མདོ་སྨད་འཇང་དགུན་ཆོས་སྐབས་བཞག་པ་རིན་ཆེའི་གསུང་བཤད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »མདོ་སྨད་འཇང་དགུན་ཆོས་སྐབས་བཞག་པ་རིན་ཆེའི་གསུང་བཤད།
མདོ་སྨད་འཇང་དགུན་ཆོས་སྐབས་བཞག་པ་རིན་ཆེའི་གསུང་བཤད།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/6/29ལྟ་ཀློག (7337)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མདོ་སྨད་འཇང་དགུན་ཆོས་སྐབས་བཞག་པ་རིན་ཆེའི་གསུང་བཤད།

        2017ལོར་མདོ་སྨད་སྐབས་བཅོ་བརྒྱད་པའི་འཇང་དགུན་ཆོས་ཚོགས་ཆེན་མོ་ལྷ་རི་བཀྲ་ཤིས་དགོན་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་ནས་ཟབ་རྒྱས་ངང་ཚོགས་ཤིང་། སྐབས་དེ་དང་བསྟུན་ནས་བཞག་པ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ། ཁོང་གིས་ང་རང་ཚོ་གྲྭ་པ་རབ་ཏུ་བྱུང་བ་ཡི་་ཙང་་ཀློག་པ་ཐོས་བསམ་དང་། སྤོང་པ་བསམ་གཏན་གྱི་བྱ་བ་ལ་བརྩོན་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་དེ་ལས་ལྷག་པའི་ང་རང་ཚོ་ལ་བྱ་བ་གང་ཡང་སྒྲུབ་རྒྱུ་མེད། ཀློག་པ་ཐོས་བསམ་དང་སྤོང་པ་བསམ་གཏན་བྱེད་ས་ཡང་། རྗེ་བཙུན་བྱམས་པ་མགོན་པོས་གསུངས་པ་ལྟར་རིག་པའི་གནས་ལྔ་དག་ཡིན་པ་དང་དེ་ཡང་།

       གཞན་རྗེས་སུ་འཛིན་པ་བཟོ་དང་གསོ་བ་རིག་པ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་། ལོག་པར་སྨྲ་བ་ཚར་གཅོད་པ་ལ་ཚིག་ལ་མི་རྨོངས་པར་བྱེད་པ་སྒྲ་རིག་པ། དོན་ལ་མི་རྨོངས་པར་བྱེད་པ་ཚད་མ་རིག་པ། བདག་ཉིད་ཀུན་ཤེས་པར་བྱེད་པ་ལ་ནང་དོན་རིག་པ་སྟེ་རིག་གནས་ལྔའི་སྐོར་དང་། ང་རང་ཚོས་ནང་དོན་རིག་པ་གཙོ་བོར་བྱས་ནས་དེའི་ཡན་ལག་ཏུ་སྒྲ་དང་ཚད་མ་རིག་པ་ལ་སློབ་སྦྱོང་བྱེད་པ་འདི་ད་ལྟ་ཙམ་མིན་པར་ཇི་སྲིད་འཁོར་བ་མ་སྟོང་བར་དུ་སྦྱོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། ཚད་མ་རིག་པ་དེ་སྤྱི་ལོའི་སྔོན་ནས་དར་བ་དང་དེ་ཉིད་ཡུལ་ཕྱོགས་གང་དུ་དར་ཚུལ་སྐོར་དང་། ཚད་མ་རིག་པ་སྦྱོང་བའི་ཕན་ཡོན་དང་དགོས་པ་སོགས་གསུངས་ཤིང་།

       ཕྱོགས་གླང་གིས་རྟོག་གེའི་ཚིག་དོན་བརྒྱད་དང་ཀླུ་སྒྲུབ་ཀྱིས་རྩོད་པའི་ཐབས་བརྒྱད་དང་། ཐོགས་མེད་ཀྱིས་སྒྲུབ་པའི་ཐབས་བརྒྱད་དེ་སློབ་དཔོན་རྣམ་པ་གསུམ་གྱིས་དཔྱད་ཐབས་ལ་གྲངས་བརྒྱད་ཙམ་དུ་གསུངས་པ་འདྲ་ནའང་ནང་དོན་མི་འདྲ་སྟེ། དང་པོ་ཀླུ་སྒྲུབ་ལུགས་ཀྱི་ཟབ་ཅིང་ཕུལ་དུ་བྱུང་བའི་རྩོད་པའི་ཐབས་བརྒྱད་ནི།

༼༡༽དཔེར་བརྗོད་པ་དང་།

༼༢༽དམ་བཅའ་བ་དང་།

༼༣༽ལེགས་པར་སྒྲུབ་པའི་ངག་དང་།

༼༤༽སྐྱོན་དང་བཅས་པའི་ངག་དང་།

༼༥༽སྐབས་སུ་བབ་པའི་ངག་དང་།༼གོ་རིམ་ལ་མཁས་པའི་དོན༽

༼༦༽སྐྱེ་བ་དང་ངེས་པའི་རྒྱུ་མཚན་ཤེས་པ་དང་།

༼༧༽གཏན་ཚིགས་ལྟར་སྣང་དང་།

༼༨༽ཚིག་གིས་རྩོད་པ་བཅས་བརྒྱད་དུ་བསྟན་པ་དང་།

       གཉིས་པ་ཐོགས་མེད་ལུགས་ཀྱི་སྨྲ་བའི་གཞི་རྣམ་པ་བཅུའི་གསུང་ཚུལ་གྱི་བརྟག་བྱ་ལ་ཆོས་ཀྱི་ངོ་བོ་དང་ཁྱད་པར་གཉིས་དང་།

སྒྲུབ་བྱེད་ཀྱི་ཐབས་ལ་བརྒྱད་དེ།

༼༡༽དམ་བཅའ་དང་།

༼༢༽གཏན་ཚིགས་དང་།

༼༣༽དཔེར་བརྗོད་པ་དང་།

༼༤༽མཐུན་པ་དང་།༼རྟགས་དང་ངོ་བོ་ཆོས་རྒྱུ་འབྲས་བུ་མཐུན་པ་དང་༽

༼༥༽མི་མཐུན་པ་དང་།༼རྟགས་དང་ངོ་བོ་ཆོས་རྒྱུ་འབྲས་བུ་མི་མཐུན་པ་དང་༽

༼༦༽མངོན་སུམ་དང་།

༼༧༽རྗེས་སུ་དཔག་པ་དང་།

༼༨༽ཡིད་ཆེས་པའི་ལུང་དང་བརྒྱད་དུ་གསུངས་པ་དང་། སྤྱིར་སེམས་ཙམ་པའི་ལུགས་ལ་སློབ་དཔོན་ཆོས་མཆོག་དང་ཕྱོགས་གླང་ཆོས་གྲགས་སོགས་ཀྱིས་རང་རིག་མངོན་སུམ་སོགས་མངོན་སུམ་བཞི་ཁ་གསལ་པོར་བྱས་ནས་གསུངས་ཡོད་མོད་འོན་ཀྱང་སློབ་དཔོན་ཐོགས་མེད་ཀྱིས་གཞུང་གང་དུ་རང་རིག་མངོན་སུམ་གསུངས་ཡོད་མེད་ལ་དཔྱད་གཞི་ཤིན་ཏུ་ཆེ་བས་ངས་ཆེད་དུ་བཙལ་བ་ན། སའི་དངོས་གཞི་ཐོས་པའི་ས་ལས།

       མདོར་བསྡུ་ན་བཞི་སྟེ།

༼༡༽དབང་པོ་གཟུགས་ཅན་པའི་མངོན་སུམ་དང་།

༼༢༽ཡིད་ཀྱིས་མྱོང་བའི་མངོན་སུམ་དང་།

༼༣༽འཇིག་རྟེན་པའི་མངོན་སུམ་དང་།

༼༤༽དག་པའི་མངོན་སུམ་དང་བཞི་གསུངས་ནས།

འཇིག་རྟེན་པའི་མངོན་སུམ་ངོ་སྤྲོད་པ་ན། འཇིག་རྟེན་པའི་མངོན་སུམ་ནི་དེ་གཉིས་ཀའོ། །ཞེས་གསུངས་པའི་དེ་སྒྲ་བསྙེག་ས་ནི་དབང་པོ་གཟུགས་ཅན་པའི་མངོན་སུམ་དང་ཡིད་ཀྱི་མངོན་སུམ་གཉིས་ལ་བསྙེག་ནས་རང་རིག་མངོན་སུམ་དེ་གཉིས་ཀྱི་ཁ་ནང་དུ་ཕྱོགས་ནས་མྱོང་བ་ལ་གོ་དགོས་སྙམ། འདི་ནི་ང་རང་སྒེར་གྱིས་གོ་བ་ལེན་ལུགས་ཙམ་ཡིན། ཕྱོགས་གླང་ཆོས་གྲགས་སོགས་ཀྱིས་ཁུངས་མེད་པར་རང་རིག་མངོན་སུམ་གཏན་ནས་གསུངས་མི་སྲིད།

གསུམ་པ་ཕྱོགས་གླང་གིས་གོང་གི་དོན་རྣམས་བསྡུས་ཏེ་རྟོག་གེའི་ཚིག་དོན་བརྒྱད་ཀྱི་སྒོ་ནས་འཆད་ལ།

དེ་ཡང་ཕྱོགས་གླང་གིས་ཚད་མའི་གཞུང་ལུགས་ལ་མཛད་རྗེས་བླ་ན་མེད་པ་དྲུག་ཙམ་བཞག་པ་སྟེ། དཔེར་ན།

       ༼༡༽རྟོག་གེའི་ཚིག་དོན་བརྒྱད་དུ་ཚད་མའི་གཞུང་གི་བརྗོད་བྱ་ཐམས་ཅད་བསྡུས་ཏེ་བསྟན་པ་ནི། ཚད་མ་རིགས་སྒོ་ལས།

མངོན་སུམ་དང་ནི་རྗེས་སུ་དཔག །

ལྟར་སྣང་བཅས་པ་བདག་རིག་བྱེད།།

སྒྲུབ་པ་དང་ནི་སུན་འབྱིན་དག །

ལྟར་སྣང་བཅས་པ་གཞན་རྟོགས་བྱེད། །ཅེས་གསུངས་པ་ལྟར་མཛད་རྗེས་གཅིག་དང་།

       ༼༢༽ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་ནང་དོན་ཚད་མའི་རིག་པ་གསར་དུ་སྲོལ་ཕྱེ་ནས། སྔོན་གྱི་སློབ་དཔོན་གཞན་དག་གིས་ཚད་མའི་ངོ་བོའི་དབྱེ་བ་ལ་མངོན་སུམ་དང་རྗེས་དཔག་དཔེ་ཉེར་འཇལ་ཡིད་ཆེས་པའི་ལུང་བཅས་བཞི་རུ་དབྱེ་བ་མཛད་པ་དག་བཀག་ནས་ཚད་མ་ལ་མངོན་རྗེས་གཉིས་ཀྱི་གྲངས་ངེས་པ་དང་དེ་ཡང་གཞལ་བྱ་ལ་རང་མཚན་དང་སྤྱི་མཚན་གཉིས་ངེས་པས་ཚད་མ་ལའང་མངོན་སུམ་དང་རྗེས་དཔག་གཉིས་སུ་གྲངས་ངེས་པར་གསུངས་པའི་མཛད་རྗེས་ཆེན་པོ་དང་གཉིས།

༣༽ཡང་སྔོན་གྱི་སློབ་དཔོན་དག་གིས་རང་རིག་སོགས་མངོན་སུམ་བཞིའི་སྐོར་བཤད་པ་དེ་ཙམ་ཁ་གསལ་པོ་མེད་པ་ལ་སློབ་དཔོན་འདིས་རང་རིག་མངོན་སུམ་སོགས་མངོན་སུམ་བཞིའི་སྐོར་ཧ་ཅང་ཁ་གསལ་རྒྱུ་མཚན་དང་བཅས་པ་གསུངས་པའི་མཛད་རྗེས་ཆེན་པོ་དང་གསུམ།

       ༼༤༽

སྟེང་འོག་གཉིས་ལ་ཡང་དག་གཉིས། །

ལོག་གཉིས་འགལ་བའི་གཏན་ཚིགས་དང་། །

ཟུར་བཞི་དངོས་ཀྱི་མ་ངེས་པ། །

དབུས་ན་ཐུན་མོང་མིན་པ་པོ། །

ཞེས་རྟགས་ཡང་དག་གཉིས་དང་། འགལ་རྟགས་གཉིས། མ་ངེས་པའི་གཏན་ཚིགས་བཞི་དང་། ཐུན་མོང་མ་ཡིན་པའི་གཏན་ཚིགས་བཅས་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་འཁོར་ལོ་གསར་གཏོད་བྱས་པའི་མཛད་རྗེས་ཆེན་པོ་དང་བཞི།

       ༼༥༽ཡང་སློབ་དཔོན་འདིས་གཞལ་བྱ་དང་། ཚད་མ་དང་། ཚད་མའི་འབྲས་བུ་བཅས་གསུམ་དུ་ཕྱེ་ནས་བསྟན་པས་རྒྱའི་སློབ་དཔོན་བྱོན་ཙང་སོགས་ཀྱིས་སློབ་དཔོན་འདི་ལ་སེམས་ཙམ་དུམ་བུ་གསུམ་པ་བ་ཞེས་དམིགས་བསལ་གྱི་མཚན་གསོལ་བ་དང་།

       ༼༦༽དཔེར་ན། ཚད་མ་ཀུན་ལས་བཏུས་པ་ལེའུ་དྲུག་གི་བདག་ཉིད་ཅན་མཛད་ནས།

ལེའུ་དང་པོས་མངོན་སུམ་བསྟན།

ལེའུ་གཉིས་པས་རང་དོན་རྗེས་དཔག་བསྟན།

ལེའི་གསུམ་པས་གཞན་དོན་རྗེས་དཔག་བསྟན།

ལེའུ་བཞི་པས་གཞན་དོན་རྗེས་དཔག་གི་ཡན་ལག་དཔེ་བསྟན།

ལེའུ་ལྔ་པས་རང་དོན་རྗེས་དཔག་གི་ཡན་ལག་གཞན་སེལ་བསྟན།

ལེའུ་དྲུག་པས་གཞན་དོན་རྗེས་དཔག་གི་ཡན་ལག་ལྟག་ཆོད་བརྟག་པ་བསྟན་པ་སོགས་མཛད་རྗེས་བསམ་གྱིས་མི་ཁྱབ་པའི་སྐོར་སོགས་རྒྱ་ཆེར་གསུངས་སོ། །

       ༼༧༽མཇུག་མཐར་ཁོང་གིས་རེ་བ་སྣ་ཁ་བཞི་བཏོན་པ་ནི།

       དང་པོ་ནི། འདིར་ཕེབས་པ་རྣམས་ཀྱིས།

དང་པོ་རྒྱ་ཆེར་ཐོས་པ་མང་དུ་བཙལ།།

བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།

མཐའ་མར་ཉིན་མཚན་ཀུན་དུ་ཉམས་སུ་བླངས།།

ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། །ཞེས་གསུངས་པ་ལྟར། སྤྱིར་ཚད་མ་རིག་པ་དང་དེ་མཚུངས་ཀྱི་གཞུང་ཆེན་བཀའ་པོད་ལྔ་དང་མདོ་སྔགས་གཉིས་སོགས་རྒྱ་བོད་གཉིས་ཀྱི་གཞུང་ཐམས་ཅད་ལ་གཟིགས་རྒྱ་ཡངས་པོ་བྱེད་པར་ཐོས་བསམ་སློབ་གཉེར་ཡག་པོ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་།

       གཉིས་པ། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དག་གི་འགལ་རྐྱེན་སྤོང་པའི་ཆ་ནས་གདམས་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང་། རང་གི་རྒྱུད་སྨིན་པར་བྱེད་པའི་ཆ་ནས་དགེ་བའི་ཆོས་ཚུལ་ཁྲིམས་རྣམ་པར་དག་པ་དང་། གཞན་སེམས་ཅན་འདུལ་བའི་ཆ་ནས་སེམས་ཅན་གྱི་དོན་རྣམ་པར་དག་པར་བྱེད་པའི་ཚུལ་ཁྲིམས་སྟེ། ཚུལ་ཁྲིམས་རྣམ་པར་དག་པ་ཞིག་བྱེད་རྒྱུ་དང་།

       གསུམ་པ། ཐོས་དོན་རྒྱུད་ལ་སྦྱར་ནས་མཁས་བཙུན་བཟང་གསུམ་ལྡན་པའི་ཐོག་ཉམས་ལེན་རྣལ་མ་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་།

       བཞི་པ། ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་མཐའ་དག་ལ་དད་པ་དག་སྣང་དང་མཐུན་སྒྲིལ་ཡག་པོ་བྱེད་རྒྱུ་གལ་ཆེ་ཡིན་སྐོར་དང་།

མཐའ་དོན་དགེ་བའི་བཤེས་གཉེན་རྣམ་པ་གཙོས་པའི་དགེ་འདུན་འདུས་པ་རྒྱ་མཚོ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐོས་བསམ་སྒོམ་གསུམ་སོགས་ཆོས་ལྡན་གྱི་བྱ་བ་མཐའ་དག་ཡར་ངོའི་ཟླ་བ་བཞིན་འཕེལ་བའི་སྨོན་འདུན་དང་བཅས་ཏེ་མཇུག་སྒྲིལ་སོང་།


       མདོ་སྨད་སྐབས་བཅོ་བརྒྱད་པའི་འཇང་དགུན་ཆོས་ཚོགས་ཆེན་མོ་ལྷ་རི་བཀྲ་ཤིས་དགོན་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་ནས་ཟབ་རྒྱས་ངང་ཚོགས་སྐབས་བླངས་པའི་པར་འགའ།



       བཞག་པ་རིན་པོ་འཇང་དགུན་ཆོས་ཆོས་ཚོགས་སྟེང་ལ་ཕེབས་བཞིན་པའི་ཟུར་ཞིག





       རྣམ་དཔྱོད་ཀྱི་རྩེ་རུ་འབར་བའི་ཤེས་རབ་ཀྱི་མེ་ལྕེ།







       ཞོར་དུ་རྨ་ཆེན་གངས་རི་སོགས་ལ་གཟིགས་སྐོར་དུ་ཕེབས་པ།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41145573
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1