ཨ་རིའི་དམག་གྲུ་ཞིག་ཀྲུང་གོའི་གླིང་ཚོམ་ཉེ་འགྲམ་དུ་འཛུལ་བ།
སྤྱི་ཚེས་༢༥ཉིན་གྱི་ཕྱི་དྲོར་སྐོང་འཚོགས་བྱས་པའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག རྒྱལ་སྲུང་པུའུ་ཡི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་རེན་གོ་ཆང་གིས་ཨ་རིའི་ཏུ་ཝེའི་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་མཐར་སྐྱེལ་དམག་གྲུ་རང་དགར་ཀྲུང་གོའི་ནན་ཧྲ་གླིང་ཕྲན་གྱི་འབྲེལ་ཡོད་བྲག་རྡོའི་ཉེ་འགྲམ་གྱི་མཚོ་ཁུངས་སུ་འཛུལ་བ་དང་། ལྗར་པན་མཚམས་སྦྱོར་ལས་རིགས་ཀྱིས་ཀྲུང་གོས་ལྷོ་རྒྱ་མཚོར་འཕུར་སྐྱོད་ཚོད་འཛིན་ཁུལ་རྫུན་བཟོ་བྱས་པ་སོགས་ཉེ་ཆར་ཀུན་གྱིས་དོ་ཁུར་བྱེད་པའི་དམག་དོན་གླེང་གཞིའི་ཐད་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་འདུག
སྤྱི་ཟླ་༥པའི་ཚེས་༢༥ཉིན། ཨ་རིའི་ཏུ་ཝེའི་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་མཐར་སྐྱེལ་དམག་གྲུ་རང་དགར་ཀྲུང་གོའི་ནན་ཧྲ་གླིང་ཚོམ་གྱི་འབྲེལ་ཡོད་བྲག་རྡོའི་ཉེ་འགྲམ་མཚོ་ཁུངས་སུ་འཛུལ་བར་དམིགས་ནས། མགྲིན་ཚབ་པ་རེན་གོ་ཆང་གིས་ཀྲུང་གོའི་མཚོ་དམག་གི་ལིའུ་ཀྲོའུ་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་སྲུང་སྐྱེལ་དམག་གྲུས་ཨ་རིའི་དམག་གྲུར་དབྱེ་འབྱེད་བརྟག་དཔྱད་བྱས་རྗེས། ཉེན་བརྟ་བཏང་ནས་ཕྱིར་འབུད་བཏང་ཡོད་ཅེས་དང། ཀྲུང་གོར་ནན་ཧྲ་གླིང་ཚོམ་དང་དེའི་ཉེ་འཁོར་མཚོ་ཁུངས་སུ་རྩོད་ཐབས་བྲལ་བའི་བདག་དབང་ཡོད། ཨ་རིའི་དམག་གིས་དྲག་ཤུགས་ངོམ་པ་དང་། ས་ཁུལ་དུ་དམག་དོན་ཅན་གྱི་གནས་ཚུལ་བཟོས་པ་དེས། མཚོ་ཐོག་དང་མཁའ་ཐོག་ལ་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་པའི་ཉེན་ཁ་ཡོད། ཀྲུང་གོའི་དམག་དཔུང་གིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་ཨ་རི་དང་འབྲེལ་གཏུག་ནན་པོ་བྱས་ཡོད། སྐབས་ཤིག་རིང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཐུན་མོང་འབད་བརྩོན་འོག ལྷོ་རྒྱ་མཚོའི་གནས་བབ་བརྟན་པོའི་ངང་ལེགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཨ་རིའི་ནོར་འཁྲུལ་གྱི་བྱེད་སྟངས་དེས་ལེགས་སུ་འགྲོ་བཞིན་པའི་ལྷོ་རྒྱ་མཚོའི་གནས་བབ་ལ་གཏོར་བཤིག་བཏང་བ་དང་། དེ་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་ཕན་པ་མེད་ཅེས་བརྗོད་འདུག
ལྗར་པན་སྨྱན་སྦྱོར་གྱིས་ཀྲུང་གོས་ལྷོ་རྒྱ་མཚོར་འཕུར་སྐྱོད་ཚོད་འཛིན་ཁུལ་བཟོས་པ་ཞེས་རྫུན་བཟོ་བྱས་པའི་གནས་ཚུལ་ཐད། རེན་གོ་ཆང་གིས་ཀྲུང་གོས་ཧེའི་ནན་གླིང་ཕྲན་ལ་མཚོན་ཆ་བཀོད་སྒྲིག་བྱེད་པ་དེ་ཀྲུང་གོའི་བདག་དབང་ཁྱབ་ཁོངས་ནང་གི་བྱ་དོན་ཡིན་ཞིང་། འཕུར་སྐྱོད་ཚོད་འཛིན་ཁུལ་བཟོ་བ་ཞེས་པ་དེ་ལྗར་པན་སྨྱན་སྦྱོར་ལས་རིགས་ཀྱིས་རྫུན་བཟོ་བྱས་པ་ཞིག་ཡིན་པ་དང་། དེ་ལྟ་བུའི་ཁུངས་མེད་རྫུན་བཟོ་བྱས་པ་ནི་མི་རྣམས་ཧང་སང་དགོས་པ་ཞིག་རེད་ཅེས་བརྗོད་ཡོད། ལྗར་པན་གྱིས་ཏེའོ་ཡུས་དའོ་གླིང་ཕྲིན་དུ་མི་མེད་གནམ་གྲུ་ཆུང་གྲས་རྙེད་རྗེས་ལྗར་པན་མཁའ་སྐྱོད་རང་སྲུང་དམག་གིས་དམག་གྲུ་བཏང་ནས་ལན་ཆ་བྱས་པའི་ཐད། མགྲིན་ཚབ་པ་རེན་གོ་ཆང་གིས། ཏེའོ་ཡུས་དའོ་གླིང་ཕྲན་དང་དེའི་ཟུར་གཏོགས་གླིང་ཕྲན་ནི་ཀྲུང་གོའི་སྔར་ཡོད་ཀྱི་མངའ་ཁོངས་ས་ཆ་ཡིན་ཞིང་། ཀྲུང་གོས་བྱ་སྤྱོད་གང་ཞིག་སྤེལ་ཡང་དེ་བདག་དབང་ཁྱབ་ཁོངས་ནང་གི་གནས་ཚུལ་ཡིན། ཀྲུང་གོའི་དམག་དཔུང་གིས་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་ཚོད་འཛིན་བྱས་པ་དང་། དགོས་ངེས་ཀྱི་སྟབས་བསྟུན་བྱ་ཐབས་སྤེལ་ཡོད་ཅེས་བརྗོད་འདུག
|