འཛམ་གླིང་ཐོག་ཆེས་ཆེ་བའི་པད་མཁར་གསུམ་གྱི་ཡ་གྱལ་ཉག་ལ་སྐྱེས་རབས་བརྒྱ་མཁར་གྱི་བྱུང་བ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 10 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »འཛམ་གླིང་ཐོག་ཆེས་ཆེ་བའི་པད་མཁར་གསུམ་གྱི་ཡ་གྱལ་ཉག་ལ་སྐྱེས་རབས
འཛམ་གླིང་ཐོག་ཆེས་ཆེ་བའི་པད་མཁར་གསུམ་གྱི་ཡ་གྱལ་ཉག་ལ་སྐྱེས་རབས་བརྒྱ་མཁར་གྱི་བྱུང་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/6/18ལྟ་ཀློག (2139)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །འཛམ་གླིང་ཐོག་ཆེས་ཆེ་བའི་པད་མཁར་གསུམ་གྱི་ཡ་གྱལ་

ཉག་ལ་སྐྱེས་རབས་བརྒྱ་མཁར་གྱི་བྱུང་བ་མདོ་ཙམ་གླེང་བ་

ཉི་གཞོན་བསུ་བའི་སྐྱ་རེངས་ཞེས་བྱ་བ་

བཞུགས་སོ། །

དུས་ཆར།


     ཟབ་གསལ་ཕྱག་རྒྱ་ཆེན་པོའི་ཐེམ་སྐས་ལས།།

     སེམས་ཀྱི་གསང་བའི་རྨུ་ཐག་ལ་འཇུས་ཏེ།།

     འོག་མིན་ཞིང་དུ་སྐུ་བཞི་མངོན་མཛད་པ།།

     ཐུབ་དབང་དོན་ཀུན་གྲུབ་ལ་གུས་ཕྱག་འཚལ།།

 

     བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ལྷོ་བྲག་པ། །

     གངས་ལྗོངས་གྲུབ་བརྒྱའི་སྤྱི་མེས་མི་ལ་རྗེ། །

     བཀའ་ཕྱག་ཤིང་རྟའི་སྲོལ་འབྱེད་སྒམ་པོ་པ། །

     རྣམ་འདྲེན་མཚུངས་མེད་གསུམ་ལ་དངས་བས་འདུད། །

 

    རབ་འབྱམས་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།།

    མཛད་འཕྲིན་ཡོན་ཏན་མ་ལུས་གཅིག་བསྡུས་པ།།

    གངས་ཅན་མགོན་པོ་རྒྱལ་དབང་ཀརྨ་པ། །

    ཆོས་གྲགས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །

 

    ངོ་མཚར་ལོ་རྒྱུས་ངོ་སྤྲོད་མ་བྱས་ན། །

    ཁྱད་འཕགས་གནས་ཆེན་ཁྱད་ཆོས་ཤེས་མི་དཀོན། །

    དེའི་ཕྱིར་མདོ་རྒྱུད་གཞུང་ལ་གཞི་བཅོལ་ཏེ། །

    དད་ལྡན་དང་བའི་གསོས་སུ་ཅུང་ཟད་འབྲི། །

     དེ་ཡང་འཛམ་གླིང་ཐོག་ཆེས་ཆེ་བའི་པད་མཁར་གསུམ་གྱི་ཡ་གྱལ་དང་པད་མཁར་གཞན་གཉིས་ལས་ཀྱང་ལོ་རྒྱུས་རིང་བའི་ཉག་ལ་སྐྱེས་རབས་བརྒྱ་མཁར་གྱི་བྱུང་བ་མདོ་ཙམ་བཀོད་པ་ལ། བརྒྱ་མཁར་ཕྱག་བཏབ་པའི་གནས་དང་། ཇི་ལྟར་ཕྱག་བཏབ་ཚུལ། ཕྱག་འདེབས་མཁན་གྱི་བླ་མ། དེ་ལྟར་ཕྱག་བཏབས་པའི་བརྒྱ་མཁར་ཏེ་བཞིའོ། །


གནས་ཆེན་སྐྱེས་རབས་བརྒྱ་མཁར་ཕྱག་བཏབ་པའི་གནས།

དང་པོ་གནས་ཆེན་སྐྱེས་རབས་བརྒྱ་མཁར་ཕྱག་བཏབ་པའི་གནས་ནི། གནམ་གྱི་དབུས། ས་ཡི་དཀྱིལ། གླིང་གི་སྙིང་པོ། གོ་ལའི་ཡང་རྩེ། མཐོ་རིས་མི་ཡི་ཞིང་ཁམས་ཞེས་ཡོངས་སུ་གྲགས་པའི་བོད་ཁ་བ་ཅན་གྱི་ཤར་ཕྱོགས། མདོ་ཁམས་ནང་ཆེན་ཉག་ལའི་ཡུལ་ཉག་སྨད་ས་ཡི་ཐིག་ལེ་ཡུལ་སྐྱོང་ལྷ་ཡི་དགེ་བསྙེན་ཆེན་པོ་སྦ་ཁོ་དཔའ་རྒྱལ་གྱི་མདུན་ཕྱོགས། རྫ་ཀླུང་རིང་མོ་དལ་གྱིས་འབབ་པའི་གཡོན་ཟུར། དཔལ་མགོན་པོ་རི་བོ་འདབས་རོལ། འཕགས་མཆོག་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་དང་། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་གནས་ཡིན་པར། ༧བཀའ་བརྒྱུད་རྒྱལ་བ་ཡབ་སྲས་རྣམས་དང་། ཉག་སྤྲུལ་བྱང་ཆུབ་སེམས་དཔའ། བསྟན་འཛིན་དགེ་ལེགས་ཉི་མ། མཁན་ཆེན་པདྨ་རྣམ་རྒྱལ་སོགས་མཁས་གྲུབ་གཉིས་ལྡན་གྱི་དམ་པའི་སྐྱེས་ཆེན་དུ་མས་ངོས་འཛིན་དང་ལུང་བསྟན་ཡང་ཡང་མཛད་པའི་གནས་ཆེན་གང་ཟག་གི་རྒྱུད་ཚུར་བྱིན་གྱིས་བརློབས་ནུས་པའི་གནས་དེར་ཡིན་ནོ། །


གནས་ཆེན་སྐྱེས་རབས་བརྒྱ་མཁར་ཇི་ལྟར་ཕྱག་བཏབ་ཚུལ།

     གཉིས་པ་གནས་ཆེན་སྐྱེས་རབས་བརྒྱ་མཁར་ཇི་ལྟར་ཕྱག་བཏབ་ཚུལ་ནི། ཉག་ལ་སྐྱེས་རབས་བརྒྱ་མཁར་དང་། སེང་ཟེ་རྒྱ་ནག་མ་ཎི། ལྕི་ཆུ་འཇའ་དམར་མ་ཎི་སྟེ་འཛམ་གླིང་ཐོག་ཆེས་ཆེ་བའི་པད་མཁར་གསུམ་དུ་གྲགས་པའི་ཡ་གྱལ་དང་། པད་མཁར་གཞན་གཉིས་ལས་ཀྱང་ལོ་རྒྱུས་ཀྱི་བྱུང་བ་རྒྱུན་རིང་ཞིང་། ངོ་མཚར་གྱི་མཛེས་པ་ཕུན་སུམ་ཚོགས་པའི་ཉག་ལ་སྐྱེས་རབས་བརྒྱ་མཁར་ནི། རྒྱལ་དབང་༧ཀརྨ་པ་ཆོས་གྲགས་རྒྱ་མཚོས་ཉིད་ཀྱི་ཐུགས་སྲས་མ་ཎིའི་བཀའ་བབས་ཀྱི་སློབ་ཆེན་གཉིས་ཀྱི་ནང་ཚན་མ་ཎི་བ་ལྷུན་འགྲུབ་རྒྱ་མཚོའམ་ཉག་སྤྲུལ་བྱང་ཆུབ་སེམས་པར་བཀའ་མངགས་མཛད་ནས། གོང་དུ་ཞུས་པ་བཞིན་འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་། བདེ་ཕག་ཡབ་ཡུམ་གྱི་གནས་ཆེན་དུ་གྲགས་པའི་ས་འདིར། བོད་རབ་བྱུང་བརྒྱད་པའི་ཆུ་གླང་དང་། སྤྱི་ལོ་༡༤༨༣ལོར་སངས་རྒྱས་ཀྱི་སྐྱེས་རབས་བརྒྱ་རྩ་རྡོ་ལ་བརྐོས་ཏེ་པད་མཁར་གྱི་རྨང་བཏིང་བ་ནས་བཟུང་མི་རབས་མང་པོ་བརྒྱུད་དེ་རིམ་གྱིས་འཕེལ་རྒྱས་བྱུང་བ་ཞིག་རེད།

     རྒྱ་ནག་མ་ཎི་དང་། འཇའ་དམར་མ་ཎི་ཞེས་པད་མཁར་གཞན་གྱི་མིང་གི་ཟུར་དུ་མ་ཎིའི་ཚིག་དངོས་སུ་ཡོད་ཀྱང་། འདི་ལ་སྐྱེས་རབས་བརྒྱ་མཁར་ཞེས་དམིགས་བསལ་གྱི་མཚན་ཐོགས་དོན་ནི། རྒྱལ་དབང་༧ཀརྨ་པ་ཆོས་གྲགས་རྒྱ་མཚོས་བསྟན་པ་དང་སེམས་ཅན་གྲངས་མེད་པའི་དོན་དུ་མ་ཎི་བ་ལྷུན་འགྲུབ་རྒྱ་མཚོར་བཀའ་མངགས་གནང་སྟེ་འཕགས་པ་སྤྱན་རས་གཟིགས་དང་བདེ་ཕག་ཡབ་ཡུམ་གྱི་གནས་སུ་གྲགས་པའི་ས་འདིར་འགྲོ་བའི་བསོད་ནམས་སྒྲུབ་པའི་མཆོད་སྡོང་དུ་ཐོག་མར་སངས་རྒྱས་ཤཀྱཱ་ཐུབ་པའི་སྐྱེས་རབས་བརྒྱ་རྩ་རྡོ་ལ་བརྐོས་ནས་ཕྱོགས་གཅིག་ཏུ་བཞུགས་སུ་གསོལ་བས་མཚན་དེ་ལྟར་ཐོགས་སོ། །

      དེ་ཡང་“སྐྱེས་རབས་བརྒྱ་”ནི་སངས་རྒྱས་ཤཀྱ་ཐུབ་པའི་སྐྱེས་རབས་བརྒྱ་རྩ་དང།“མཁར་”ནི་གྲོག་མཁར་དང་། ཉ་མཁར་ཞེས་པ་ལྟར་སྟོན་པའི་སྐྱེས་རབས་བརྒྱ་རྩ་གཙོ་བོར་གྱུར་པའི་སངས་རྒྱས་བྱང་སེམས་ཀྱི་མཚན་སྔགས་དང་། རྣམ་ཐར་བརྐོས་པའི་རྡོ་མང་པོ་ལྷན་གཅིག་ཏུ་སྤུངས་པའམ་ཕྱོགས་གཅིག་ཏུ་བསྒྲིགས་པས་སྐྱེས་རབས་བརྒྱ་མཁར་ཞེས་མིང་དུ་གྲགས་སོ། །དེ་ནས་ཕྱིས་སུ་བརྒྱ་མཁར་ཆགས་སའི་ལུང་པའི་ཕུར་སྐྱེས་རབས་ཕུ་དང་། དེར་ཡོད་པའི་ནགས་ཚལ་ལ་སྐྱེས་རབས་ནགས། བརྒྱ་མཁར་ཆགས་སར་སྐྱེས་རབས་མདའ། ཟུར་ནས་འབབ་པའི་ཆུ་ཕྲན་ལ་སྐྱེས་རབས་ཆུ་ཞེས་སོགས་འབོད་པའི་སྲོལ་རིམ་གྱིས་བྱུང་འདུག

དེ་ཡང་སྤྱིར་སྐྱེས་རབས་ནི། དམ་པའི་སྐྱེས་བུ་དག་གི་སྐྱེ་བ་སྔ་མར་སེམས་ཅན་གྱི་དོན་ཇི་ལྟར་བྱས་པའི་རྣམ་ཐར་ཡིན་ལ། སྐབས་འདིར་སྐྱེས་རབས་ཞེས་པའང་བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པའི་སྐུ་ཚེ་སྔ་མའི་རྣམ་ཐར་ལ་གོ་དགོས་པ་རེད།

སྔོན་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་སྐྱེས་པ་རབས་ཀྱི་སྡེ་ཚན་དེ་གཞིར་གཟུང་ནས། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་སློབ་དཔོན་དཔའ་བོས་སྐྱེས་རབས་སོ་བཞི་པ་མཛད་ཅིང་། དེའི་ཁ་སྐོང་དུ་བོད་ཀྱི་མཁས་པ་ཆེན་པོ་རྒྱལ་དབང་༧ཀརྨ་པ་སྐུ་ཕྲེང་གསུམ་པ་ཆོས་ཀྱི་རྗེ་པཎྜི་ཏ་རང་བྱུང་རྡོ་རྗེས་སྐྱེས་རབས་རེ་དྲུག་མཛད་དེ་ཁ་བསྐངས་པས་སངས་རྒྱས་ཤཀྱཱ་ཐུབ་པའི་སྐྱེས་རབས་བརྒྱ་རྩ་ཞེས་འཇིག་རྟེན་དུ་གྲགས་ཤིང་སྟོན་པའི་རྗེས་འཇུག་དག་གིས་སྟོན་པ་རང་ཉིད་ཀྱི་གསུང་ལྟར་བྱིན་རླབས་ཆེ་བའི་ཚད་དུ་བྱེད་དོ། །

     དེར་བརྟེན་ས་དགེ་བཀའ་རྙིང་སོགས་གངས་རིའི་ལྗོངས་ཀྱི་ཐུབ་ཚུལ་འཛིན་པ་སྤྱི་དང་། ཁྱད་པར་དུ་དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པ་དག་གིས་སྟོན་པ་བཀའ་དྲིན་ཅན་གྱི་སྐྱེས་རབས་བརྒྱ་རྩའི་སྐུ་བརྙན་བཞེངས་པ་དང་། གླེགས་བམ་ཡི་གེར་འབྲི་བ། ཀློག་པ། རྡོ་ལ་རྐོ་བ། ཚོགས་འདོན་བྱེད་པ་སོགས་ཀྱིས་སྟོན་པ་བཀའ་དྲིན་ཅན་དེའི་སྐྱེས་རབས་རྣམ་ཐར་དང་། བཀའ་དྲིན་རྗེས་དྲན་རྒྱུན་མཐུད་ནས་བྱེད་པའི་སྲོལ་བཟང་པོ་བྱུང་བའི་ཁྲོད་ནས་རིམ་བཞིན་སྐྱེ་དགུའི་བདེ་ལེགས་སྒྲུབ་པའི་མཆོད་སྡོང་ཆེན་པོ་འདི་ཉིད་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྲུབ་པར་གྱུར་ཏོ། །


གནས་ཆེན་སྐྱེས་རབས་བརྒྱ་མཁར་ཕྱག་འདེབས་མཁན་གྱི་བླ་མ།

      གསུམ་པ་གནས་ཆེན་སྐྱེས་རབས་བརྒྱ་མཁར་ཕྱག་འདེབས་མཁན་གྱི་བླ་མ་ནི། མདོ་ཏིང་འཛིན་རྒྱལ་པོ་ལས། ང་འདས་ལོ་ནི་ཉིས་སྟོང་ན། ། གདོང་དམར་ཡུལ་དུ་བསྟན་པ་འབྱུང་། །སྤྱན་རས་གཟིགས་ཀྱི་གདུལ་བྱ་འགྱུར། །དེ་ཡི་བསྟན་པའི་སྙིགས་མ་ལ། །བྱང་ཆུབ་སེམས་དཔའ་སེངྒེའི་སྒྲ། །ཀརྨ་པ་ཞེས་བྱ་བ་འབྱུང་། །ཏིང་འཛིན་དབང་ཐོབ་འགྲོ་བ་འདུལ། །མཐོང་ཐོས་དྲན་རེག་བདེ་ལ་འགོད། །ཅེས་དང་།

མདོ་སྡེ་ལང་ཀར་གཤེགས་པ་ལས། རབ་བྱུང་ཆས་ལ་ཞྭ་ནག་ཅན། །སྟོང་གི་བསྟན་པ་མ་རྫོགས་བར། །འགྲོ་བའི་དོན་ལ་རྒྱུན་ཆད་མེད། །ཅེས་དང་།

དྲག་པོ་གནམ་ལྕགས་འབར་བའི་རྒྱུད་ལས། ཕྱོགས་བཅུའི་སངས་རྒྱས་གཅིག་བསྡུས་པ། །ཚེ་འདིར་གྲུབ་པ་སྟོན་པའི་ཕྱིར། །ཀརྨ་པ་ཞེས་ཡོངས་གྲགས་འབྱུང་། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་བསླུ་མེད་ལུང་གིས་བསྔགས་ཤིང་། རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་མིག་མི་འཛུམ་པ་བསམ་བཞིན་གངས་ཅན་གྱི་མགོན་དུ་བྱོན་པ་དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་རྗེ་ཕྲིན་ལས་ཀྱི་རང་གཟུགས་༧དཔལ་རྒྱལ་དབང་ཀརྨ་པ་ཞེས་མཚན་ཉི་ཟླ་ལྟར་ས་གསུམ་ན་ཡོངས་སུ་གྲགས་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱི་སྐུའི་སྐྱེས་རབས་གསེར་གྱི་ཕྲེང་བ་འཛིན་པ་༧རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ཞེས་མཚན་སྙན་རབས་འབྱམས་ཞིང་དུ་ཁྱབ་པའི་འདྲེན་པ་ཆེན་པོ་དེ་ཉིད་ཀྱིས་སྙིགས་མའི་གདུལ་བྱ་རྣམས་གཏན་བདེ་ཐར་པ་ཆེན་པོའི་ལམ་ལ་འགོད་ཕྱིར་བརྒྱ་མཁར་གསར་བཞེངས་ཀྱི་ལས་མགོར་ཉིད་ཀྱི་ཐུགས་སྲས་མ་ཎི་བ་ལྷུན་འགྲུབ་རྒྱ་མཚོ་སོགས་ཆེད་བསྐོས་ཀྱིས་གནས་ཆེན་སྐྱེས་རབས་བརྒྱ་མཁར་ཞེས་བྱིན་རླབས་ཀྱི་ཚན་ཁ་འབར་ཞིང་འཛམ་གླིང་ཐོག་ལོ་རྒྱུས་ཆེས་རིང་བའི་བརྒྱ་མཁར་ཆེན་མོ་འདི་ཉིད་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་གསར་བཞེངས་མཛད་པ་ཡིན་ནོ། །


དེ་ལྟར་ཕྱག་བཏབ་པའི་གནས་ཆེན་སྐྱེས་རབས་བརྒྱ་མཁར།

       བཞི་པ་དེ་ལྟར་ཕྱག་བཏབ་པའི་གནས་ཆེན་སྐྱེས་རབས་བརྒྱ་མཁར་ལ། རྟེན་འབྲེལ་གྱི་ཆེ་བའི་བསྐོར་ཚད་དང་། དུས་ཀྱི་ཆེ་བའི་བསྐོར་ཚད་གཉིས་སོ། །

དང་པོ་རྟེན་འབྲེལ་གྱི་ཆེ་བའི་བསྐོར་ཚད་ནི།  དད་གསུམ་རྣམ་དག་གིས་ཀུན་ནས་བསླངས་ཏེ་བསྐོར་བའི་གཟུངས། ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡཱ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛཱ་ཡེ་སྭཱ་ཧཱ། ཞེས་པ་འདི་བརྗོད་ཅིང་《བསྐོར་བ་ལན་གཅིག་》བྱས་ན་དུང་ཕྱུར་མང་པོར་འགྱུར་རོ། །

གཉིས་པ་དུས་ཀྱི་ཆེ་བའི་བསྐོར་ཚད་ལ།  ཉ་སྟོང་སོགས་མ་ཡིན་པའི་དུས་རྒྱུན་གྱི་བསྐོར་ཚད་དང་། ཉ་སྟོང་ཚེས་བརྒྱད་རྣམས་ཀྱི་བསྐོར་ཚད། ཉ་སྟོང་སྔ་ཕྱི་རྣམས་ཀྱི་བསྐོར་ཚད། དུས་ཆེན་རྣམས་ཀྱི་བསྐོར་ཚད་དང་བཞིའོ། །

དང་པོ་ཉ་སྟོང་སོགས་མ་ཡིན་པའི་དུས་རྒྱུན་གྱི་བསྐོར་ཚད་ནི དུས་རྒྱུན་བསྐོར་བ་གཉིས་རེ་ལ་མ་ཎི་བྱེ་ཆུང་རེ་ཡོད་ངེས་ཡིན།《བསྐོར་བ་བརྒྱ་དང་ཉེར་ལྔ་》རེ་བསྐོར་ན་རང་གིས་ཁ་ནས་བཏོན་པའི་མ་ཎི་དུང་ཕྱུར་རེ་དང་འདྲ། གྲངས་མང་ན་ཕན་ཡོན་ཇེ་ཆེ་ཡིན་པས།《བསྐོར་བ་གཅིག་ཁྲི་ཉིས་སྟོང་ལྔ་བརྒྱ་》བྱས་ན་ཁ་བ་དཀར་པོ་དུང་བརྒྱ་མ་དང་འདྲའོ། །

གཉིས་པ་ཉ་སྟོང་ཚེས་བརྒྱད་རྣམས་ཀྱི་བསྐོར་ཚད་ནི།  ཉ་ཚེས་པ་བཅོ་ལྔ་དང་། སྟོང་ཚེས་པ་སུམ་བཅུ། ཡར་ངོའི་ཚེས་བརྒྱད་རྣམས་ལ་ཐ་ན་བརྒྱ་འགྱུར་ཡོད་པས་《བསྐོར་བ་གཉིས་》རེ་ལ་མ་ཎི་དུང་རེ་ཡོད་དོ། །

གསུམ་པ་ཉ་སྟོང་སྔ་ཕྱི་གཉིས་ཀྱི་བསྐོར་ཚད་ནི། ཉ་ཡི་སྔ་མ་ཚེས་པ་བཅུ་བཞི་དང་། སྟོང་གི་ཕྱི་མ་ཚེས་གཅིག་གཉིས་ལ་《བསྐོར་བ་ཉིས་བརྒྱ་》ཕོག་ན་ཁ་བ་དཀར་པོ་དུང་བརྒྱ་མ་དང་འདྲའོ། །

བཞི་པ་དུས་ཆེན་རྣམས་ཀྱི་བསྐོར་བའི་ཚད་ནི། བོད་ཟླ་དང་པོ་ཆོ་འཕྲུལ་ཟླ་བ། བོད་ཟླ་བཞི་པ་བལྟམས་གཤེགས་བྱང་ཆུབ་བརྙེས་པའི་དུས་ཆེན་སུམ་འཛོམས་ས་ག་ཟླ་བ། བོད་ཟླ་དྲུག་པ་ཆོས་འཁོར་ཟླ་བ། བོད་ཟླ་དགུ་པ་ལྷ་བབ་ཟླ་བ། བཅུ་པ་འབུམ་འགྱུར་ཟླ་བ་སྟེ་དུས་ཆེན་ལྔ་ལ་དགེ་སྡིག་གང་བྱས་འབུམ་འགྱུར་གསུངས་པས་དུས་ཆེན་ལྔ་ལ་བསྐོར་ན་ཉ་ཚུན་ཆད་《བསྐོར་བ་བརྒྱ་》རེ་ལ་མ་ཎི་དུང་དགུ་བརྒྱ་དང་། དགུ་བཅུ་གོ་དགུ་རེ་ཐ་ནའང་བབ་ཡོད་འདུག། ཕན་ཡོན་ཐོབ་ཚུལ་གོང་དུ་བཤད་པ་དེ་དག་ནི་བསྐོར་བ་པོ་སྐྱེ་བོ་ཕལ་པ་རྣམས་ཀྱི་དབང་དུ་བྱས་པ་ཡིན་ནོ། །

ཇི་སྐད་དུ། སྐྱེ་བོ་ཕལ་པ་སྟོང་ཕྲག་བརྒྱ། །བྲམ་བྱེ་གཙང་མ་གཅིག་ལ་སྦྱར། །བྲམ་བྱེ་གཙང་མ་སྟོང་ཕྲག་བརྒྱ། །ཚུལ་ཁྲིམས་ལྡན་པ་གཅིག་ལ་སྦྱར། །ཞེས་གསུངས་པ་ལྟར་བསྐོར་བ་པོ་དགེ་ཚུལ་སློང་བྱང་སེམས་སོགས་ལ་ཕན་ཡོན་ཇེ་ཆེ་ཡིན་པ་ཤེས་དགོས་སོ། །

           འདིས་མཚོན་སྐྱེ་འཕགས་ཀུན་གྱི་དགེ་བའི་ཆ། །

           ཡོད་པ་གང་དེས་ལུང་རྟོགས་དམ་པའི་ཆོས། །

           རང་གཞན་ཀུན་གྱི་རྒྱུད་ལ་རྒྱས་གྱུར་ནས། །

           ཕུན་ཚོགས་དཔལ་གྱིས་འཇིག་རྟེན་མཛེས་གྱུར་ཅིག །


      ཅེས་སྙིགས་མའི་དུས་སུ་མདོ་ཁམས་ཟལ་མོ་སྒང་རྒྱུད་ཀྱི་རི་སུལ་དུ་ཆེན་པོ་མགར་གྱི་རིགས་ལས་སྐྱེས་ཤིང་ཆོས་སྨྲ་བའི་མིང་ཙམ་འཛིན་པ་ཀུན་བཟང་འགྱུར་མེད་དུ་འབོད་པས་སྟོན་པ་བདེ་བར་གཤེགས་ནས་ལོ་༢༥༣༠ལོའི་ས་ག་ཟླ་བའི་ཚེས་༡༥ཉིན་གནས་ཆེན་འདིའི་ཉེ་འགྲམ་དུ་མདོ་རྒྱུད་མང་པོ་དཔང་དུ་བཟུང་ཞིང་རྒྱལ་བ་ཡབ་སྲས་རྣམས་དང་། བསྟན་འཛིན་དགེ་ལེགས་འོད་ཟེར། འཇམ་མགོན་པདྨ་རྣམ་རྒྱལ་སོགས་སྔོན་དང་ད་ལྟར་བྱོན་པའི་སྐྱེས་ཆེན་དག་གིས་འདིའི་ལོ་རྒྱུས་དང་བསྐོར་ཚད་ཇི་ལྟར་གསུངས་པ་དག་ལ་གསལ་ཁ་ཅུང་ཟད་བཏོད་དེ་གོ་བདེ་བར་སྦྱར་བའོ། ། ། །



དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd5j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15826257
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号