༼སྦྲང་ཆར།༽སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་རིན་མེད་སྦྱིན་རྩིས་ཡོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཕྲོད་བསྟེན། འཛེམ་བྱ། »༼སྦྲང་ཆར།༽སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་རིན་མེད་སྦྱིན་རྩིས་ཡོ
༼སྦྲང་ཆར།༽སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་རིན་མེད་སྦྱིན་རྩིས་ཡོད།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/9/17ལྟ་ཀློག (41722)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲྭ།པར་འདེབ།

༼སྦྲང་ཆར།༽སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་རིན་མེད་སྦྱིན་རྩིས་ཡོད།

 


 《སྦྲང་ཆར》གྱི་གནས་ཚུལ་མདོར་བསྡུས།

       སྤྱི་ལོ1981ལོར།  ཏང་གི་མི་རིགས་སྲིད་ཇུས་དང་རིག་གནས་སྒྱུ་རྩལ་སྲིད་ཇུས་ཇེ་ལེགས་ཇེ་བཟང་ཇེ་ཡངས་སུ་ཕྱིན་པའི་གོ་སྐབས་དང་བསྟུན།  ལྷག་བསམ་ཆེ་བའི་དཔོན་རིགས་དང་སྐྱེས་སྦྱངས་མཐོ་བའི་རྩོམ་སྒྲིག་པ་སྐོར་ཞིག་གི་བཀའ་དྲིན་སྐུ་དྲིན་ལ།  དུས་དེབ《སྦྲང་ཆར》འདི་ཉིད་ང་ཚོའི་རྩོམ་རིག་གི་ཞིང་ས་གཤིན་པོར་དངོས་སུ་བལྟམས་ཤིང་།  དེ་ནས་བཟུང་སྟེ།  བོད་ཀྱི་དེང་རབས་རྩོམ་རིག་ལ་འགྱུར་ལྡོག་སྔ་ན་མེད་པ་ཞིག་བྱུང་རྐྱེན།  ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུར་ངོས་འཛིན་གནང་གིན་ཡོད་པ་རེད།

      ལོ་ངོ་སུམ་ཅུ་ལྷག་གི་རིང་ལ།  དུས་དེབ་འདི་ཉིད་ཀྱིས་བརྟན་ཞིང་ལྷིང་བའི་ཁ་ཕྱོགས་ཡིད་ལ་རྡོ་བརྐོས་རི་མོ་བཞིན་དུ་བཅངས་པའི་ཁར།  ཐོག་མཐའ་བར་གསུམ་དུ་བོད་རིགས་མི་དམངས་དང་སྤྱི་ཚོགས་ལ་སྲི་ཞུ་རྣམ་དག་སྒྲུབ་པའི་ཀུན་སློང་གཡེལ་བ་མེད་པར་བྱས་ཐོག   དུས་དེབ་ཀྱི་སྤུས་ཚད་ཇེ་བཟང་དུ་གཏོང་བར་ཤ་རུས་རྡོར་ཐུག་གི་དཀའ་བ་སྤྱད་པ་རེད།  ཁྱད་པར་དུ་དུས་དེབ་རྩོམ་སྒྲིག་གི་ལག་ལེན་དངོས་ཀྱི་ཁྲོད།  བརྩམས་ཆོས་ཀྱི་བསམ་བློའི་ཚད་གཞི་དང་སྒྱུ་རྩལ་གྱི་སྤུས་ཀར་གཙིགས་ཆེན་དང་གདེང་འཇོག་གང་ལེགས་གནང་སྟེ།  མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཉམས་འགྱུར་མངོན་ཅི་ཐུབ་བྱས་ཤིང་།  རྒྱ་ཆེའི་རྩོམ་པ་པོ་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གང་ཅི་ཐུབ་ཀྱིས་ཀློག་པ་པོས་ལྟ་བར་སྤྲོ་ཞིང་ཀློག་པར་དགའ་བའི་བརྩམས་ཆོས་འབོར་ཆེན་སྤེལ་ཅིང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་བཀྲམས།  དེ་ལྟ་དེ་ལྟར།  《སྦྲང་ཆར》གྱི་མཚན་སྙན་ཡང་ཕྱོགས་དང་ཕྱོགས་སུ་མཆེད་དེ། རྒྱ་ཆེའི་ཀློག་པ་པོའི་ཁྲོད་དུ་ཕྱིས་བྱུང་གི་དུས་དེབ་གང་དང་གང་ཅིར《སྦྲང་ཆར》ཞེས་འབོད་པའི་རྣམ་པ་བྱུང་བར་མངོན། དེ་ལས་ཀྱང་།  སྐོར་ཞིག་གིས་ནི་བོད་ཡིག་གི《མི་དམངས་རྩོམ་རིག》ཅེས་པའི་ཆོ་ལོ་སྩལ་འདུག་གོ། 

      དུས་དེབ་འདི་ཉིད་གསར་སྤེལ་གནང་བ་ནས་ད་ལྟར་ཐུག་གི་བར་དུ།  ཁྱོན་བསྡོམས་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས8000ལྷག་སྤེལ་ཟིན་ཅིང་།  དེ་ལས་བརྩམས་ཆོས90ལྷག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིགས་མི་འདྲ་བའི་རྩོམ་རིག་བྱ་དགའ་ཐོབ་པ་དང་།  བརྩམས་ཆོས་བརྒྱ་ཕྲག་ལ་ཉེ་བ་ཞིག་རྒྱ་ཡིག་དང་དབྱིན་ཡིག་སོགས་སྐད་ཡིག་དུ་མར་བསྒྱུར་ནས་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་སྟེང་སྤེལ་ཡོད།  བརྩམས་ཆོས་བརྒྱ་ཕྲག་ལྷག་སློབ་གྲྭ་ཆེ་འབྲིང་གི་བོད་ཡིག་བསླབ་དེབ་ཏུ་བདམས་པ་ལས་གཞན།  བརྩམས་ཆོས་བརྒྱ་ཕྲག་ལས་བརྒལ་བ་དུས་དེབ་དང་དཔེ་ཆ་སྣ་ཚོགས་སུ་བརྒྱུད་འགོད་དང་འདེམ་སྒྲུག་བྱས་ཏེ་དཔེ་སྐྲུན་གནང་འདུག ད་ལྟ། དུས་དེབ་ཀྱི་ཤོག་ངོས་ཀྱང་དང་ཐོག་གི68ནས་ད་ལྟའི208ལ་སྤར་ཏེ། བོད་ཁམས་ཀྱི་རྩོམ་རིག་དུས་དེབ་ཆེས་ཆེ་ཤོས་སུ་གྱུར་པ་རེད།

      ལོ་ངོ་སུམ་ཅུ་ལྷག་གི་རིང་ལ།  དུས་དེབ་འདི་ཉིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་ངོས་ཀྱི་ཁྱད་ཆོས་དང་རང་གཤིས་རྩལ་དུ་བཏོན་པར་མ་ཟད།  ཐོག་མཐའ་བར་གསུམ་དུ་སྲོལ་རྒྱུན་དང་དེང་རབས།  དུས་རབས་ཀྱི་ཉམས་འགྱུར་དང་མི་རིགས་ཀྱི་ཁྱད་ཆོས་བཅས་འོ་ཆུ་བཞིན་འདྲེས་པར་བྱེད་པ་རྒྱུན་འཁྱོངས་སུ་བསྟར་བས།  གཅིག་གྱུར་དང་མཐུན་སྦྱོར་གྱི་ཚད་གཞི་མཐོན་པོར་སླེབས་པ་དང་།  རྩོམ་རིག་གི་གཟབ་ནན་རང་བཞིན་དང་རང་ཆས་སུ་མངའ་བའི་སྒྱུ་རྩལ་གྱི་བླང་བྱ་མཐོན་པོ་ཡལ་བ་མེད་པའི་མཚུངས་སུ།  གློ་བ་ཉེ་ཞིང་སྣ་མང་ཕུན་ཚོགས་ཀྱི་ཁྱད་ཆོས་ཀྱང་དོར་བར་བྱས་མེད།  བརྩམས་ཆོས་ཀྱི་རིག་གནས་ཚད་གཞི་མཐོར་འདེགས་བྱེད་པ་གལ་ཆེན་དོན་ཆེན་དུ་བཟུང་བའི་མཚུངས་སུ།  བོད་ཀྱི་རྩོམ་རིག་གི་རྨང་གཞིའི་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་འགན་འཁུར་ཡང་བརྗེད་མེད་དུ་བྱས་ཡོད།  དུས་དེབ་ཀྱི་ཚད་གནས་གཏན་འཇགས་དང་ཁྱད་ཆོས་མུ་འབྲེལ་གྱི་བློ་རིག་དམ་དུ་བསྒྲིམས་པའི་མཚུངས་སུ། གསར་གཏོད་དང་བཅོས་སྒྱུར་གྱི་གོམ་འགྲོས་ཀྱང་འཁྱོལ་མེད་དུ་སྐྱོད་བཞིན་པ་བཅས་ཏེ།  མདོར་ན།  བགྲང་བྱ་དེ་འདྲ་མང་བོ་ཞིག་གི་རིང་ལ་སྤྱི་ཚོགས་འཚོ་བར་འགྱུར་ལྡོག་རབ་དང་རིམ་པ་བྱུང་ནའང་།  དུས་དེབ་འདི་ཉིད་ཀྱི་སྲོལ་རྒྱུན་བཟང་བོའི་དཔལ་འབར་ནི་མུ་ནས་མུ་རུ་བརྒྱུད་ཅིང་། དུས་དེབ་ལེགས་སྒྲུབ་ཀྱི་རྨང་རྡོ་དང་དུས་དེབ་འཕེལ་རྒྱས་ཀྱི་རུ་དར་ལྟ་བུར་གྱུར་པར་མ་ཟད།  མུ་མཐུད་མདུན་སྐྱོད་དང་འཕེལ་རྒྱས་སུ་འགྲོ་བར་ཡང་ཡང་གཞེན་སྐུལ་གཏོང་བའི་གཡབ་མོ་དོན་པོ་དེའང་ཡིན་ནོ།།

      ལོ་ངོ་སུམ་ཅུ་ལྷག་གི་རིང་ལ།  དུས་དེབ་འདི་ཉིད་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་བོད་རིགས་རྩོམ་པ་པོ་རྣམས་དང་རྡོག་རྩ་གཅིག་སྒྲིལ་བྱེད་ཅི་ཐུབ་ཀྱིས།  རྩོམ་རིག་ལ་མོས་པ་ཟབ་པའི་ལས་དང་པོ་བ་གསར་རྙེད་དང་གསོ་སྐྱོང་བྱ་རྒྱུ་དེ་བླ་མེད་ཀྱི་འགན་འཁྲི་ཞིག་ཏུ་སེམས་བཞིན་ཡོད་དེ།  འབྲེལ་ཡོད་ལས་ཁུངས་དང་མི་སྣའི་རྒྱབ་སྐྱོར་དང་རོགས་རམ་འོག  སྔ་ཕྱིར་རྩོམ་རིག་འཆད་ཁྲིད་དང་ཟབ་སྦྱོང་འཛིན་གྲྭ་རེབ་ཐེངས60ལྷག་སྤེལ་ཅིང་།  དེར་ཞུགས་མཁན་མི་གྲངས6000ཉེ་བར་བྱུང་བ་རེད།  ད་ལྟ།   《སྦྲང་ཆར》གྱི་རྩོམ་པ་པོ་ནི་དེ་སྔའི་མི་བཅུ་ཕྲག་འགའ་ལས་འཕར་ཏེ་སྟོང་ཕྲག་ཡས་མས་སུ་འཕེལ་རྒྱས་བྱུང་ཡོད་ལ།  དེ་ལས་གསར་རྩོམ་གྱི་གནས་ཚུལ་ཅུང་རྒྱུན་ལྡན་དང་གཏན་འཇགས་ཡིན་པའི་རྐང་འཛིན་རྩོམ་པ་པོའང་བརྒྱ་ཕྲག་ལྷག་སྣང་ངོ་།  །དེ་བས། རྩོམ་པ་པོ་མང་ཤོས་ནི《སྦྲང་ཆར》ལ་བརྟེན་ནས་རྩོམ་རིག་གི་ལམ་བུར་ཞུགས་པ་དང་།  《སྦྲང་ཆར》ལ་བརྟེན་ནས་རྩོམ་རིག་གི་ལས་སུ་གཞོལ་བ་རེད་ཅེས་སྨྲས་ཀྱང་ཅིས་མི་ཆོག

      གོམ་གང་མདུན་སྤོས་ཀྱིས་རྩོམ་པ་པོའི་དཔུང་སྡེ་ཇེ་ཆེར་གཏོང་བ་དང་།  བོད་ཀྱི་དེང་རབས་རྩོམ་རིག་གི་རྣམ་པ་གསར་བ་མངོན་འདོན་བྱེད་པའི་དུས་མཚུངས་སུ།  དུས་དེབ《སྦྲང་ཆར》འདི་ཉིད་སྔར་ལས་ལྷག་པའི་ཁྱད་ཆོས་ཅན་དུ་སྒྲུབ་པ་དང་།   དུས་རབས་ཀྱི་ཉམས་འགྱུར་དང་རྩོམ་རིག་གི་ཚད་གཞི་ངེས་ཅན་ལྡན་པར་བྱ་སླད།  རྩོམ་སྒྲིག་ཁང་གིས་རྒྱལ་ཡོངས་ཀྱི་བླ་སྤྲུལ50ལྷག་ལ་སྐུལ་སློང་བྱས་ནས་ཞལ་འདེབས་མཛད་པའི་མ་དངུལ་གྱིས་སྦྲང་ཆར་རྩོམ་རིག་ཐེབས་རྩ་བཙུགས་པར་མ་ཟད།  དེ་ལ་བརྟེན་ནས་སྦྲང་ཆར་རྩོམ་རིག་བྱ་དགའ་གསར་དུ་བཙུགས།  བྱ་དགའ་སྟེར་བའི་ལས་ཀ་དེ་སྤྱི་ལོ1994ལོར་དངོས་འབེབས་བྱས་པ་ནས་བཟུང་ད་ལྟའི་བར་དུ་ཐེངས་བདུན་ལ་སྤེལ་ཅིང་། སྤེལ་ཐེངས་རེར་དམངས་སྒོར་འབོར་ཆེན་བཏང་ནས་རྩོམ་པ་པོ་དང་རྩོམ་སྒྲིག་པ་རྣམས་ལ་དགའ་རྟགས་བྱིན་པར་བརྟེན།  རྩོམ་པ་པོ་དག་གི་གསར་རྩོམ་གྱི་སྤྲོ་སེམས་ལ་ཡར་སྐུལ་ཆེན་པོ་ཐེབས་པར་མ་ཟད།  ཁོ་ཚོའི་ཧྲག་རྩོམ་སྤེལ་བའི་འདུ་ཤེས་ཀྱང་སྔར་ལས་གཏིང་ཇེ་ཟབ་ཏུ་སོང་། དེ་དག་ལས་སྐོར་ཞིག་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགས་མཚོན་པའི་གཟིགས་བཟོས་ཆེ་མ་ཆུང་གསུམ་གང་མང་རེག་མྱོང་བ་རེད།            གཞན་ཡང་།  ཐོན་མིའི་མཛུབ་རིས་མིང་ཅན་གྱི་ཡིག་གཟུགས་འགྲན་སྡུར་དང་།  མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་བྱ་དགའ་ཡོད་པའི་རྩོམ་ཡིག་འགྲན་སྡུར།  སློབ་གྲྭ་ཆེན་མོ་པའི་སྙན་ངག་གྱེར་འདོན་འགྲན་སྡུར། གླུ་ཚིག་བསྡུ་རུབ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ།  ཞིང་ཆེན་ཕྱི་ནང་ཀུན་ཏུ་བག་ཆགས་ཟབ་མོ་བཞག་མྱོང་ངོ་།།

      《སྦྲང་ཆར》རྩོམ་སྒྲིག་ཁང་གིས་དུས་དེབ་འདི་ཉིད་པར་སྐྲུན་འགྲེམས་སྤེལ་གྱི་ཞོར་དུ། རྩོམ་རིག་སྒྱུ་རྩལ་ཐད་ཀྱི་དཔེ་དེབ་གཙོར་བྱས་པའི་དཔེ་དེབ་བརྒྱ་ཕྲག་ལྷག་རྩོམ་སྒྲིག་པར་སྐྲུན་བྱས་ལ།  དེ་དག་ལས་གཙོ་ཆེ་བའི་སྐོར་ལ།  《གངས་ཅན་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》ཞེས་པ་དང་། 《བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས》ཞེས་པ་དང་། 《སྦྲང་ཆར་ལོ་འཁོར20དཔེ་ཚོགས》ཞེས་པ་དང་། 《དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང》ཞེས་པ་བཅས་རྩོམ་སྒྲིག་པར་སྐྲུན་བྱས་ཏེ། དེང་རབས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་བྱས་རྗེས་མི་དམན་པ་བཞག  མི་འགྱང་བར་ཀྲུང་གོའི་བོད་ཀྱི་རྩོམ་རིག་དེབ་ཚོགས་པོད་བཞི་བཅུའི་བདག་ཉིད་ཅན་ཞིག་ཀྱང་སྤེལ་འགྱུར་གྱི་བཀྲ་ཤིས་གཏམ་བཟང་སྔོན་དུ་བསྒྲགས་པའོ།།

       དེ་ལྟར། དུས་དེབ་འདི་ཉིད་ཀྱི་བྱས་འབྲས་ལ་དམིགས་ཏེ།  སྔ་ཕྱིར་ཐེངས་བཅུ་ཕྲག་ལྷག་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་ཕྱི་ནང་གི་གཟེངས་བསྟོད་དང་བྱ་དགའ་ཐེངས་མང་ཐོབ་པ་རེད། སྤྱི་ལོ2002ལོར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡིས་དཔྱད་འཇོག་གནང་བ་བརྒྱུད།  དུས་དེབ་འདི་ཉིད་ཀྲུང་གོའི་དུས་དེབ་ཕྲེང་ཚོགས་ཀྱི་གྲས་སུ་ཚུད་པར་མ་ཟད།  ཕན་ཡོན་ཟུང་ལྡན་གྱི་དུས་དེབ་ཏུ་བདམས་ཐོན་བྱུང་བར་བརྟེན། མཚོ་སྔོན་ཞིང་ཆེན་གྱི་དུས་དེབ་ཁག་དང་རྒྱལ་ཡོངས་ཀྱི་བོད་ཡིག་དུས་དེབ་ཁག་ལས་དུས་དེབ་ཕྲེང་ཚོགས་སུ་ཚུད་པའི་སྤྱི་ཚོགས་ཚན་རིག་ཁག་གི་དུས་དེབ་ཉག་གཅིག་པུར་གྱུར། སྤྱི་ལོ2003དང2005ལོར།  རྒྱལ་ཡོངས་ཀྱི་དུས་དེབ9000ཁྲོད་ནས་མངོན་པར་འཕགས་ཏེ།  སྐབས་གཉིས་པ་དང་སྐབས་གསུམ་པའི་རྒྱལ་ཁབ་དུས་དེབ་བྱ་དགའ་ལས་གཙོ་ཆེའི་དུས་དེབ་སྣ་བརྒྱའི་མཚན་སྙན་ཐོབ་པར་གྱུར་ཏོ།  །ཞེས《སྦྲང་ཆར》ངོ་སྤྲོད་ཀྱི་ཡི་གེ་ཙམ་ས་བཅད་མ་སྟོངས་པའི་ཚུལ་དུ་བཀོད་པའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xun2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45484961
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1