སྐྱེ་ཁམས་ཡུལ་སྐོར་ཚོང་ལས་ཀྱི་འབོད་སྐུལ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 21 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དཔལ་འབྱོར།» དཔལ་འབྱོར་རིག་པ། »སྐྱེ་ཁམས་ཡུལ་སྐོར་ཚོང་ལས་ཀྱི་འབོད་སྐུལ།
སྐྱེ་ཁམས་ཡུལ་སྐོར་ཚོང་ལས་ཀྱི་འབོད་སྐུལ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/6/26ལྟ་ཀློག (973)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྐྱེ་ཁམས་ཡུལ་སྐོར་ཚོང་ལས་ཀྱི་འབོད་སྐུལ།

འཇུ་བཀྲ་ཤིས་བཟང་བོ།( གཅིག་སྒྲིལ)

ཡུལ་སྐོར་ཚོང་ལས་ཀྱིས་ས་གནས་ལ་ཕན་ཇི་ལྟར་གདག་དགོས།

        ཡུལ་སྐོར་ཚོང་ལས་འདི་ལེགས་ལམ་དུ་སོང་ན་ཁོར་ཡུག་དང་རིག་གནས་སྲུང་སྐྱོང་དང་། ས་གནས་མང་ཚོགས་ཀྱི་འཚོ་བ་གོང་འཕེལ་དུ་འགྲོ་བ་སོགས་ལ་མངོན་གསལ་གྱི་ཕན་ཁེ་མང་བོ་ལྡན་པའི་ཚོང་ལས་ཤིག་རེད། གལ་ཏེ་ལེགས་ལམ་དུ་མ་སོང་ན་ས་ཆ་དང་། རིག་གནས། ཆོས་ལུགས། ཁོར་ཡུག ཚོང་ལས། མཐུན་སྒྲིལ་སོགས་ཚང་མ་གཞན་ལག་ཏུ་ཤོར་བའམ་ཉམས་རྒུད་དུ་གཏོང་བའི་གཤིན་རྗེའི་འཕྲང་ལམ་ཞིག་རེད། དེ་བས་ཡུལ་སྐོར་ཚོང་ལས་འདི་རལ་གྲི་སོ་གཉིས་པ་ཞིག་སྟེ་གཡུགས་ཤེས་ན་དགྲ་མགོ་དང་གཡུགས་པ་ཤེས་ན་རང་མགོ་འབྲེག་བྱེད་ཅིག་ཡིན་པར་འདོད།

 

གཅིག ཡུལ་སྐོར་ཚོང་ལས་ནི་འགོག་མི་ཐུབ་པའི་རི་གཟར་གྱི་འབབ་ཆུ་ཞིག་རེད།

        ད་ལྟ་ཡུལ་སྐོར་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་ཚོང་ལས་ཀྱི་གྲས་སུ་གཏོགས་ཤིང་། ཀྲུང་གོའི་ཡུལ་སྐོར་ཚོང་ལས་ཀྱང་མགྱོགས་པོའི་ངང་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པས་མི་འགྱང་བར་འཛམ་གླིང་གི་ཨང་གཉིས་པའི་ཡུལ་སྐོར་ཚོང་ལས་སུ་འགྱུར་རྒྱུ་རེད། ཆེད་མཁས་པས་བཤད་པ་ལྟར་ན་བར་ཆད་དང་བཀག་འགོག་གང་འདྲ་ཡོད་ནའང་ཡུལ་སྐོར་ཚོང་ལས་ནི་མུ་མཐུད་དུ་ས་ཆ་སོ་སོར་རྒྱ་ཆེན་པོའི་ངང་འཕེལ་རྒྱས་སུ་འགྲོ་རྒྱུ་རེད་ཅེས་ཟེར། དེའི་ཕྱིར་ང་ཚོའི་ཡུལ་སྐོར་ཚོང་ལས་ཀྱང་རང་གིས་མི་གཉེར་ན་གཞན་གྱིས་གཏན་དུ་ཁྱེར་འགྲོ་བ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་རང་སའི་ཡུལ་སྐོར་ཚོང་ལས་རང་གིས་བདག་པོ་དང་གཉེར་སྐྱོང་ཐུབ་དགོས།

 

གཉིས། ཡུལ་སྐོར་ཚོང་ལས་ཀྱིས་ཁྱེར་ཡོང་པའི་སྐྱོན་ཆ།

        ས་གནས་མང་ཚོགས་སུ་ཡིན་ཡང་ཡུལ་སྐོར་ཚོང་ལས་སུ་ཞུགས་མོ་འདོད་མཁན་ཡོད་རྒྱུ་མ་རེད། འོན་ཀྱང་ཁོང་ཚོར་དེའི་ཐད་ཀྱི་འཆར་གཞི་དང་གྲ་སྒྲིག་ཕུགས་བསམ་སོགས་འབྲེལ་ཡོད་ཤེས་བྱ་དང་ལག་རྩལ་གྱི་ཚད་ཐིག་ལ་བསླེབས་མེད་ན་མཇུག་འབྲས་ཅི་བྱུང་ཆ་མ་འཚལ་བ་ཞིག་རེད།

༡ ས་གནས་ཀྱི་ཐོན་ཁུངས་རྣམས་ས་གནས་མིས་རང་གིས་བེད་སྤྱོད་ཡག་པོ་བྱ་མ་ཐུབ་ན། ས་གནས་མང་ཚོགས་ལ་ཁེ་ཕན་ཅི་ཡང་མེད་པའི་ངང་ཕྱི་ནས་ཐོན་པའི་ཚོང་བ་དག་གིས་བེད་སྤྱོད་དང་ལོངས་སྤྱོད་བྱེད་རྒྱུ་རེད། ༢ སྤུས་ཚད་ཞན་པའི་འབོལ་ཆེན་ཡུལ་སྐོར་བའི་རླབས་རྒྱུན་དྲག་པོ་དེས། མང་སྣ་ཉུང་གིས་མི་བརྟེན་པར་ས་གནས་ཀྱི་རིག་གནས་དང་གོམས་སྲོལ་ལ་ཉེན་ཁ་དང་གཏོར་བཤིག་ཚབ་ཆེན་བཟོ་རྒྱུ་རེད། ༣ ས་གནས་མང་ཚོགས་ལ་ཡུལ་སྐོར་ཚོང་ལས་ཀྱི་འབྲེལ་ཡོད་ཤེས་བྱ་དང་ལག་རྩལ་མེད་པས།ལས་ཞུགས་གོ་སྐབས་མང་ཆེ་བ་ཕྱི་ཡོང་མི་ཡིས་སྒེར་འཛིན་བྱེད་སྲིད་ལ། དེས་ས་གནས་མང་ཚོགས་ཀྱིས་ཡུལ་སྐོར་ཚོང་ལས་གཉེར་བ་དང་ཡང་ན་ཡུལ་སྐོར་ཚོང་ལས་སྐོར་གྱི་ལས་ཀ་རེག་པའི་གོ་སྐབས་འཆོར་དུ་འཇུག་རྒྱུ་རེད། ༤ ཁྱིམ་ཚང་ཕན་ཚུན་དང་སྡེ་བ་ཕན་ཚུན་བར་ཡུལ་སྐོར་ཡོང་སྒོ་འཕྲོག་རྩོད་ཀྱི་ཉོག་དྲ་སྣ་ཚོགས་འབུད་སྲིད་པ་དང་། དེས་ང་ཚོའི་ཡིད་བཞིན་ནོར་བུ་ལྟ་བུའི་མཐུན་སྒྲིལ་དང་ཕན་ཚུན་བར་གྱི་ཡིད་ཆེས་དེ་མེད་པར་བཟོ་རྒྱུ་རེད། ༥ ས་གནས་མང་ཚོགས་ལ་ཨེ་ཙི་སོགས་བཅོས་ཐབས་བྲལ་བའི་འགོད་ནད་རིགས་ཀྱི་སྔོན་འགོག་གོ་རྟོགས་ཤེས་བྱ་ཞན་པས། ཡུལ་སྐོར་བས་ཁྱེར་ཡོང་བའི་འགོས་ནད་ཀྱིས་ང་ཚོར་ཐང་གི་རྡོ་ལེན་ས་ནས་རུམ་གྱི་བྲོ་ལྷུང་བ་ལྟ་བུ་བྱེད་སྲིད།  ༦ ཡུལ་སྐོར་གྱི་དངོས་རྫས་སྣ་ཚོགས་རིན་གོང་ལྡབ་མང་བོས་འཕར་དུ་འཇུག་ངེས་ཡིན་ལ། དེས་ཚོང་ལས་མི་ཐུབ་པའི་མི་སེར་ཕལ་བས་དངོས་རྫས་ཉོ་མི་ཐུབ་པའི་དཀའ་ངལ་སྤྲད་རྒྱུ་རེད། ༧ འབོར་ཆེན་ཡུལ་སྐོར་བས་སྣ་མང་སྐྱེ་དངོས་ལ་གནོད་འཚེ་དང་ཆུ་བོ་འབགས་བཙོག་བཟོ་བ་སོགས་ཁོར་ཡུག་ལ་གནོད་སྐྱོན་ཚབ་ཆེན་ཐེབས་རྒྱུ་རེད། ༨ དགོན་པས་ཡུལ་སྐོར་སྒོ་འབྱེད་བྱས་ན། དགེ་འདུན་པའི་སྤོང་ཀློག་གི་བྱ་བ་ལ་བར་ཆད་ཆེན་པོ་ཐེབས་རྒྱུ་རེད། ༩ ཕྱི་ཡོང་གི་ལྟ་སྤྱོད་སྣ་ཚོགས་ཀྱིས་བོད་མི་རང་གི་ལྟ་སྤྱོད་བཟང་བོ་དང་རིན་ཐང་གི་ལྟ་བ་སོགས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་རེད།


གསུམ། རང་ས་རང་གིས་ཇི་ལྟར་ཟིན་དགོས།

        རང་ས་རང་གིས་ཟིན་པ་དང་རང་སའི་ཡུལ་སྐོར་ཚོང་ལས་ས་གནས་རང་ལ་དབང་དགོས་ན། ས་གནས་མང་ཚོགས་ལ་དེའི་ཐད་ཀྱི་སྦྱོང་བརྡར་ཐོབ་པར་བྱེད་པ་དེ་ཐབས་ལམ་ཉག་གཅིག་རེད། གལ་ཏེ་ས་གནས་མང་ཚོགས་རང་ལ་ཡུལ་སྐོར་ཚོང་ལས་ཀྱི་འཇོན་ཐང་མེད་པར་གྱུར་ན། ས་གནས་མང་ཚོགས་ཀྱིས་ཡུལ་སྐོར་ཚོང་ལས་གཉེར་བ་དང་ཡང་ན་ཡུལ་སྐོར་གྱི་ལས་ཀ་རེག་པའི་གོ་སྐབས་མེད་པར་མ་ཟད། རང་སའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དེ་ཕྱི་ཡོང་ནི་སྣའི་ལག་ཏུ་ཤོར་ཞིང་། ད་དུང་མཐུན་སྒྲིལ་དང་ཁོར་ཡུག་ལ་གནོད་སྐྱོན་ཚབ་ཆེན་ཐེབས་ངས་རེད། མདོན་ན། ཡུལ་སྐོར་ཚོང་ལས་ནི་རིག་གནས་སྲུང་སྐྱོབས་དང་། ཁོར་ཡུག་སྲུང་སྐྱོབ། ས་གནས་དཔལ་ཡོན་གོང་གོང་འཕེལ་སོགས་ཕྱོགས་གང་ཐད་ནས་བསམ་བློ་བཏང་ནའང་ཡུལ་སྐོར་ཚོང་ལས་མི་གཉེ་ཐབས་མེད་པ་དང་། དེ་ཡང་ས་གནས་མི་རང་གིས་མི་གཉེར་ཐབས་མེད་ཡིན་པས་རང་རིགས་ལ་ཤ་ཚ་ལྷག་བསམ་ཅན་གྱི་དཔོན་པོ་དང་བླ་སྤྲུལ། ཤེས་ཡོན་པ་དང་ཚོང་བ། རོང་འབྲོག་མང་ཚོགས་རྒན་གཞོན་ཐམས་ཅད་ནས་འདོང་ཕོག་དགོས་པ་ཞིག་དང་། ཐུང་ཐུང་མྱུར་མྱུར་གྱིས་ལག་ལེན་ལ་འདེབས་ཐུབ་དགོས་པའི་དོན་དག་ཁ་ཚ་དགོས་གཏུག་མ་ཞིག་རེད།


བཞི། ཅི་ཞིག་ལ་སྐྱེ་ཁམས་ཡུལ་སྐོར་ཟེར།

        སྐྱེ་ཁམས་ཡུལ་སྐོར་ཞེས་པ་ནི་ས་གནས་ཁོར་ཡུག་སྲུང་སྐྱོབས་དང་ས་གནས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བའི་འགན་འཁྲིའི་རང་བཞིན་ལྡན་པའི་ཡུལ་སྐོར་གྱི་རྣམ་པ་ཞིག་ཡིན། སྐྱེ་ཁམས་ཡུལ་སྐོར་གྱིས་རང་བྱུང་ཁོར་ཡུག་ལ་བརྟེན་ནས་ཡུལ་སྐོར་ཚོང་ལས་གཉེར་བ་དང་ཆབས་ཅིག་རང་བྱུང་ཁོར་ཡུག་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་གཟབ་ནན་བྱས་ཏེ་རྗེས་རབས་པ་རྣམས་ཀྱིས་ཀྱང་ལོངས་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས། ཡུལ་སྐོར་བས་ཀྱང་ལྗོངས་རྒྱུའི་གོ་རིམ་ཁྲོད་ཁོར་ཡུག་དང་རིག་གནས་ལ་གཏོར་བརླག་མི་བྱེད་པའི་སྤྲོ་སྐྱིད་རོལ་མྱོང་བྱེད་པ་དང་། རང་བྱུང་ཁོར་ཡུག་དང་དེའི་རིག་གནས་ལ་སློབ་སྦྱོང་བྱ་ཐུབ་དགོས། སྐྱེ་ཁམས་ཡུལ་སྐོར་ཚོང་ལས་ཀྱིས་ས་གནས་མང་ཚོགས་ལ་རྒྱུན་བསྲིང་ཐུབ་པའི་དཔལ་འབྱོར་གྱི་གོ་སྐབས་སྣ་ཚོགས་བསྐྲུན་པ་བཅས་ནི་སྐྱེ་ཁམས་ཡུལ་སྐོར་གྱི་ཁྱད་ཆོས་རེད།


ལྔ།  སྐྱེ་ཁམས་ཡུལ་སྐོར་གྱི་འགན་འཁྲི

        ༡ སྔར་ཡོད་ཀྱི་རང་བྱུང་ཁོར་ཡུག་དང་རིག་གནས་ལ་དཔལ་འབྱོར་གྱི་རིན་ཐང་བསྐྲུན་པ། ༢ ས་གནས་མང་ཚོགས་ཀྱིས་ཡུལ་སྐོར་བ་དང་མཉམ་རོལ་བྱེད་ཆོག་པའི་ཁང་པ་སོགས་རྨ་གཞིའི་འཛུགས་སྐྲུན་བྱེད་པ། ༣ ས་གནས་ཀྱི་ཐོན་རྫས་དང་ཞབས་ཕྱི་ལ་བརྟེན་ནས་ས་གནས་རང་གི་ཁེ་ཕན་ལ་རྒྱབ་སྐྱོར་བྱེད་པ། ༤ ས་གནས་ཀྱི་སྤྱི་ཚོགས་ལས་རིགས་ལ་རམ་འདེགས་བྱེད་པ། ༥ རང་བྱུང་ཁོར་ཡུག་ལུགས་མཐུན་གྱིས་བཀོལ་སྤྱོད་བྱེད་པ། ༦ འོས་མཚམས་ཀྱིས་གད་སྙིགས་དོ་དམ་དང་སྒྲིག་འཛུགས་ཡོད་པ། ༧  སྣེ་ཤན་པ་དང་། ཡུལ་སྐོར་བ། ས་གནས་ཡུལ་མི་བཅས་ལ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སློབ་གསོ་དང་གསབ་སྦྱོང་སྤྲོད་པ། ༨ ཡུལ་སྐོར་ལས་རིགས་དང་ཚོང་ལས་ལ་ཕུགས་བསམ་དང་འཆར་གཞི་ཅན་གྱི་དོ་དམ་སྒྲིག་འཛུགས་ཡོད་པ། ༩ ཁོར་ཡུག་ལ་གནོད་པ་མེད་པའི་ནུས་ཤུགས་གཙང་མ་བཀོལ་སྤྱོད་བྱེད་པ། ༡༠ ཚུལ་མཐུན་གྱིས་རྒྱ་ལམ་བཟོ་བཀོད་དང་རླངས་འཁོར་དོ་དམ་བྱེད་པ། ༡༡ རིག་གནས་དང་ལོ་རྒྱུས་ཤུལ་བཞག་ལ་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པ། ༡༢ ཡུལ་སྐོར་བས་ཚུར་སློབ་སྦྱོང་དང་བརྩི་བཀུར་བྱེད་པ་ལས་ཡུལ་སྐོར་བའི་ཤུགས་རྐྱེན་ངན་པ་ཐེབས་པ་ལ་སོ་ལྟ་དང་ཚོད་འཛིན་བྱེད་པ། ༡༣ ཡུལ་སྐོར་བའི་གྲངས་ཀ་ཇེ་ཉུང་ལ་གཏོང་བ་དང་། ཡོང་འབབ་ཇེ་མཐོར་གཏོང་བ་བཅས་ཡིན། མདོར་ན་སྐྱེ་ཁམས་ཡུལ་སྐོར་ནི་རང་གི་རིག་གནས་རང་བྱུང་ཁོར་ཡུག་གི་མཛེས་སྡུག་བཀོལ་ནས་རིག་གནས་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། དཔལ་འབྱོར་ལུགས་མཐུན་གྱིས་གོང་འཕེལ་གཏོང་བའི་ཚོང་ལས་ཤིག་ལ་གོ་དགོས།

 

ཡུལ་སྐོར་བ་དང་། ཡུལ་སྐོར་སྣེ་ཤན་པ།  ས་གནས་མང་ཚོགས།  ཡུལ་སྐོར་ཅུའུ་བཅས་ཚང་མ་ཚད་ཐིག་ལ་མ་ཐོན་ན་ཡུལ་སྐོར་སྒོ་འབྱེད་བྱེད་པ་ནི་ནོར་འཁྲུལ་ཞིག་རེད།  

བོད་ཀྱི་སྐྱེབས་ཁམས་ལྟ་ཞིབ་པ་འཇུ་བཀྲ་ཤིས་བཟང་བོས།

ཡུལ་སྐོར་བས་འཁྱེར་ཡོང་བའི་འབག་བསླད། ཡུལ་སྐོ་ར་ལས་རིགས་ལ་དོ་དམ་སྒྲིག་འཛུགས་མེད་པའི་མཇུག་འབྲས།

 


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14196096
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号