོ་སྐབས་དེ་དག་ནི་དཔལ་འབྱོར་གྱི་ཆ་རྐྱེན་བཟང་བའམ་ལས་ཞུགས་སྐབས་སུ་རྣམ་གཡེངས་བྱེད་ཆེད་དུ་མཐོ་རིམ་འགོ་ཁྲིད་དང་དགེ་རྒན་ངོ་ཅན་དག་གིས་འཕྲོག་རེས་བྱེད་ཅིང་། ཆ་རྐྱེན་ཞན་པ་དང་ངལ་གསོའི་སྐབས་སུ་དགེ་རྒན་གཉོམ་ཆུང་དག་གི་མགོར་བཙན་འཇོག་བྱེད་པ་རེད། དེ་བས་སྔར་གྱི་བོང་བུ་ཞིག་གནས་གང་དུ་ཁྲིད་ཀྱང་ཆོགདུས་ཇི་ལྟར་འགྱུར་ཡང་རུང་བོང་བུའི་ངོ་བོར་འགྱུར་མི་སྲིད་པས་དཔེ་ལྟར་མི་དམངས་ཀྱི་རྒྱུ་ཤུགས་དང་སེམས་ཤུགས་འཕྲོ་ལྷག་ཏུ་བཏང་བ་ལས་མ་འདས། དེ་ལས་དངོས་ཐོག་བདེན་འཚོལ་གྱིས་ནུས་པ་དང་ལྷག་བསམ་ལ་གཞིགས་ནས་དམིགས་ཡུལ་ཡོད་པའི་སྒོ་ནས་རྐང་འཇིན་དགེ་རྒན་སྐྱེད་སྲིང་བྱས་ན་གཞི་ནས་ནུས་པ་ཐོན་སྲིད་ཅིང་། དགེ་རྒན་གྱི་རྐང་རྩ་བཟང་ན་སློབ་མའི་མི་གཞི་ལ་ལེགས་བཅོས་ཀྱི་ནུས་པ་ཐོན་པ་ནི་རྟེན་ཅིང་འབྲེལ་བའི་འབྲེལ་བ་རེད།
     གནད་དོན་འདི་སེལ་དགོས་ན་ང་ཚོས་གནད་དོན་འདི་དག་ལ་དོ་སྣང་བྱེད་དགོས་པར་འདུག སློབ་གསོའི་ལས་གནས་ཀྱི་འགོ་ཁྲིད་རིམ་པས་སློབ་གསོའི་རྩ་འཛིན་དང་དམངས་གཙོའི་ལམ་ཕྱོགས་ཟུང་འབྲེལ་གྱིས་དགེ་བཟོ་བའི་དཔུང་སྡེ་སྐྱེད་སྲིང་དང་དགེ་རྒན་རང་ངོས་ནས་རང་ཉིད་འཕེལ་རྒྱས་གཏོང་རྒྱུར་འབད་དགོས།  ད་ལྟ་སློབ་གསོ་རིག་པའི་ནང་དུ་དགེ་རྒན་ལ་ཚད་རིམ་གསུམ་དུ་དགར་ཡོད་དེ།  དཔེ་ལེགས་ཅན་དང་ཚད་ལྡན། ཚད་མ་འདང་བ་བཅས་རེད། ཚད་གཞི་འདི་ནི་རིག་གནས་ཡོན་ཏན་དང་མི་གཞིའི་ཀུན་སློང་གཉིས་ཀྱི་འཇོག་དགོས་ཀྱི་འདུག

     དེ་ལ་ས་པཎ་མཁས་འཇུག་ཏུ་གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་གསུངས་ཏེ་དགེ་རྒན་དཔེ་ལེགས་ཅན་ཞིག་ཡིན་ན་མཚན་ཉིད་གསུམ་ལྡན་ཞིག་ཡིན་དགོས་པར་བསྟན་ཡོད། ཡིན་ནའང་ང་ཚོ་ཚང་མ་དགེ་ལེགས་ཅན་ཏུ་འགྱུར་རྒྱུ་ལས་སླ་བོ་ཞིག་མིན་རུང་། ཚད་ལྡན་ཅན་དུ་འགྱུར་བར་འབད་དགོས་པར་སེམས། དེས་ན་ཚད་ལྡན་གྱི་ཚད་གཞི་འཇོག་དགོས་ན་བདག་གིས་འདི་ལྟར་བསམ་བཞིན་ཡོད་དེ།

༡   འཁྲིད་བྱ་གང་དེའི་ཤེས་བྱའི་མ་ལག་ཚ་ཚང་བར་རྟོགས་པ།

༢   སློབ་ཁྲིད་ནི་སྒྱུ་རྩལ་ཅན་དུ་འགྱུར་ནས་སློབ་མ་རེ་རེ་ནི་རང་སྒྱུ་རྩལ་གྱི་བརྩམས་ཆོས་སུ་བལྟོས་ནས་རང་གི་འཚོ་བའི་རི་མོ་ལ་སྒྱུ་རྩལ་གྱི་ཁ་དོག་འགོད་པ།

༣  ལྷག་བསམ་དང་བྱམས་བརྩེ་ཡིས་སློབ་མའི་རྒྱུད་ཀྱི་ཞིང་ས་ནེམ་དུ་འཇུག་པ་སོགས་ཀྱི་གོམས་སྲོལ་ཆགས་རྒྱུ་གལ་ཆེ་བར་སེམས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41326746
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1