བླ་བྲང་དགོན་པའི་ས་ག་ཟླ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »བླ་བྲང་དགོན་པའི་ས་ག་ཟླ་བ།
བླ་བྲང་དགོན་པའི་ས་ག་ཟླ་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/8/12ལྟ་ཀློག (2021)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།།བླ་བྲང་དགོན་པའི་ས་ག་ཟླ་བ།

  ཙ་སུར་སྦྱིན་པ། མདོ་ལྷོ།

      ས་ག་ཟླ་བ་ནི་སྤྱི་ཡངས་ཀྱི་དབྱར་ཟླ་ར་བ་སྟེ་ཟླ་བཞི་བའི་མིང་ལ་ས་ག་ཟླ་བ་ཟེར་ཞིང་། ཟླ་འདིའི་ནང་ལ་ལས་དཀར་ནག་གི་འཕེལ་འགྱུར་སྟོབས་ཆེ་བའི་གནད་ཅིག་ཡོད་པ་ནི། ནང་སེམས་ཀྱི་གཤིས་ལུགས་གཙོ་བོར་བསྟན་པའི་ཆོས་ལུགས་ལ་དད་པ་ལྡན་ཞིང་ཡིད་ཆེས་ཡོད་པའི་མི་ཞིག་ཡིན་ཕྱིན།ནང་བའི་ཆོས་སྟོན་པ་བོ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་བོ་ཁོང་ཉིད་ལ་མཛད་པ་བཅུ་གཉིས་ཡོད་པ་ལས་མཛད་པ་གསུམ་ས་ག་ཟླ་བ་འདིའི་ནང་དུས་གཅིག་ཉིན་གཅིག་ལ་ཁེལ་ཡོད་པ་མ་ཟད། ཚེས་བརྒྱད་ཉིན་རབ་ཏུ་བྱུང་བའི་ཉིན་མོར་བརྩི་བ་སོགས་རྣམ་དཀར་ལས་ལ་བརྩི་སྲུང་དང་། ཕྱིའི་སྣོད་དང་ནང་གི་བཅུད་སོགས་རྒྱུ་ས་བོན་འཛོམས་ནས་འབྲས་བུ་མྱུ་གུ་འབུས་པའི་མཐུན་སྦྱོར་ཡག་པོ་དང་རྟེན་འབྲེལ་གྱི་གནད་འགངས་ཡོད་པ། བརྟན་གཡོའི་ཕྱི་ནང་གི་འབྱུང་བ་སོགས་གཡོ་འགུལ་དང་འཕོ་འགྱུར་ཀྱི་འཁོར་སྐྱོད་ལྡན་པའི་ཟླ་བ་ཞིག་ཡིན་པ་སོགས་ཕྱོགས་གང་ཐད་ནས་དགེ་སྒྲུབ་སྡིག་སྤོང་ལ་སྙིང་རུས་དང་ཧུར་བརྩོན་བྱ་བའི་དུས་ཚོད་གལ་ཆེན་ཞིག་དང་བརྩི་བཀུར་འགངས་ཆེན་ཞིག་ཡོད་པ་རེད།


      དེ་བས་བདག་གིས་བཤད་བྱ་གཙོ་བོ་བླ་བྲང་དགོན་པའི་དགེ་སློང་དཔལ་མོའི་ལུགས་ཀྱི་སྨྱུང་གནས་དང་འབྲེལ་བའི་འདིའི་ཕྱོགས་ཀྱི་ཟླ་བཞི་བའི་དམིགས་བསལ་གྱི་ལས་རིགས་ཡིན་ལ། སྤྱིར་ཟླ་བཞི་བ་འདིའི་ནང་ལ་བོད་ཀྱི་དགོན་སྡེ་མ་ཟད་མི་མང་མང་ཚོགས་དང་སེར་སྐྱ་ཕོ་མོ་གང་ཞིག་ཡིན་ཡང་སྡུག་སྤོང་དགེ་སྒྲུབ་དང་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་འབད་དུང་དུང་བྱེད་པའི་བོད་རྒྱ་ཧོར་སོག་གི་མི་མང་བོ་ཡོད་པ་མིག་མཐོང་ལག་ཟིན་ཡིན་པས་ཞུ་མི་དགོས་པ་དེ་རེད། བླ་བྲང་དགོན་པར་མཚོན་ན་ཆེ་མ་ཆུང་གསུམ་གང་ཞིག་ཡིན་ཡང་གཙོ་ཆེར་གྲྭ་ཚང་རང་རང་གི་འདོན་ཆོག་སོགས་རྐྱང་ཕྱག་ནང་སྐོར་རེ་བགྱིས་ཏེ་འཆན་ཉན་ལ་ཧུར་བརྩོན་བྱ་བ་ལས་ཕྱི་སྐོར་སོགས་དེ་འདྲ་དོན་སྣང་མེད་མོད། ས་ག་ཟླ་བའི་ནང་དགེ་བཤེས་དང་བླ་སྤྲུལ་གྲྭ་བཙུན་རྒན་དར་གཞོན་གསུམ་གང་ཡིན་ཡང་འཛིན་གྲྭ་གོང་འོག་གི་རིམ་པ་ལྟར་དམིགས་བསལ་གྱིས་ཕྱི་སྐོར་ཐེངས་གཅིག་རེ་ཆད་ཀི་མེད་ཚོད་རེད།ཀུན་མཁྱེན་ལྔ་བའི་དུས་སུ་གྲྭ་བཙུན་ཆུང་ཆུང་ཚོ་ཐར་བ་རྩེ་རི་ཁྲོད་ཕེབས་ནས་སྨྱུང་གནས་བསྲུངས་ཚུལ་ཡོད་ལ། དེ་ནས་དུས་འགྱུར་ངང་རིམ་གྱིས་རང་རང་གི་གྲྭ་ཚང་ནང་དང་མི་སྒེར་སོ་སོའི་དད་མོས་བཞིན་ཡིན་པ་མ་ཟད། གྲྭ་བ་ཆུང་ཆུང་ཚོ་ཟླ་བཞི་བའི་ནང་ཕྱི་སྐོར་ལ་འགྲོ་ཆོག་པའི་དམིགས་བསལ་ཡོད་འདུག དེ་ལས་ཀྱང་ད་ལྟ་ཇོ་སེར་ཆུང་ཆུང་མང་ཆེ་བས་ཕྱི་སྐོར་ལ་རྐྱང་ཕྱག་འཚལ་བ་ནི། ལོ་རེ་ནས་ལོ་རེ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་མངོན་སུམ་དུ་གྲུབ་པ་འདི་ལྟར་རེད།


        ཟླ་བཞི་བའི་ཆོས་ཐོག་གམ་འཛིན་གྲྭ་གཏུག་ནི་ཚེས་བཅུ་བདུན་ཉིན་ཡར་འཚོགས་དང་ཉི་ཤུ་ཐམ་པའི་ཉིན་བར་ཆོས་ར་ནས་གཙོ་ཆེར་འཛིན་གྲྭ་ཞོལ་མ་ཚོས་ཁ་དོག་དཀར་དམར་རྩོད་པ་དང་། ཚེས་ཉི་ཤུ་ཉིན་ཐལ་སྐད་བཏང་བ་དང་བཅས་འཛིན་གྲྭ་གཏུག་གི་དངོས་གཞིར་གསེར་ཁྲི་ཉིན་ལོག་དང་མཁན་པོ་ཉིན་ལོག་སོ་སོ་ནས་གཞུང་གོང་འོག་དང་ཕར་ཕྱིན་སྐབས་སོ་སོའི་ངོས་ནས་འཛིན་གྲྭ་གཏུག་གཤེར་བགྱིས་ནས་ཉི་ཤུ་བཞི་ཉིན་ཆོས་འཚོགས་གྲོལ་བ་དང་། རྣམ་འགྲེལ་ཁེར་འཚོགས་ཀྱི་འཛིན་གྲྭ་མནྡ་ཀླད་ལ་ཕེབས་ཏེ་དམ་བཅའ་ཚུགས་ནས་ཐལ་སྐད་བཏང་དགོས་པའི་སྲོལ་ཡང་ཡོད་ཚོད་རེད།དེ་ནས་ཉིན་རེ་ཉིས་ལ་བསྡུར་རྭའི་འཛིན་གྲྭ་དམིགས་བསལ་གྱིས་ཤིང་སློང་འགྲོ་བའི་ལམ་ག་ཡང་ཡོད་པར་འདུག་ལ།དེ་མིན་གྲྭ་ཚང་དྲུག་པོའི་ཡ་གྱལ་ཐོས་བསམ་གླིང་བར་བཅོ་ལྔའི་ཉིན་ཚོགས་ཆེན་གདུང་མདུན་ནས་ཞལ་ངོས་དགེ་བཤེས་དང་བླ་སྤྲུལ།ལས་སྣེ་ཟུར་བ། གྲྭ་བཙུན་རྒན་པ་བརྒྱ་ལྷག་གིས་སྒྲོལ་མའི་མནྜལ་བཞི་བ་གསུང་དུ་བཅུག་པ།རྒྱུད་སྟོད་གྲྭ་ཚང་གིས་གྲྭ་བཙུན་སྐོར་ཞིག་གིས་རྣམ་སྲས་གཡང་འགུགས་དང་གཏེར་སྒྲུབ། དཀྱིལ་རྡོར་གྲྭ་ཚང་གིས་གནས་བཅུ་དང་གྲྭ་ཚང་འདི་གཉིས་ལ་ཚེས་བཅུ་བདུན་ཉིན་དགེ་བསྐོས་གསར་བཞེངས་སོགས་གྲྭ་ཚང་རང་རང་ལ་དམིགས་བསལ་བའི་ལམ་སྲོལ་ལོ་རེ་བཞིན་ཅི་ལྟ་བ་དེ་བཞིན་རེད་ལ།དེ་མིན་དཀྱིལ་རྡོར་གྲྭ་ཚང་མ་གཏོགས་གཞན་གྲྭ་ཚང་བཞི་བོ་ཚང་མ་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོ་སྨྱུང་གནས་ཡར་འཚོགས་དང་ཉིན་གསུམ་ལ་གྲྭ་ཚང་བཞིའི་སྤྱིའི་ཆ་ནས་གཅིག་མཚུངས་ཀྱི་སྨྱུང་གནས་ཡིན་ལ། བཅུ་བཞི་བཅོ་ལྔའི་ཉིན་ལ་མཐའ་བའི་སྲང་མགོའི་རྒྱབ་ཡོལ་མདོ་ནས་དགེ་བཤེས་སམ་རྡོ་རམས་པ་རེ་ཉིས་ཕེབས་ཏེ་རྒྱ་ཆེ་བའི་དད་ལྡན་མང་ཚོགས་ལ་ཆོས་འཆད་པ་དང་མ་ཎི་བསྐོལ་བ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད།ཚེས་བདུན་བརྒྱད་བར་གྲྭ་བཙུན་དར་མ་ཚོས་ལྗང་མདོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱིས་སྡོང་འཛུགས་བྱེད་པ་སོགས་རྒྱལ་ཁབ་དང་མི་རིགས་ཀྱི་བཅའ་ཁྲིམས་དང་ཡང་མཐུན་པའི་རྣམ་དཀར་དགེ་ལས་མང་བོ་གནང་གི་ཡོད་པ་དང་།དགོན་མ་ལག་ཚང་མ་དང་།དད་ལྡན་ལྷ་སྡེ་མི་སྡེ་སོགས་ཀྱིས་ཡོད་པས་བརྒྱ་འབུལ་སྟོང་འབུལ་དང་།མེད་པོས་མེ་ཏོག་མཆོད་འབུལ་སོགས་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་དབུལ་ཕོངས་ལ་སྦྱིན་གཏོང་སོགས་ཚོགས་བསགས་སྒྲིབ་སྦྱོང་བྱས་དང་བྱེད་མོས་སུ་མཆིས་པ་འདི་བཞིན་ལགས།


       འདི་ལྟར་ས་ག་ཟླ་བའམ་དཀར་ཟས་ཟླ་བ་ནི་སྨྱུང་གནས་དང་འབྲེལ་བའི་ཁྱད་པར་དམིགས་བསལ་ཀྱི་དགེ་ལས་ཀྱི་བྱེད་སྒོ་ཡོད་པ། དེ་ལས་ཀྱང་བླ་བྲང་དགོན་པ་རང་ལ་ཐུན་མིན་ཀྱི་ཁྱད་ཆོས་ཡོད་པ་ནི། དབུ་མ་རང་ཚོགས་བརྩད་པ་ནས་བཟུང་ཕྱི་སྐོར་ལ་འགྲོ་ཆོག་པ་དང་། ཕྲེང་བར་རྫབ་འཇོག་ཆོག་པ། དགེ་ཕྲུག་སྐྱོང་ཆོག་པ། སྒེའུ་ཁུང་ཡོལ་བ་ཡར་ཕྱེད་ཙམ་རྒྱག་ཆོག་པ་བཅས་དམིགས་བསལ་གྲངས་བཅུ་ཙམ་ཡོད་པ་གསུངས་རྒྱུན་དང་བཤད་སྲོལ་ཡོད་པ། གྲྭ་ཚང་གཞན་ལྔ་བོ་བཀའ་རམས་པ་མ་གཏོགས་ཕྱི་སྐོར་ལ་འགྲོ་མི་ཆོག་པར་འཆད་ཉན་གཙོ་ཆེར་མཛད་རྒྱུ་བཅས་བླ་བྲང་དགོན་པའི་ས་ག་ཟླ་བའི་དམིགས་བསལ་བྱེད་སྒོའི་སྤྱི་འགྲོས་དང་མདོར་བསྡུས་རགས་ཙམ་ཞིག་འདི་བཞིན་ཡིན་པར་སྙམ་ལ། འདི་ནི་དཀར་ཟས་ཟླ་བའམ་ས་ག་ཟླ་བ་ཡིན་ལ། འདི་ནི་ཟླ་བཞི་བའི་རྣམ་དཀར་གྱི་དགེ་ལས་འབད་འབུངས་བྱེད་ཀྱིན་པའི་བླ་བྲང་དགོན་པའི་ཐད་སྐོར་ནས་རྙེད་པའི་ཟླ་བཞི་བའམ་ས་ག་ཟླ་བ་རེད།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30r6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41131199
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1