ཁམས་ཡུལ་ཤུལ་གྱི་གྲྭ་གཞོན་སྙན་ངག་པ་
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 6 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ཁམས་ཡུལ་ཤུལ་གྱི་གྲྭ་གཞོན་སྙན་ངག་པ་
ཁམས་ཡུལ་ཤུལ་གྱི་གྲྭ་གཞོན་སྙན་ངག་པ་
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/9/7ལྟ་ཀློག (3228)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁམས་ཡུལ་ཤུལ་གྱི་གྲྭ་གཞོན་སྙན་ངག་པ་

"ནད་པ་རིང་ལུགས"

ཚང་གི་ཆེད་སྒྲིག་སྙན་ངག



གྲིབ་མས་བརྩིགས་པའི་མཁར་རྫོང་།

      གུ་དཔལ་ཤིས།  

ང་ནི་ཐ་སྙད་ཀྱི་བག་ཟོལ་གབ་པའི་གསང་བའི་ནང་གི་ཡིག་འབྲུ་ནག་པོ་ཞིག་ཡིན།

ང་ནི་ཆོས་ཉིད་ཀྱི་མེ་ལོང་དུ་ཤོང་ཐབས་བྲལ་བའི་འཁྲུལ་བ་མོད་པོ་ཞིག་ཡིན།

ང་ནི་དབྱངས་གསལ་གྱི་ཚི་དྲེག་བམ་ཁ་མཐུག་པའི་འབྲོག་པ་དག་མ་ཞིག་ཡིན།

ང་ནི་མག་མོག་གི་གཞིས་ཀ་རུ་གསལ་ལ་མི་གསལ་བའི་དྲན་པ་ལུས་འཕྲོ་ཞིག་ཡིན།

ང་ནི་ཁྱོད་ཀྱི་སྐྲ་ལོ་དང་འཛུམ་བག་ལ་འབྱར་བའི་ཐལ་བའི་རྡུལ་ཕྲན་ཞིག་ཡིན།

ང་ནི་རྨི་ལམ་ལ་ཁེར་བཤད་རྒྱག་པའི་མཚན་མོར་སྲུང་བའི་བསང་མེ་ཞིག་ཡིན།

ང་ནི་དུས་ཀྱི་ནམ་མཁའ་རུ་མེ་ཏོག་གི་ས་བོན་འདེབས་མཁན་ཞིག་ཡིན།

ང་ནི་རང་ཉིད་ལ་བཙན་གཡེམ་བྱེད་མི་ཕོད་པའི་ཧ་ཅང་ཀློའུ་ནག་ཅན་ཞིག་ཡིན།

ང་ནི་ས་སྲོད་ལ་ཚོད་ཚོད་དུ་སྨྲེང་བ་འཐེན་པའི་སྨུག་པ་ལང་ལོང་ཞིག་ཡིན།

ང་ནི་ཆང་དྲི་ཚོར་མ་ཐག་སྐད་ཅིག་ཉིད་ལ་ཧོན་ལོག་པའི་ཀླད་དུབ་ཅན་ཞིག་ཡིན།

ང་ནི་འོད་ཀྱི་རྨི་ཐག་ལས་བརྒྱུད་དེ་ཕོ་བྲང་དུ་སླེབས་པའི་ལྷ་ཡི་རུས་རྐང་ཞིག་ཡིན།

ང་ནི་ནད་རིགས་བཞི་བརྒྱ་རྩ་བཞིས་མནར་བའི་ཁེར་རྐྱང་གི་ནད་པ་ཞིག་ཡིན།

ང་ནི་རྟེན་འབྲེལ་དཀར་ནག་ལ་ངག་གདངས་དཀར་བའི་དབྱངས་ཀྱི་ང་རོ་ཞིག་ཡིན།

༢༠༡༧.༥.༡༩ ཉིན་གསེར་ཐང་བླ་རུང་ནས།



ཡུལ།

              གྲུ་ཆར།

ཐོག་མར་ཕ་ཡུལ་གྱི་ཁ་གཏད་དུ་འགྲེང་དུས།

ཕ་ཡུལ་ནི་གོར་གོར་ཟླ་བ་འདྲ་ཞིག་རེད།

ངས་ཟླ་བ་དེའི་ཕྱི་རོལ་ཏུ་མིག་ཟུང་ཅི་འདྲའི་བསྲིངས་པ་ལ་ཨང་།

སྤྲིན་པ་ལམ་ལམ་དུ་འགྱུར་བ་བཞིན།

སྣང་བ་མག་མོག་ཏུ་འཚེར་བ་ལྟར།

ང་ཕ་ཡུལ་གྱི་མྱི་ཡིན་ལ། ང་ཕ་ཡུལ་གྱི་ལྷ་ཡིན།


བར་དུ་ཕ་ཡུལ་གྱི་ཁ་གཏད་དུ་འགྲེང་དུས།

ཕ་ཡུལ་ནི་དཀར་པོ་དུང་གི་ཁ་དོག་ཅིག་ལས་ལོག་པ་རེད།  

ངས་དཀར་པོ་ལྟ་བུའི་རེག་བྱ་དག་ལ་མཛེས་པ་མི་མངོན་ཆེད།  

མིག་ལ་སྣང་བ་བསྒྲིབ་པའི་མདོག་འགྱུར་མིག་ཤེལ་ཡིན་པ་ཞིག་གྱོན།  

རོ་ལ་ཁ་དྲི་བྲོ་བ་བཞིན། བར་སྐོར་ལམ་གྱི་བུད་མེད་གསང་དོར་གྱོན་མཁན་དག་ལྟར།  

ང་ཕ་ཡུལ་གྱི་མྱི་མ་ཡིན་ཡང་།  ང་ཕ་ཡུལ་གྱི་འདྲེ་ཡང་མིན།


ཐ་མ་ཕ་ཡུལ་གྱི་ཁ་གཏད་དུ་འགྲེང་དུས།

ཕ་ཡུལ་ནི་ཆུ་རྒོད་ལྷོག་ལྷོག་ཏུ་རྡོལ་བའི་དམྱལ་བའི་ལས་སྣང་ཞིག་རེད། ངས་རང་གི་སྲོག་ལྟར་གཅེས་པའི་ཕུང་པོ་ལྔ་ལ།

གཅེས་པར་ཇི་ལྟར་འཛིན་ཀྱང་། མེ་ནི་ཚ་ཞིང་སྲེག་པ་ཡིན་པ་ལྟར། ཆུ་ནི་བརླན་ཞིང་གཤེར་བ་ཡིན་པ་བཞིན། ང་ཕ་ཡུལ་གྱི་ཁ་ལ་མཆེ་བ་ཐོགས་པའི་གདོན་ཞིག་ཡིན།

ང་ལག་ཏུ་མཚོན་ཆ་འཛིན་པའི་ཕ་ཡུལ་གྱི་ཁ་བརྒྱ་མིག་སྟོང་ཅན་གྱི་འདྲེ་ཞིག་ཏུ་གྱུར།  

༢༠༡༧..༢༡



སྲོག་བསྔོས་པ།

                     ཆེན་པོ།  ཡུལ་ཤུལ།

ཚེ་ཡི་ཕར་རྒྱབ་ཚུར་རྒྱབ་ཏུ།།

ཁྱོད་ཀྱི་མེ་ཏོག་སྐྱེས་ནས་ཡོད།།

ཤི་བའི་འོག་ཏུ་མ་སོང་བར།།

ཁྱོད་ལ་འཐམས་ཏེ་སྡོད་པ་ཡི།།

ལས་ཤིག་ཡོད་ན་དེ་ཡིས་ཚིམ།།


མི་ཁའི་ལྕགས་རི་ཨ་འུ་ཙི།།

དགའ་སྡུག་ནང་དུ་རུས་པ་བཙོ།།

སེམས་ཀྱི་དམར་ས་ཁྱོད་ལ་བསྔོ།།

མགོ་བོ་འདི་ཡང་ཁྱོད་ལ་འཇོག།

ལུས་པོ་འདི་ཡང་ཁྱོད་ལ་འབུལ།།

ཚེ་ཡི་གསེར་ཕྱེ་ཁྱོད་ལ་གཏོར།།

༢༠༡༧..༡ཉིན་སྙིང་ཉེ་མ་ཞིག་ལ་ཕུལ་བའི་འཕྲིན་པ།



ལོ་ཡི་ཕག་ཏུ་ཡིབ་པའི་རྣམ་ཤེས།

                           རྩམ་པ།  

འདས་པའི་ལོ་ཡི་ཤོ་གུ་དཀར་པོའི་ངོས་སུ།།

ཡིད་ཀྱི་དུང་བས་རི་མོ་བྲིས་ནི་ཡོད་དོ།།


སེམས་པ་སོང་བའི་དབྱངས་ཀྱི་བདག་པོ་ཁྱོད་ཀྱི།།

དྲན་པའི་བར་ནས་ཅུང་ཟད་དྲན་པ་ཨེ་བྱུང་།།


རྒྱུན་པར་ཁོ་བོས་མིག་ཟུང་ཅུང་ཟད་བཙུམས་ནས།།

ཁྱོད་ཀྱི་ཞལ་སྒོ་དྲན་སྒོམ་བྱེད་ཀྱིན་ཡོད་པས།།


ཕ་མ་འཚམས་ཤིང་ཁྱོད་རང་སྐྱིད་པའི་དུས་དེར།།

བཤད་པའི་གཏམ་གྱི་འཕྲོ་མ་མོལ་ན་ཨེ་འདོད།།


སུ་ཡང་མེད་དུས་བྱད་གཟུགས་ཡིད་ལ་སྒོམ་བཞིན།།

སྐད་སྒྲ་མེད་པའི་ཆུ་རིས་ག་ལེར་ཟགས་འགྲོ།།

                     ༢༠༡༧..༩ཉིན་བྲིས།



ཟླ་བ་གཞུང་གི་སྙན་ངག  

                             གླིང་བུའི་སྙེ་མ།

༈ ཟླ་བ་གཞུང་དུ་འབྱོར་པ།

དབྱར་གྱི་མཛེས་སྡུག་བཞུད་པར་རྩོམ་ཚེ་བདག་ནི་རྫ་བ་གཞུང་[1]དུ་འབྱོར།།

དྭངས་པའི་ཆུ་ལ་ཟླ་བ་འཁོར་ཞིང་སྤང་ལ་མེ་ཏོག་འདབ་མ་གྲོལ།།

ལྷུན་པོའི་མཚམས་སུ་ན་བུན་རབ་རྒྱུ་འདབ་ཆགས་གསུང་སྐད་རི་ན་སྙན།།

སྐད་ཅིག་མི་སྡོད་སེམས་ཀྱི་རྟ་ཕོ་རྣམ་གཡེང་བྱིས་པའི་ནམ་ཟླར་ཤོར།།

[1] ཡིག་སྐད་དུ་ཟླ་བ་གཞུང་ཞེས་འབོད་ཅིང་ངེད་རུ་བའི་དབྱར་རུ་བཅའ་ས་དང་། ང་རང་ཆུང་དུས་ཀྱི་ངུ་སྐད་མཆེད་སའི་གནས་མཆོག་ཅིག་ཡིན།

༈ ཉིན་རྫིར་སོང་བ།

རྫི་ཇ་འཐུང་ཞིང་ཁ་བརྡ་གློད་ཞོར་རྔ་མ་བཀྱགས་པའི་ནོར་ཁྱུར་བལྟས།།

ཉི་མའི་དྲོད་དང་འབུ་ཡིས་གཙེ་བའི་ཟོག་ནི་རི་ཐང་གང་སར་འཐོར།།

སྔ་དྲོར་འདུར་རྒྱུག་དུས་ཡུན་རིང་བས་རྒྱུ་མ་གཟེར་བའི་རྫི་བོ་རྣམས།།

ཐང་ཆད་ངོ་གདོང་ས་ལ་དྲུད་ནས་ཐག་རིང་ཟོག་ཁྱུའི་རྗེས་ཤུལ་བདའ།།

༈ ཟོག་ལྷས་ལ་སྐོར་པ།

དགོང་སྲོད་མཚམས་སྤྲིན་དམར་པོའི་མཛེས་སྡུག་ལྷུན་ཆགས་འབྲོག་པའི་སྡེ་ལ་ལྷུང་།།

ཉི་ཟེར་གཉོམ་པོ་རླུང་གིས་འགེམ་པས་ཡིད་ལ་སྔར་མེད་བདེ་བ་སྟེར།།

སྦྲ་གུར་སྔུན་རྒྱབ་ལྷས་རའི་ཕྱི་ནང་གཡང་འབྲི་མ་བུའི་ངུར་སྒྲས་ཁྱབ།།

མཎ་དབྱངས་མགུར་པའི་རྫི་བོའི་ཚོགས་རྣམས་ཉམས་དགའི་དགོད་སྒྲ་ལྷང་ལྷང་ལྷང་།།

༈ འོ་མ་བཞོ་བ།

གསོམ་ཤིང་དཀར་པོའི་བཞོ་ཟེའུ་ཁུར་པའི་གཡང་ཁྱིམ་བདག་མོ་ཡིད་འོང་མའི།།

དགོ་དགོ་ངག་གི་དབྱངས་རྟ་ཟ་ཟི་སྒྲ་འཛིན་རྣ་བའི་ལམ་དུ་འཕྱོ།།

འབྲི་མོ་འཇོ་བའི་རླབས་ཀྱི་རང་སྒྲ་ལྷས་རྭ་སྒོ་བཞིའི་མཐའ་ན་སྙན།།

རྐང་བཞིའི་འཕེལ་ཁ་རྣམ་པར་རྒོད་པས་འོ་མའི་ངད་བཟང་རླུང་དང་སྡེབ།།

༈ འབྲོག་པའི་བུ་མོ།

བྱམས་བརྩེའི་ཟླ་བ་འཕེལ་འགྲིབ་མི་མངའ་རང་གཤིས་ཁ་བ་འོད་དུ་འཚེར།།

ཁ་འཇམ་ཚིག་གི་ཡོལ་བ་མི་དགོས་སེམས་ཀྱི་ཕྱི་ནང་ཆུ་ཤེལ་བཞིན།།

སྣ་ཚོགས་བཅོས་མའི་རྫས་ཀྱིས་མ་སྦགས་རང་བྱུང་མཛེས་པའི་ཡོན་ཏན་རྫོགས།།

ལྷ་ཡི་ན་ཆུང་མི་རུ་བརྫུས་པ་འབྲོག་པའི་ཨ་ཅག་མཛེས་མའི་ཕུལ།།

༢༠༡༧..༡༣ལ་ཟླ་བ་གཞུང་དུ་སྦྱར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ec4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
49349454
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1