རྟེན་འབྲེལ་ཡན་ལག་བཅུ་གཉིས་རི་མོ་ལ་བརྟེན་ནས་གསལ་བོར་བཤད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »རྟེན་འབྲེལ་ཡན་ལག་བཅུ་གཉིས་རི་མོ་ལ་བརྟེན་ནས་གསལ་བོར་བཤད་པ།
རྟེན་འབྲེལ་ཡན་ལག་བཅུ་གཉིས་རི་མོ་ལ་བརྟེན་ནས་གསལ་བོར་བཤད་པ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/7/5ལྟ་ཀློག (31562)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྟེན་འབྲེལ་ཡན་ལག་བཅུ་གཉིས་རི་མོ་ལ་བརྟེན་ནས་གསལ་བོར་བཤད་པ།



རྟེན་འབྲེལ་ཡན་ལག་བཅུ་གཉིས།

 རྣམ་གསུམ་སྡུག་བསྔལ་རྒྱ་མཚོའི་ཀློང༌།།

  སྲིད་གསུམ་སྐྱེ་རྒུ་འཕྱན་པའི་ལམ།།

  བཅུ་གཉིས་སྲིད་པའི་ཡན་ལག་དག།

  ཉུང་ངུའི་ཚིག་གིས་གསལ་བར་བྱ།། 

      དེ་ཡང་སྲོག་ཆགས་གྲོག་འབུ་ཡན་ཆད་ལ་གཏན་གྱི་བདེ་བ་ནི་ངེས་པར་དགོས་ནའང་ད་ལྟའི་བར་གཏན་གྱི་བདེ་བ་མ་ཐོབ་པའི་རྐྱེན་ནི་ནང་གི་རྟེན་འབྲེལ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁྱམ་བཞིན་པས་ལན་ལ། དེས་ན་ཡན་ལག་བཅུ་གཉིས་ཀྱི་ངོ་སྤྲོད་ཅུང་ཟད་ཅིག་བྱ་བ་ལ།  

  ཡན་ལག་དང་པོ་མ་རིག་པའི་ངོ་བོ་ནི། དགེ་སྡིག་ལ་སོགས་པའི་ཤེས་བྱའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་བཟུང་བའི་བྱེད་ལས་ཅན་གྱི་བློའོ། །བྱེད་ལས་ནི་མཚུངས་ལྡན་དང་ཀུན་སློང་ཅི་རིགས་ཀྱི་སྒོ་ནས་རྩ་ཉོན་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའོ། །འབྲས་བུ་ནི། སྒོ་གསུམ་གྱི་ཉེས་པ་ཐམས་ཅད་འབྱུང་བའོ།། 

  ཡན་ལག་གཉིས་པ་འདུ་བྱེད་ཀྱི་ལས་ཀྱི་ངོ་བོ་ནི།མ་རིག་པ་དེས་ཀུན་ནས་བསླངས་ཏེ་བསགས་པའི་ལས་དགེ་བའམ་མི་དགེ་བ་གང་ཞིག །རྣམ་སྨིན་གྱི་ཕུང་པོ་བསྐྲུན་པར་བྱེད་པའོ། །བྱེད་ལས་ནི། ལེགས་པ་དང་མི་ལེགས་པའི་བྱ་བ་མངོན་པར་འདུ་བྱེད་པའོ། །འབྲས་བུ་ནི། རྣམ་སྨིན་གྱི་ཕུང་པོ་ཕྱི་མ་རྟེན་དང་བརྟེན་པར་བཅས་པ་འབྱུང་བའོ། །དབྱེ་ན་བསོད་ནམས་ཀྱི་ལས།བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་དང་གསུམ་མོ། །དང་པོ་ནི་མི་དགེ་བ་བཅུ་སྤོང་བའི་ལས་ལྟ་བུ། གཉིས་པ་ནི། མི་དགེ་བ་བཅུའི་ལས་ལྟ་བུ། གསུམ་པ་ནི། གཙོ་བོར་ནང་གི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བསགས་པའི་དགེ་བའི་ལས་སོ།། 

  ཡན་ལག་གསུམ་པ་རྣམ་ཤེས་ཀྱི་ངོ་བོ་ནི། ལས་ཀུན་ཆུད་མི་ཟ་བར་འཛིན་པའི་རྟེན་བྱེད་པའམ། སྐྱེ་བར་ཉིང་མཚམས་སྦྱོར་བའི་རྣམ་ཤེས་སོ། །བྱེད་ལས་ནི།ལས་འཛིན་པ་དང་སྐྱེ་བ་གཅིག་ནས་གཅིག་ཏུ་འཕོ་བར་བྱེད་པའོ། །འབྲས་བུ་ནི། ལས་ཀྱི་འབྲས་བུ་ཀུན་ལ་ལོངས་སྤྱོད་པའོ།།

  ཡན་ལག་བཞི་པ་མིང་གཟུགས་ཅི་རིགས་པའི་ངོ་བོ་ནི། རྣམ་ཤེས་དེ་སྐྱེ་སྲིད་དུ་འཕོས་པས་བླང་བྱའི་ཕུང་པོ་ཐོག་མ་གང་ཞིག །རྫོགས་པར་མ་གྲུབ་པའོ། །བྱེད་ལས་ནི། སྐྱེ་རྒ་ན་འཆི་སོགས་འཁོར་བའི་ཉེས་དམིགས་མཐའ་དག་གི་སྣོད་ཀྱི་རྒྱུན་འཛིན་པའོ། །འབྲས་བུ་ནི། ཕུང་པོའི་ངོ་བོ་རྫོགས་པར་གྲུབ་པ་དེའོ། །ཅི་རིགས་སྨྲས་པའི་རྒྱུ་མཚན་ནི། གཟུགས་མེད་དུ་སྐྱེ་བ་ན་མིང་གཞིའི་ཕུང་པོ་ཙམ་ལས་གཟུགས་ཀྱི་ཕུང་པོ་མེད་པར་ཤེས་ཆེད་དོ། །དབྱེ་ན། གཟུགས་ཀྱི་ཕུང་པོ།ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་ཤེས་ཀྱི་ཕུང་པོ་དང་ལྔའོ། །དང་པོ་གཟུགས་ཅན་གྱི་ཕུང་པོ་དང་ལྷག་མ་བཞི་ནི་མིང་གཞིའི་ཕུང་པོའོ།། 

  ཡན་ལག་ལྔ་པ་སྐྱེ་མཆེད་ཀྱི་ངོ་བོ་ནི། ཕུང་པོའི་ཡན་ལག་དོད་པ་ནས་རྫོགས་པར་གྲུབ་པའི་བར་གྱི་ཕུང་པོ་གང་ཞིག །བརྟེན་པ་དབང་ཤེས་འདྲེན་མ་ཐུབ་པའི་གནས་སྐབས་དེའོ། །བྱེད་ལས་ནི། འགྲོ་བ་སོ་སོའི་ཕུང་པོའི་ངོ་བོ་འཛིན་ཅིང༌། བརྟེན་པ་རྣམ་ཤེས་སྐྱེ་བའི་རྟེན་བྱེད་པའོ། །འབྲས་བུ་ནི། འཇུག་ཤེས་དྲུག་རིམ་གྱིས་འགྲུབ་པའོ། །དབྱེ་ན། མིག་གི་སྐྱེ་མཆེད། རྣ་བའི་སྐྱེ་མཆེད། སྣའི་སྐྱེ་མཆེད། ལྕེའི་སྐྱེ་མཆེད། ལུས་ཀྱི་སྐྱེ་མཆེད། ཡིད་ཀྱི་སྐྱེ་མཆེད་དང་དྲུག་གོ། 

 ཡན་ལག་དྲུག་པ་རེག་པའི་ངོ་བོ་ནི། ལྔ་པ་སྐྱེ་མཆེད་ཀྱི་ནུས་པ་བརྟས་པས་ཡུལ་དབང་རྣམ་ཤེས་གསུམ་ཕྲད་པ་ལས་ཡུལ་འཇམ་རྩུབ་སོགས་ལ་རེག་པའི་སྣང་བ་སྐྱེས་པ་ནས་འཚོ་བ་བདེ་སྡུག་འདྲེན་མི་ནུས་པའི་གནས་སྐབས་སོ། །བྱེད་ལས་ནི། རེག་བྱའི་ངོ་བོ་ཙམ་རེག་པའོ། །འབྲས་བུ་ནི། རིམ་གྱིས་ཚོར་བ་བདེ་སྡུག་འདྲེན་པའོ། །དབྱེ་ན་མིག་གི་འདུས་ཏེ་རེག་པ། རྣ་བའི་འདུས་ཏེ་རེག་པ། སྣའི་འདུས་ཏེ་རེག་པ། ལྕེའི་འདུས་ཏེ་རེག་པ། ལུས་ཀྱི་འདུས་ཏེ་རེག་པ། ཡིད་ཀྱི་འདུས་ཏེ་རེག་པ་དང་དྲུག་གོ།

 ཡན་ལག་བདུན་པ་ཚོར་བའི་ངོ་བོ་ནི། རེག་པའི་དམིགས་རྣམ་ཇེ་གསལ་དུ་སོང་བ་ལས་རེག་བྱའི་ཁྱད་པར་ལ་ལྟོས་པའི་ཚོར་བ་བདེ་སྡུག་ངང་གིས་སྐྱེས་པ་ནས་རིགས་མཐུན་གྱི་ཕུང་པོ་མ་དོར་བའི་བར་གྱི་རྣམ་སྨིན་གྱི་ངོ་བོ་དམིགས་པའོ། །བྱེད་ལས་ནི། ཚེ་གཅིག་གི་ཉེར་སྤྱོད་མཐའ་དག་ལ་འཇུག་ཅིང་སྲིད་པར་མི་བཏང་བར་བྱེད་པའོ། །འབྲས་བུ་ནི། དེ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་རྒྱུན་མར་འབྱུང་བའོ། །དབྱེ་ན་དྲུག་སྟེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ།།

 ཡན་ལག་བརྒྱད་པ་སྲེད་པའི་ངོ་བོ་ནི། འཆི་བ་ལ་མངོན་དུ་ཕྱོགས་པ་ན་འཁྲུལ་སྣང་གིས་དངོས་པོ་ལ་ཡིད་ཀུན་ཏུ་བསྐྱོད་པའི་སྲེད་པ་སྟེ་ཡང་སྲིད་ལ་ངེས་པར་སྦྱོར་བར་བྱེད་པའོ། །བྱེད་ལས་ནི། འཕེན་བྱེད་ཀྱི་ལས་ལ་གསོས་འདེབས་པའོ། །འབྲས་བུ་ནི། གང་ལ་གསོས་འདེབས་པའི་ལས་ཀྱི་ནུས་པ་བརྟས་པའོ། །དབྱེ་ན། འདོད་སྲེད། འཇིག་སྲེད། སྲིད་སྲེད་དང་གསུམ།དང་པོ་ནི་བདེ་བ་མངོན་པར་འདོད་པའི་སྲེད་པའོ། །གཉིས་པ་ནི། སྡུག་བསྔལ་ལས་བྲལ་བར་འདོད་པའི་སྲེད་པའོ། །གསུམ་པ་ནི། ཁམས་གོང་མའི་འདོད་ཆགས་ལྟ་བུའོ། །འདི་ལ་སྲིད་སྲེད་ཅེས་བརྗོད་པའི་རྒྱུ་མཚན་ནི། ཁམས་གོང་མར་ཐར་པར་འཁྲུལ་པར་བཟློག་པའི་ཆེད་དུའོ།།

 ཡན་ལག་དགུ་པ་ལེན་པའི་ངོ་བོ་ནི། སྔར་གྱི་སྲེད་པ་དེ་ཉིད་ཤུགས་ཆེར་སོང་ནས་འདོད་པའི་དངོས་པོ་དེ་ཉིད་དང་དུ་ལེན་པའི་སྲེད་པའོ། །བྱེད་ལས་ནི། སྔར་བཞིན་ལས་ལ་གསོས་འདེབས་ཤིང་ཉིང་མཚམས་སྦྱོར་བ་ལ་མངོན་དུ་ཕྱོགས་པར་བྱེད་དོ། །འབྲས་བུ་ནི། ལས་དེ་ནུས་པ་མཐུ་ཅན་དུ་སོང་བའོ།། 

 ཡན་ལག་བཅུ་པ་སྲིད་པའི་ངོ་བོ་ནི། སྲེད་ལེན་གཉིས་ཀྱིས་གང་ལ་གསོས་བཏབ་པའི་ལས་དེ་ཉིད་ནུས་པ་མཐུ་ཅན་དུ་གྱུར་པ་དེའོ། །བྱེད་ལས་ནི། ཉིང་མཚམས་སྦྱོར་བ་བྱེད་པའོ། །འབྲས་བུ་ནི། གང་དུ་སྐྱེ་འགྱུར་གྱི་རྣམ་སྨིན་གྱི་ཕུང་པོ་དངོས་སུ་བསྐྱེད་པའོ། །དབྱེ་བ་འདུ་བྱེད་ཀྱི་ལས་དང་འདྲའོ།།

    ཡན་ལག་བཅུ་གཅིག་པ་སྐྱེ་བའི་ངོ་བོ་ནི། བཅུ་པ་སྲིད་པ་དེའི་ཤུགས་ཀྱིས་ཡང་སྲིད་ཕྱི་མར་སྐྱེ་བའི་བྱ་བ་ལ་དངོས་སུ་ཞུགས་པའོ། །བྱེད་ལས་ནི། ཕུང་པོ་འདོར་ལེན་བྱེད་པའོ། །འབྲས་བུ་ནི། སྐྱེ་བ་གསར་པ་མངོན་པར་གྲུབ་པའོ།།

  

ཡན་ལག་བཅུ་གཉིས་པ་རྒ་ཤི་ཅི་རིགས་པའི་ངོ་བོ་ནི།ཕུང་པོའི་ན་ཚོད་གཞན་དུ་འགྱུར་བ་ནི་རྒ་བའི་རྟེན་འབྲེལ་དང༌། ཕུང་པོའི་རིགས་མཐུན་འགག་པ་ནི་འཆི་བའི་རྟེན་འབྲེལ་ལོ། །བྱེད་ལས་ནི། ཕུང་པོའི་རིགས་མཐུན་རྒུད་ཅིང་འདོར་བར་བྱེད་པའོ། །འབྲས་བུ་ནི།སྐྱེ་བ་འཕོས་པའོ།།

  

མདོ་ལས་གསུངས་པའི་ཡན་ལག་བཅུ་གཉིས་ཀྱི་གོ་རིམ་ནི་ཀུན་འབྱུང་འཁོར་བའི་འཇུག་རིམ་རྟོགས་སླ་བའི་ཆེད་དུ་ཚེ་སྔ་ཕྱི་བར་གསུམ་དང་རྟེན་འབྲེལ་ཚན་པ་གཉིས་ཀྱི་གོ་རིམ་བསྡུས་ནས་བསྟན་པ་ཡིན་ཏེ། དཔེར་ན། ཐོག་མ་མ་རིག་པ་དང་གཉིས་པ་འདུ་བྱེད་ཀྱི་ལས་གཉིས་ཚེ་སྔ་མའི་རྟེན་ལ་གྲུབ། གསུམ་པ་རྣམ་ཤེས་ནས་བཅུ་པ་སྲིད་པ་བར་བརྒྱད་ནི་ཚེ་འདིའི་རྟེན་ལ་གྲུབ།སྐྱེ་བ་དང་རྒ་ཤི་གཉིས་ཚེ་ཕྱི་མའི་རྟེན་ལ་གྲུབ་སྟེ།མཁས་མཆོག་དབྱིག་གཉེན་གྱི་མཛོད་ལས། ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས་གཉིས་དང༌། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་གསུངས། དཔལ་མགོན་ཀླུ་སྒྲུབ་ཀྱི་གསུང་ལས།གསུམ་པོ་དག་ལས་གཉིས་འབྱུང་ཞིང༌། །གཉིས་ལས་བདུན་འབྱུང་བདུན་ལས་ནི། །གསུམ་འབྱུང་སྲིད་པའི་འཁོར་ལོ་ཡི། །ཉིད་དུ་ཡང་ནས་ཡང་དུ་འཁོར། །ཞེས་འབྱུང་བ་ལྟར་རོ།།

   རྒྱུ་མ་རིག་པ་ལ་བརྟེན་ནས་གཉིས་པ་འདུ་བྱེད་འབྱུང་བ་ནས་བཅུ་གཅིག་པ་སྐྱེ་བ་ལ་བརྟེན་ནས་རྒ་ཤིའི་རྟེན་འབྲེལ་འབྱུང་བ་སེམས་པ་ནི། ལུགས་འབྱུང་སྒོམ་ཚུལ་དང༌། རྒ་ཤི་གང་ལས་བྱུང་ན་སྐྱེ་བ་ལས་བྱུང་ཞིང༌། སྐྱེ་བ་གང་ལས་བྱུང་ན་སྲིད་པ་ལས་བྱུང་བ་སེམས་པ་སོགས་ནི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་ལྡོག་སྒོམ་ཚུལ་ལོ།། 

    འོ་ན་ཡན་ལག་བཅུ་གཉིས་པོའི་ངོ་བོ་དང་བྱེད་ལས་སྔ་ཕྱི་འབྱུང་ཚུལ་དེ་ལྟར་ཡིན་ན་དེ་ལྡོག་པའི་ཐབས་ཇི་ལྟར་སྙམ་ན། དེ་ནི་འཁོར་བའི་རྩ་བ་མ་རིག་པའི་གཉེན་པོ་བདག་མེད་པའི་དོན་མངོན་སུམ་དུ་མཐོང་བའི་ལམ་ལ་བརྟེན་ནས་མ་རིག་པ་འགགས། དེ་འགགས་པས་གཉིས་པ་འདུ་བྱེད་ཀྱི་ལས་འགགས་པ་སོགས་སྔ་མ་སྔ་མ་འགགས་པས་ཕྱི་མ་ཕྱི་མ་འགགས་པའི་རིམ་པ་ནི། རྒྱུ་ལམ་གྱི་བདེན་པ་ལས་བྲལ་འབྲས་འགོག་བདེན་ཇི་ལྟར་བྱུང་བའི་རིམ་པའོ། །རྒ་ཤི་འགགས་པ་དེ་གང་འགགས་པ་ལས་བྱུང་ཞེ་ན། སྐྱེ་བ་འགགས་པས་བྱུང་ཞིང་སྐྱེ་བ་འགགས་པ་དེ་གང་འགགས་པ་ལས་བྱུང་ཞེ་ན་སྲིད་པ་འགགས་པ་ལས་བྱུང་བ་སོགས་ཕྱི་མ་ཕྱི་མ་འགགས་པ་རྒྱུ་མཚན་དུ་བྱས་ནས་སྔ་མ་སྔ་མ་འགགས་པར་ཤེས་པ་དེ་ནི། མངོན་པར་རྟོགས་པ་སྐྱེ་བའི་ལུགས་ལྡོག་གི་རིམ་པའོ། །དེ་ལྟ་བུའི་ལུགས་འབྱུང་ལྡོག་གི་རིམ་པ་རྣམས་ལ་མཁས་པ་བྱ་དགོས་ཏེ། རྗེ་བཙུན་བྱམས་པ་མགོན་པོས།

     ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།།

  བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་སྟེ།།

  སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ།།

  ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། 

  ཞེས་བཀའ་སྩལ་པ་ལྟར་རོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b91f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41045332
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1