བེ་མིག་གི་རྩོམ་བཏུས་ཁག་བཅུ་དྲུག་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »བེ་མིག་གི་རྩོམ་བཏུས་ཁག་བཅུ་དྲུག་པ།
བེ་མིག་གི་རྩོམ་བཏུས་ཁག་བཅུ་དྲུག་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/9/21ལྟ་ཀློག (2666)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཁོ་བོའི་པིར་མིང་ལ་བེ་མིག་ཏུ་འབོད།

    ཁོ་ནི་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་བེ་ཆེན་སྡེ་བ་ནས་ནར་གསོན་པའི་སློབ་གཉེར་བ་དཀྱུས་མ་ཞིག་ཡིན། ཁོས་སོར་བཅུའི་རྩལ་ལས་ཐོན་པའི་ལྗགས་རྩོམ་མང་བོ་ཞིག(གངས་ཅན་མེ་ཏོག)དང(བཙན་པོ་མགར)གྱི་དྲྭ་ཚིགས་གཙོས་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་མང་བོ་ཞིག་ཏུ་ཀློག་པ་བོ་དག་ལ་གཟིགས་རྟེན་དུ་ཕུལ་བ་དེ་ལས་མ་འདས་སོ།།

ཁོའི་བརྩམས་ཆོས་ལ༼ཚོར་བའི་བཅུད༽ ༼རྨ་འགྲམ་གྱི་ཆིག་ལབ༽ ༼བེ་མིག་གི་མྱི་སྐད༽ ༼ཚོར་བ་གྱེར་བའི་གླུ༽སོགས་འཕྲུལ་དེབ་དུ་མ་ཡོད།



འགྲམ་ཤ་འཐེན་པའི་ཁོ་བོའི་གཏམ།


                      བེ་མིག༼རྨ་ལྷོ༽

ལོ་ཟླའི་ཆུ་བོ་ཤག་ཤག་ཐོད་ལ་བབས།།

སྣང་བའི་མགྲོན་པོ་ལོ་ཆང་ཁམ་པས་བཟི།།

མི་ཚེ་རླུང་ལ་སྤུར་བའི་བདག་གི་སེམས།།

རྨ་ཉིན་རི་སུལ་འདི་ནས་རྨོངས་ནས་ཐལ།།


སྣང་སྲིད་འཁོར་བའི་རྩེད་ར་ཟུར་གསུམ་དུ།།

ལས་ཀྱི་ཞེ་འདྲེས་མི་ཡུལ་འཁོར་བའི་མགྲོན།།

རྒུན་ཆང་དགུང་ལ་བཏེགས་པའི་སྣང་བ་ཡང་།།

གཞོན་པ་ང་ཡི་སྣང་བའི་རྒྱལ་ཁམས་ཙམ།།


དགུང་གི་ཟླ་བ་ཁེར་འགྲོ་སྨྲེང་བའི་གཏམ།།

བཀྲེན་པ་ཁེར་ཧྲང་ང་ཡི་སེམས་སུ་ལྷུང་།།

ཚོར་བའི་རྒྱལ་ཁམས་དབྱུལ་བའི་བདག་གི་གཏམ།།

ཤོག་སྨྱུག་ཟད་ཀྱང་བརྗོད་པར་ག་ནུས།།


ལུས་ཀྱི་ཕུང་བོ་འཆིང་ཐག་རྒོད་ཀྱང་རུང་།།

འཇག་མའི་ཤུགས་གླུ་རྣ་བར་གཟན་པའི་ཚེ།།

སྣང་ཤེས་སོར་བཅུ་འཁྱུག་པའི་གར་དུ་རྩེན།།

མི་ཡུལ་ཉུལ་བའི་གཏམ་འདི་ཁོ་བོས་གཏི།།


ཞམ་རིང་ཨ་སྐྱོ་ཐབ་ཚང་ཁ་རུ་རྒས།།

གཞོན་པའི་སེམས་པ་ཀུམ་པ་མལ་དུ་ལྷུང་།།

ལང་ཚོའི་གཤོག་ཡ་ཆད་པའི་བདག་གི་ལུས།།

ལྷས་འདབས་འདི་ནས་ནམ་ཞིག་འདྲུལ་བར་འགྱུར།།


ཁོ་བོས་ཡང་ཡང་གཏི་བའི་མི་ཚེའི་སྒྲུང་།།

མི་ཟས་དོན་མེད་སྤྱད་པའི་དཀོར་ནག་ཟས།།

ཕལ་བའི་སྙན་ངག་འཁྱུད་པའི་བེ་མིག་ངས།།

འབྱུང་བཞི་ཡུལ་ལ་བསྟིམ་པའི་དེབ་ཐེར་བྲི།།

                 ཡེ་ལོ2017/7/18ཉིན།


སེམས་པའི་རྟེན་དུ་བཞེངས་པ།

                              

ཆུ་སྐྱེས་འདབ་མ་བཞད་པའི་དགའ་ཚལ་གྱི་དཔལ་དུ།།

རྐང་དྲུག་འཕུར་ལྡིང་རྩེན་པའི་བཅུད་ལེན་ལ་བརྩོན་པ།།

གང་གི་ཞེན་ཆགས་ལྕི་བས་ལས་འཕྲོ་དེ་ཡིན་སྐད།།

ངས་ཀྱང་དགའ་དུང་ཕྱིར་དུ་མྱི་སྐད་ཅིག་ལབ་འདོད།།


ཚང་ཚང་གཡུ་ལོ་སྟུག་པའི་ནགས་ཀློང་གི་ཚལ་དུ།།

བརྩེ་གླུ་དབྱངས་སུ་གྱེར་བའི་ཁུ་ལོ་དེ་སྨྲེང་བ།།

སུ་ལ་སེམས་པ་ཤོར་བའི་འཁྲེང་ཞེན་དེ་ཡིན་སྐད།།

ངས་ཀྱང་སྣང་བ་མཐུན་སར་བརྩེ་བ་ཞིག་གླན་འདོད།།


མཚོ་མོ་གཡས་སུ་འཁྱིལ་བའི་དྭངས་གཙང་གི་ཀློང་དུ།།

གསེར་མིག་ཆུ་ལ་འཁྱུག་པའི་ལང་ཚོ་ཡི་སྟངས་སྟབས།།

སུ་དང་གང་ལ་འཕང་བའི་ཟུར་མིག་དེ་ཡིན་སྐད།།

ངས་ཀྱང་བརྩེ་བའི་མིག་ཟུང་ཆུང་འདྲེས་ལ་འཕེན་འདོད།།


རྨ་ཉིན་མཚོ་མཐའ་བསྐོར་བའི་ངང་མོ་ཡི་ཁྱུ་གཅིག།

མཐུན་པའི་ཆ་རུ་སྡེབ་ནས་བརྩེ་བ་ལ་འཁྱུད་པ།།

རང་རང་སེམས་པ་འདྲེས་པའི་དན་རྟགས་དེ་ཡིན་སྐད།།

ངས་ཀྱང་སེམས་པའི་རྟེན་དུ་བརྩེ་འཕྲིན་ཞིག་བྲི་འདོད།།

                         ཧོར2017/6/13ཉིན་ཞར་བྱུང་དུ།


དོ་ནུབ་ཕ་ཡུལ་ལ་སྨྲེང་བ།

                    

དོ་ནུབ་ཚངས་པ་རྒྱ་བྱིན་ཁྲོས་སོང་ངམ།།

ཡངས་པའི་མཁའ་དབྱིངས་ཆེན་མོ་ནག་ཐིང་ཐིང་།།

དབྱིངས་ཀྱི་སྐར་མ་འོད་ཆེན་ནག་འཐིབ་འཐིབ།།

ཆུ་ཤེལ་ཟླ་བ་གཞོན་ནུ་གང་དུ་གདའ།།


ཁྱི་དང་སྤྱང་མོའི་ཟུག་སྐད་དགུང་ལ་ཟུག།

མི་དང་མི་མིན་གཡོ་ཟོལ་གྲོང་ན་འདུ།།

རྗེ་དང་རྗེ་བློན་ངན་པའི་ས་སྟེང་གང་།།

དོ་ནུབ་སེམས་ཀྱི་ཉི་ཟླ་ནང་ན་གདའ།།


དོ་ནུབ་སེམས་པ་འདི་ཡང་རྨོངས་སོང་ངམ།།

ཚིག་གི་འཕྱོར་མོའི་ལང་ཚོའི་སྟངས་སྟབས་འཁྱོར།།

སྡེབ་ལེགས་རྒྱན་གྱི་ཀུ་མུད་རྙིད་དམ་ཅི།།

ཨ་ཐང་ཆད་པའི་ཟིན་བྲིས་རྙོག་ནས་ཐལ།།


ཕ་ས་ཕ་ཡུལ་ཆུང་བ་ཨེ་ཡིན་ནམ།།

བཟང་བོ་ཚིག་གི་རྒྱན་པའི་སྙན་ངག་ལ།།

ཐོག་མའི་དབུ་ཁྱུད་གང་ནས་བྲི་དགོས་སམ།།

ཕ་ཡུལ་ལུང་བའི་ཕྱི་ནང་ཅི་ལྟར་བྲི།།

            ཧོར2017/526ཉིན་རང་ཡུལ་དུ།


ལོ་ཟླའི་ཕྱིར་མིག

                 

ལོ་ཟླ་ཆུ་བོ་བཞིན་ཏུ་ཡོངས་རྒྱུག་པའི།།

གཞོན་པའི་ལང་ཚོར་རྒས་གཉེར་རི་མོ་བརྩེགས།།

རྒྱ་ལམ་གུག་འཁྱོག་ཞིག་ནས་ལབ་པའི་གཏམ།།

མཁུར་ཚོས་ངོས་ལ་བཞག་པའི་དྲན་ཤིང་ཡིན།།


ལག་གཡས་གཡུགས་ནས་བདེ་མོ་འཇོག་པའི་ཚེ།།

འགྲམ་པར་འོ་ཞིག་གནང་བ་སྙིང་དུ་སྡུག།

འདས་སོང་ཡིད་ལ་བསྒོམས་ནས་ག་ལེར་གྱིས།།

མིག་ཆུ་རུམ་ལ་བཅུག་ནས་ལམ་ལ་ཆས།།


མདང་གསུམ་རྨི་ལམ་མཛེས་པོ་སྐད་ཅིག་ཙམ།།

རླངས་འཁོར་དུང་བརྡ་གྱེས་ཁའི་རྣ་བར་གཟན།།

མིག་ཆུ་སྦྲང་ཆར་འདྲེས་ནས་ལམ་ལ་ཆས།།

འཁྲེང་ཞེན་གྲོང་ལ་ཤོར་ནས་ལམ་ལ་ཆས།།


དྲན་ཤིང་ཁ་ཚ་མ་དེ་བདེ་མོ་བྱོས།།

འདས་སོང་རྨི་ལམ་ཡག་པོ་བདེ་མོ་བྱོས།།

སྙིང་ལ་བཏབ་པའི་འོ་སྦྱོར་བུ་རུམ་ཤིང་།།

བརྗེད་མེད་དྲན་པའི་རྟེན་དུ་སྙིང་ན་འཚེར།།

                           ཧོར2017/4/30ཉིན་རྨ་ལྷོ་སོག་རྫོང་དུ།



ཨ་ཐང་ཆད་པའི་འཁོར་བ།


ལ་ལ་ཟོལ་གྱིས་མཐོ་མཐོ་གྲལ་དུ་ཞུགས།།

ལ་ལ་བདེན་པའི་དམའ་དམའ་བྲན་དུ་སྐྱིད།།

བསམ་ན་མི་ཚེ་རྫུན་གྱི་འཁོར་ལོ་ན།།


བློ་གཏད་ཟླ་གྲོགས་གང་ཞིག་ཡོད་མ་མཆིས།།

             

ལ་ལ་བཤད་བཤད་ཝུ་བ་གསེར་གྱི་བཀའ།།

ལ་ལ་སྒུར་སྒུར་བདེན་པ་དྭངས་མོ་ཆུ།།

གཡོ་དང་སྒྱུ་མའི་འཕྲུལ་གྱི་འཇིག་རྟེན་འདིར།།

ཀུན་གྱི་བདེན་པའི་ལམ་ཞིག་ཡོད་མ་མཆིས།།


ལ་ལ་རྙིང་ཞེན་ལྕགས་ཀྱི་གཉའ་ཤིང་ལྕི།།

ལ་ལ་བཅངས་གྲོལ་བློ་གསར་ཆང་གིས་བཟི།།

འཇིག་རྟེན་དཀར་ནག་གཉིས་ཀྱི་སོ་ཁ་ན།།

བདེན་པ་བརྡར་བའི་གྲོགས་ཤིག་ཡོད་མ་མཆིས།།


ལ་ལ་སྟོང་བཤད་ཁ་ཕོ་ཆེ་ཆེ་འཚོ།།

ལ་ལ་བརྩོན་པ་རྔུལ་ཁྲག་ས་རུ་ཟགས།།

རྣམ་རྟོག་མྱ་ངན་ཐང་གི་འཁོར་བ་ན།།

རྟག་བརྟན་འཚོ་བའི་སྐྱིད་ཅིག་ཡོད་མ་མཆིས།།

                                          ཧོར2017.5.8ཉིན་ཐོལ་བྱུང་དུ།


ང་དང་དཔེ་ཀློག་གི་བར་ཐག

                      

ལོ་དང་ཟླ་བའི་འཁོར་བསྐྱོད་སྐད་ཅིག་ལ་འདས་སོང་།།

ཉིན་མཚན་དཔེ་ཀློག་བྱེད་པ་རྣམ་གཡེང་གི་བསླུས་ཟིན།།

རེ་ཞིག་བལྟ་འདོད་འདུན་པ་ཨ་གསར་གྱི་རྗེས་འགྲོ།།

དཔེ་ཀློག་བྲལ་བའི་མི་བུ་ནོར་ནག་གི་རིགས་མཐུན།།


ཡུན་རིང་མ་སློག་དཔེ་སྒྲོམ་ས་རྡུལ་གྱི་གཡོགས་ཐལ།།

དཔེ་དེབ་རི་ལྟར་སྤུངས་པ་བཤམས་སྟོན་དུ་འགྱུར་ཐལ།།

ང་དང་དེབ་ཐེར་དཀར་བོ་རིང་དུ་རང་གྱེས་ཐལ།།

ཨ་ཧོ་བུ་ཆུང་ཨ་སྐྱོ་ཅང་མེད་དུ་ལུས་སོང་།།


ཚེ་འདིར་ཟླ་གྲོགས་བྱམས་པ་དབེན་པ་རུ་བསྒོམས་ཡོད།།

ཚེ་གཅིག་གཏན་གྱི་དཔུང་ཡ་གླེགས་བམ་དག་བཟུང་ཡོད།།

གྲོགས་ཀྱི་དྭངས་མ་གཅིག་པུ་དཔེ་ཧྲུལ་དག་ཡིན་ཙང་།།

ད་ལྟ་ཨ་སྐྱོ་གླེན་པ་ཁེར་རྐྱང་དུ་ལུས་ཡོད།།


དཔེ་ཀློག་བདེན་པ་བརྡར་བའི་གནས་ལུགས་དེ་ཡིན་ཙང་།།

ང་ནི་བདེན་ལུགས་བོར་བའི་ཀླད་གོར་དེ་ཡིན་ངེས།།

དཔེ་ཀློག་མུན་པ་སེལ་བའི་སྒྲོན་མེ་དེ་ཡིན་ཙང་།།

ང་ནི་མུན་ནག་ཁྲོད་ཀྱི་སྐྱབས་མེད་དེ་ཡིན་ངེས།།

                           ཧོར2017/2/19



མིག་ཆུས་བརླན་པའི་སྙན་ངག

                               

མིག་ཆུ་ཞེ་ལ་བཞུར་བའི་ཉིན་མཚན་འཁོར་མོ།།

དྲན་པ་ལོ་དང་ཟླ་བའི་ངོས་ལ་བརྩེགས་པའི།།

ང་ཡི་གདུང་བ་ལྷུན་པོའི་དཔུང་དང་མཉམ་པ།།

ཆུང་འདྲིས་གང་གི་བཞག་པའི་ལན་ཆགས་ཡིན་སོང་།།


མུན་པའི་གློ་སྙིང་ཡོལ་བའི་ལོ་དང་ཟླ་བ།།

དུངས་སེམས་མེ་ཏོག་རྒུམ་པའི་སྙིང་གི་ཐིག་ལེ།།

བདག་སེམས་ཡངས་པའི་མཁའ་རུ་འོད་དུ་འཚེར་བ།།

ཚེ་སྔོན་ལས་ཀྱི་བསྐོས་པའི་ཁ་ཡིག་ཡིན་ནམ།།


བྲིས་པའི་ཡིག་ཆུང་ནག་ལོ་གར་དུ་འཁྱུག་པ།།

བརྩེ་བ་འཕྲིན་དུ་ཕབ་པའི་ཞུ་འཕྲིན་ཡིན་པའི།།

སྡེབ་ལེགས་ཚིག་གི་འཕྱོར་མོའི་སོར་བཅུའིསྟངས་སྟབས།།

དྲན་གདུང་ཕྱི་རུ་ཚེས་པའི་འཇོ་སྒེག་ཡིན་སོང་།།


སེམས་པ་སྒོམ་ལ་བཞུགས་པའི་མི་ཚེ་རིང་མོ།།

ཆུང་འདྲིས་ཟླ་ཤེལ་དཀྱིལ་འཁོར་སེམས་སུ་གསལ་ལེར།།

བག་ཆགས་རང་གྲོལ་གཉུག་མའི་འདོད་པའི་རྩེད་ར།།

རྟག་པའི་རི་མོར་བཞེངས་པ་ལན་ཆགས་ཡིན་ནམ།།


ཚོར་བའི་རྒྱལ་ཁམས་འགྲིམས་པའི་ཟིན་བྲིས་རིང་མོ།།

དགའ་སྡུག་རེས་མོས་མི་ཚེའི་ལམ་བུ་ཡིན་སྐད།།

སེམས་པ་ཁྱོད་ལ་ཤོར་བའི་སྡུག་གི་ལན་ཆགས།།

མིག་ཆུས་རང་སེམས་བརླན་པའི་སྙན་ངག་ཡིན་ནོ།།

                            ཧོར༢༠༡༧/༤/༨ཉིན།




གཞོན་པ་འུ་ཚོ་ཉི་ཤུའི་ན་གཞོན་ཡིན་པ།

                                     

གཞོན་པ་འུ་ཚོ་ཉི་ཤུའི་སྣང་བ་རྒོད་པས།།

སེམས་ཀྱི་ཡིག་ཆུང་ཁྲོམ་པའི་དཀྱིལ་ལ་བྲིས་ཡོད།།

ཁྲོམ་པ་ཁྲ་ཁྲ་ཨ་ཁྲ་བ་ཁྲ་ཡིན་པས།།

བརྩེ་འདང་སྒྱུ་མའི་གར་ཞིག་ང་ཚོས་འཁྲབ་ཡོད།།


རྩེད་འདོད་བག་ཡོད་བསྟན་བཤིག་ཚ་བོ་ཡོད་ཀྱང་།།

གཞོན་པ་ལང་ཚོའི་སྟངས་སྟབས་གྲོང་ལ་ངོམས་ཡོད།།

གྲོང་ཁྱེར་ཆང་ཁང་དམར་བོའི་གློག་འོད་འཁྱུག་དུས།།

ཆང་ཕོར་ཁ་ནས་གསང་གཏམ་ཕྱི་ལ་ཤོར་སོང་།།


སྡེ་ཆེན་མྱི་ཁ་ཆེན་པོ་རླུང་ནག་འཚུབ་མ།།

གསང་གཏམ་ལོ་འདབ་སེར་བོ་གང་སར་སྤུར་ཟིན།།

ཉི་ཤུའི་གཞོན་པ་ངོ་སོ་དགུང་ལ་བསྟོད་པས།།

ལང་ཚོ་གས་ཆག་ཤོར་བའི་སྐྱོ་གཞས་འཐེན་བྱུང་།།


སྐྱོ་གཞས་དབྱངས་སུ་བཀུག་པའི་སེམས་ཚོར་གྱ་གྱུ།།

ཚོར་བ་སྦྲུམ་པའི་ཤོག་སྨྱུག་རྒྱུ་རུ་བབས་པས།།

སོར་བཅུ་འཁྱུག་པའི་དྭངས་གསལ་ཤོག་དཀར་ཐང་དུ།།

བརྩེ་དུང་རྒྱལ་ཁམས་འགྲིམས་པའི་ཟིན་བྲིས་བྲིས་ཡོད།།


གཞོན་པ་འུ་ཚོ་ཉི་ཤུའི་ན་གཞོན་ཡིན་པས།།

རྩེད་རྒོད་རྨི་ལམ་རིང་མོ་ཡང་ཡང་དཀྲོགས་མྱོང་།།

རྒྱུས་མེད་དྭ་ཕྲུག་མོད་པོ་མལ་སར་ལུས་ཡོད།།

རེ་ཐད་མཛའ་མོ་མང་བོ་མིག་ཆུས་བརླན་ཡོད།།


མཚན་གྱི་ལྷིང་འཇགས་བདེ་སྦྱོར་འཁུན་སྒྲས་དཀྲོགས་པས།།

ཟླ་བ་གཞོན་ནུ་སྨྲེང་བའི་སྤྲིན་གསེབ་ཡིབ་ཟིན།།

སྐར་འཚོགས་ཆ་རུ་སྡེབ་ནས་ཁྲུས་ལ་རོལ་དུས།།

གཞོན་པའི་ཨ་གསར་བློ་ཐུང་དགུང་དུ་མངོན་ཡོད།།


སྣང་བ་རྒོད་ལ་ཤོར་བ་སྨྱོ་རྟགས་ཡིན་ཡང་།།

གཞོན་པ་འུ་ཚོ་ཉི་ཤུའི་ན་གཞོན་ཡིན་པས།།

ནང་སེམས་གཅེར་བུ་ཕུད་པ་རང་སྣང་སྐྱིད་པོ།།

གཞོན་པ་འུ་ཚོའི་ཞེན་སྣང་བག་ཚ་ཞེད་པ།།


                       ༢༠༡༧/༣/༢ཉིན།



ཨ་ཕ་གང་ན་ཡོད། བརྩེ་བ་གང་དུ་གདའ།

                      

ནུ་ཞོ་འཐུང་བ་ཙམ་ལས་མི་ནུས་སྐབས།།

གཟུགས་ཕུང་ཆུང་ངུ་ཙམ་ལས་མེད་པའི་དུས།།

ལུས་ཀྱི་དྲོད་ཤ་གླན་ཙམ་ཡང་མེད་པའི།།

ཨ་ཕ་མ་ཤི་བྲལ་བ་གང་གི་ཕྱིར།།


ཆུང་ཆུང་བྱིས་བློའི་ཨ་ཕ་དཔའ་ཞིང་ངར།།

ཆུང་ཆུང་བྱིས་བློའི་ཨ་ཕ་མཐོ་ཞིང་བརྗིད།།

བདག་གི་ལས་ཀྱི་བསྐོས་པའི་ཕ་མིང་བ།།

ལྷད་མེད་བརྩེ་བའི་འཛུམ་དེ་གང་ན་ཡོད།།


ཆུང་དུས་རྩེད་ར་གྲུ་བཞི་བསྒྲིགས་པའི་ཁྲོད།།

ཆུང་དུས་ན་ཟླ་ཕ་འཛོམས་མ་འཛོམས་དུས།།

རྒྱབ་རི་ལྟ་བུའི་ཨ་ཕ་གང་ན་ཡོད།།

བུ་རམ་ལྟ་བུའི་མཛའ་བརྩེ་གང་དུ་གདའ།།


སེམས་ཅན་མྱི་ཁའི་མཆེ་སྡེར་རྒོད་པའི་དུས།།

ན་མཉམ་ཁྲོད་ནས་ངོ་སོ་ཉམས་པའི་དུས།།

སེམས་ཀྱི་རེ་བའི་ཕ་དེ་གང་ན་ཡོད།།

ང་ལ་འཁྲེང་སེམས་ཐེངས་གཅིག་ཤོར་རམ་ཀྱེ།།


ལྔ་རིག་ཤེས་བྱའི་དགའ་ཚལ་འགྲིམས་པའི་དུས།།

གསུམ་བཟུང་སློབ་མའི་ཆོ་ལོ་ཐོབ་པའི་ཚེ།།

བསྟོད་པའི་མཐེ་བོང་བསྒྲེངས་པ་ཙམ་ཡང་བྲལ།།

དཔེ་ཁུག་ལྟ་བུའི་ཨ་ཕ་གང་ན་ཡོད།།


པྲ་ཚགས་བྱིས་པའི་མཉམ་རྡུང་བྱེད་པའི་དུས།།

སྡུག་གི་མིག་ཆུ་ཤག་ཤག་བཞུར་བའི་སྐབས།།

ལོ་ལོ་མ་ངུ་ཨ་ཕའི་སེམས་པུ་ཞེས།།

ཨ་ཕ་མྱུར་བྱོན་མགོན་པོ་གང་ན་ཡོད།།


ཞིམ་མངར་ཀ་ར་ཟ་འདོད་སྐྱེས་པའི་སྐབས།།

སོ་སོའི་ཨ་ཕའི་གཏམ་རྒྱུད་གླེང་བའི་དུས།།

ཨ་ཕ་ཞེས་པའི་གཏམ་རྒྱུད་རིང་མོ་དེ།།

འཆད་མཁན་བདག་གི་ཨ་ཕ་གང་ན་ཡོད།།


རི་མཐའ་སྐོར་ནས་ལུག་རྫི་བྱེད་པའི་དུས།།

ཁྱི་སྡོམ་ཚོགས་ཀྱིས་ཁ་ཟས་དམིགས་པའི་ཚེ།།

དངངས་སྐྲག་ཁྲོད་ནས་སྐྱབས་ཤིག་གང་དུ་འཚོལ།།

མཚོན་སྲུང་ལྟ་བུའི་ཨ་ཕ་གང་ན་ཡོད།།


གཡུ་འབྲུག་རྒོད་པས་བློ་སྙིང་འཇོམས་པའི་དུས།།

བུ་ཡུག་འཚུབ་ནས་འབྱུང་བཞི་འཁྱགས་པའི་སྐབས།།

བུ་ལོ་ཟེར་བཞིན་སྙིང་ཁར་སྦྱར་བའི་ཕ།།

སྙིང་སྟོབས་ལྡན་པའི་ཕ་དེ་གང་དུ་ཡོད།།


གཞོན་དུས་རང་ལམ་གང་ཙམ་ནུས་པའི་སྐབས།།

ཕ་མེད་དྭ་ཕྲུག་ཅིག་གི་འཚོ་གནས་དུས།།

ཚེ་འདིར་ཨ་ཕའི་ཡིག་འབྲུ་བོར་བའི་དུས།།

ཡང་ཁྱོད་ཨ་ཕ་ཞེས་དེ་གང་ནས་བྱོན།།


ཆུང་ཆུང་བྱིས་བློ་གསལ་ཞིང་དྭངས་གཙང་ཆུ།།

ཆུང་ཆུང་བྱིས་བློ་གཉོམ་ཞིང་མཆི་མའི་མཚོ།།

ཆུང་ནས་བྲལ་བའི་ཕ་དེ་རྒྱང་རིང་མི།།

རྒྱང་རིང་མི་བུ་རྒྱང་ནས་རྒྱང་དུ་ཕྱིན།།


ང་ཡི་འཇིག་རྟེན་ཆུང་ཆུང་གོར་མོ་རྡོ།།

ང་ཡི་འཇིག་རྟེན་མིག་ཆུའི་མཚོ་མོ་ཞིག།

ཨ་ཕ་ཞེས་པའི་ཡིག་འབྲུ་རྫིག་པོ་འདི།།

ང་ཡི་འཇིག་རྟེན་ནང་དུ་ཡོད་མི་སྲིད།།


སླར་ཡང་བྱོན་པའི་མི་བུ་རྒྱུས་མེད་ཁྱོས།།

ང་ཡི་ཨ་ཕ་བཀླག་པ་རྨི་ལམ་གཞི།།

ཆུང་དུས་བརྩེ་ལྡན་ཨ་ཕ་གང་ན་ཡོད།།

རེ་སྒུག་ཁྲོད་ཀྱི་ཨ་ཕ་གང་ན་ཡོད།།


འཇིག་རྟེན་ཨ་ཕ་རེ་བའི་གཤིན་ས་ཡིན།།

འཇིག་རྟེན་ཨ་ཕ་འཇིག་རྟེན་བྱེད་པོ་ཡིན།།

ཕ་མེད་དྭ་ཕྲུག་མི་ཡི་མཐའ་མ་ཡིན།།

ས་སྟེང་དྭ་ཕྲུག་མི་བུ་ལྷག་མ་ཡིན།།


ང་ཡང་དྭ་ཕྲུག་ཡིན་པས་འཇིག་རྟེན་དུ།།

ཨ་ཕའི་བརྩེ་བ་འབྲི་བའི་སྙན་ངག་མེད།།

ཨ་ཕའི་གཏམ་རྒྱུད་གླེང་བའི་ཞལ་ལྕེ་མེད།།

ཨ་ཕ་ཨ་ཕ་སྡིགས་ཅན་ཐ་སྙད་ཅིག།


དེ་རིང་གཞོན་པའི་སྐྱེར་སྐར་རོལ་བའི་དུས།།

དེ་རིང་ཉི་ཤུའི་སྐྱེས་སྐར་བསུ་བའི་དུས།།

ཤར་མར་སོར་མོ་འཁྱུག་པའི་སྟངས་སྟབས་འདི།།

རང་གི་སྐྱེས་སྐར་རོལ་བའི་མྱོང་སྣང་ཡིན།


2017.7.3རང་གི་སྐྱེས་སྐར་ཙམ་ཡང་མི་ཤེས་པའི་ཨ་ཕ་དེར་འདི་ལྟར་བརྗོད་འདོད་བྱུང་བ་དང་སྒོས་སུ་ཕ་ཡུར་མི་ཆུ་བས་བཀའ་དྲིན་མཚོན་ཕྱིར་དུ་བེ་མིང་བས་ཤར་མར་དུ་རང་ཡུལ་ནས་བྲིས་པའོ།



མི་ཚེ་མི་རིང་མི་ཐུང་།

                           

མི་ཚེ་མི་རིང་མི་ཐུང་མི་ཁའི་མཚོ།།

མདུན་གྱི་རྐང་ལམ་གྱ་གྱུ་ཚེར་མའི་ལམ།།

དྲང་ཐིག་འཇལ་ནས་གང་ལ་ཕྱིན་ཡང་རུང་།།

གཞན་གྱི་ཁམས་ཕྱོགས་ཡོང་བ་དཀའ་མོ་རེད།།


མི་ཚེ་མི་རིང་མི་ཐུང་སྐར་མདའ་འདྲ།།

ན་རྒས་གོ་རིམ་མིག་ཟུང་ལྡེབ་དབང་ཙམ།།

མགོ་བོ་རང་སར་བཞག་པའི་ཞི་དུལ་ཡང་།།

སྡེ་བའི་མི་ཁ་མི་ལྷུང་དཀའ་མོ་རེད།།


མི་ཚེ་མི་རིང་མི་ཐུང་མུན་པའི་ལམ།།

བཟང་བརྫུ་བྱེད་པ་ཀུན་གྱིས་མཆོག་ལ་བཀུར།།

ཉམས་ཆུང་ཚུལ་མཐུན་གཅེས་པར་འཚོ་ན་ཡང་།།

དུས་ཀུན་སྐྱོན་འཚང་མི་དྲི་དཀའ་མོ་རེད།།


མི་ཚེ་མི་རུང་མི་ཐུང་རྩེད་ར་ཞིག།

ཚུལ་འཚོས་གཡོ་ལྡན་བཟང་བོའི་དཔའ་དར་འཐེན།།

བློ་ལྡན་མཁས་པ་བག་ཡོད་ཚུལ་མཐུན་ཡང་།།

མ་ཉེས་ཁག་འགེལ་མི་ཡོང་དཀའ་མོ་རེད།།


མི་ཚེ་མི་རུང་མི་ཐུང་རྨི་ལམ་བཞིན།།

ནོམ་ཆེན་ཕྱུག་བདག་ཀུན་གྱིས་སྐྱབས་སུ་མཆོད།།

ཅང་མེད་དམར་བོའི་དཔུང་སྡེ་དགེ་འདུན་མཆོག།

སྐྱབས་གནས་ལེགས་པར་ལྟ་བ་དཀའ་མོ་རེད།།

              ཧོར2017.3.18ཉིན་རང་ཡུལ་དུ།


དྲན་པ་ཚིག་ལ་བསྟར་བ།

                              

མུན་པའི་ཡོལ་བ་འཐེན་པའི་སྒེའུ་ཁུང་གི་འགྲམ་དུ།།

རྟག་པར་དྲན་པའི་ཕྱིར་མིག་ཧིན་དུ་ལ་འཁྲེང་བས།།

མིག་ཆུ་རུམ་ལ་སྦས་པའི་གནས་ཡུལ་གྱི་བུ་མོའི།།

བརྩེ་འདང་བཅོས་མའི་མཛའ་བོར་ཁྲེལ་དགོད་ཅིག་ཤོར་སོང་།།


ལས་དབང་བསམ་ནག་ཨེ་ཡིན་སེམས་སོང་གི་ཟླ་གཞོན།།

ཁ་ཐག་རི་ཆུ་སྟོང་གི་བར་ཐག་དེ་ཆོད་པས།།

གསང་གཏམ་སྙིང་གི་གཏམ་ཐུན་ཨེན་ཙམ་ཞིག་གླེང་བ།།

གནས་ཁང་འུག་པའི་ཚོགས་ཀྱིས་ས་བདག་ལ་བསྒྲོགས་སོང་།།


ཤུ་རེ་བསྐྱོད་པ་མི་ངལ་གཤོག་ཟུང་རེ་མཆིས་ན།།

ཧི་མའི་འདབས་སུ་བརྟན་བཞུགས་ཞུ་འཕྲིན་འདི་འབུལ་ཡོང་།།

གནས་ཁྱིམ་བདག་པོའི་མི་ཐེག་གཉའ་ཤིང་འདི་ལྕི་བས།།

ཨམ་ཚུགས་བསྡམས་ནས་གནས་འགྲོ་མི་འདུག་རང་ག་མེད།།


རེ་སྒུག་ཉིན་མཚན་འཁོར་མོ་མིག་ཆུ་ཡི་བརླན་པས།།

སུན་སྣང་མཛུབ་མོ་ཀེར་ནས་སྐར་འཚོགས་ལ་གཞིགས་ཡོད།།

དྲན་པ་དགུ་ཚིགས་སྐྱ་མོ་མཐའ་ཡས་ལ་དཔག་པས།།

སྤྲིན་ནག་ཕུང་བོོའི་མུན་པ་ཡང་བསྐྱར་དུ་འཐེན་བྱུང་།།

                     ཧོར2017.3.21ཉིན་ནམ་ཕྱེད་དུ།


ཨ་མཚར་རོ།

                               

འཇིག་རྟེན་མི་ཡི་ཚོགས་འདི་ཨ་མཚར་ཨང་།།

གྲྭ་རྐྱང་སྣང་བསོར་རྩེད་ལ་སྤྲོ་བ་ཡང་།།

བསྟན་བཤིག་བསྟན་དགྲ་ཟེར་ནས་ཀུན་པོ་འཁུམས།།

ཡུལ་ལུང་འཁྱམ་པོ་བུ་མོ་སྣ་ནག་མ།།

མཛེས་མ་ལྷ་མོ་ཟེར་ནས་ཡོད་ཚད་བརྒྱུགས།

བཟང་ངན་གོ་ལོག་སྨོད་པ་མི་མཚར་རམ།།


འཇིག་རྟེན་སྲིད་པའི་ལུགས་འདི་ཨ་མཚར་ཨང་།།

རས་གཟན་རླུང་ལ་སྤུར་བའི་བསམ་གཏན་པ།།

མགོ་རིལ་ལྟོ་ཆེ་ཟེར་ནས་རིང་དུ་གྱེས།།

བུད་མེད་གཅེར་བུ་འཕུང་འདྲེ་གྱོད་ཁ་མ།།

སྙིང་སྡུག་དགའ་རོགས་ཟེར་ནས་མགོ་བོ་བསྙེས།།

བསྙེན་བཀུར་ལུགས་ལྡོག་བྱེད་པ་མི་མཚར་རམ།།


དེང་གི་སྤྱི་ཚོགས་ཁྲ་ཁྲ་ཨ་མཚང་ཨང་།།

ལམ་སྟོན་དགེ་བའི་བཤེས་གཉེན་བཟང་བོ་ལ།།

ཚུལ་འཚོས་བཟང་བརྫུ་ཟེར་ནས་རྡོག་པས་བརྫིས།།

བླུན་པོ་ཁ་མཁས་གཡོ་ཅན་བཟང་བརྫུ་མཁན།།

ཆེན་པོ་ཆེན་མོ་ཟེར་ནས་ལྡག་ལ་ཁད།།

གོ་ནོར་ལེགས་ཉེས་འབྱེད་པ་མི་མཚར་རམ།།


མི་ཡུལ་འཁོར་གསུམ་ལུང་བ་ཨ་མཚར་ཨང་།།

ཚེ་ཡི་རྟེན་ཕུར་གླེགས་བམ་རིང་དུ་དོར།།

འགོང་བོ་ཀུ་ཤུ་ཁ་པར་མལ་དུ་བསྟེན།།

མི་ཡུལ་རྩེད་ར་རོལ་རྩེད་ཁོ་ན་འཁྲབ།།

མི་ཚེ་བག་མེད་རྩེད་འཇོའི་ཁྲོད་དུ་འདས།།

དོན་མེད་མི་ཚེ་ཚར་བ་མི་མཚར་རམ།།

                   ཧོར2017.3.20ཉིན


སྐད་ཅིག་སྤྲིངས་པ།

                                     

ཤག་ཤག་བཞུར་བའི་ཆུ་བོའི་གཞུང་ལ།།

དྲན་པའི་རྟེན་ཞིག་ཁྱོད་ལ་བསྐུར་ཡོད།།

འཁྱགས་རླུང་རྒོད་པོའི་བར་ཆད་མེད་ན།།

ཡར་ཀླུང་མདོ་ལ་འཕྲིན་དེ་འབྱོར་ཡོང་།།


ཆ་རུ་རྩེན་པའི་ངང་བ་སེར་ལོར།།

གསང་གཏམ་ཚིག་གསུམ་ཁྱོད་ལ་བསྐུར་ཡོད།།

ངང་ཆུང་མཚོ་ལ་འཆག་པ་མེད་ན།།

དམར་བོ་སྒང་ལ་སྐད་དེ་འབྱོར་ཡོང་།།


དབུས་ལ་ཕེབས་པའི་འགྲུལ་བ་ཞིག་ལ།།

ཨ་མའི་རེ་འདུན་ལེགས་པར་ཞུས་ཡོད།།

འགྲུལ་བའི་རྐང་ལམ་བདེ་བོ་ཡིན་ན།།

ཧི་མའི་འདབས་ནས་ཁྱོད་ཀྱི་གསན་ཡོང་།།


གླིང་བཞི་བསྐོར་བའི་ཟླ་བ་དཀར་བོར།།

ཕ་ཁྱིམ་སྨུག་པོའི་ཕྱི་ནང་གླེང་ཡོད།།

སྤྲིན་ནག་འཐིབ་པའི་གདོན་བགེགས་མེད་ན།།

གོ་ལའི་ཁྱོན་ལ་གཏམ་དེ་མཆེད་ཡོང་།།

               ༢༠༡༧/༣/༥ཉིན་རྨ་ཉིན་བཀྲ་ཤིས་འཁྱིལ་དུ་སྦྱར།



        མེ་ཏོག་རློན་པ་ཞིག


མེ་ཏོག་ཁྲ་ལེར་བཞད་པའི་དབྱར་གཞུང་དེར།།

ཁྱོད་ནི་མེ་ཏོག་ཅིག་གི་དོད་དུ་འཛུམ།།

ལང་ཚོའི་མེ་ཏོག་རྒྱས་པའི་ལོ་ཟླ་དེར།།

ཉི་ཟླ་ཁོ་ན་ཁྱོད་ཀྱི་རྩེད་རོགས་ཡིན།།


འདོད་ལྡན་དག་གིས་སྨོན་པ་ཁྱོད་ལ་འཁྲེང་།།

གཡོ་ཅན་རྣམས་ཀྱིས་བཟང་བརྫུ་ཁྱོད་ལ་འཁྲབ།།

ཁྱོད་ཞལ་ཆུ་ཤེལ་ཟླ་བར་རྐང་ལ་འཇོག།

སྐར་འཚོགས་ཁོ་ན་ཚེ་ཡི་བདག་པོར་གཅེས།།


ཁྱོད་ནི་ཨུ་དུམ་ཝ་རའི་མེ་ཏོག་བཞིན།།

ཡུལ་གྱི་རི་ལུང་ཀུན་ཏུ་ཁྱོད་རང་གླེང་།།

དུས་དེར་ཁྱོད་ཀྱི་གྲགས་པ་ཁྱོན་ནས་འབར།།

དུས་དེར་ཁྱོད་ཀྱི་སྣང་བ་དགུང་དང་མཉམ།།


ལོ་དང་ཟླ་བའི་འཁོར་བསྐྱོད་སྐད་ཅིག་ཙམ།།

སློབ་རྭའི་དགའ་ཚལ་ལང་ཚོའི་གཤེད་མར་གྱུར།།

མེ་ཏོག་སད་ཀྱི་བཅོམ་པའི་སང་ཞོགས་སུ།།

ཁྱོད་ཀྱི་སྣང་བ་ཞི་བའི་དབྱིངས་སུ་འཇགས།།


སྒེག་ལྡན་ལྷ་མོ་གཟུགས་མཛེས་ལུས་ཕྲ་མ།།

དུས་དེར་ཁྱོད་ཀྱི་ལང་ཚོའི་གཞོན་ཤ་རྒྱས།།

ཁོས་ཀྱང་དབང་ཕྱོགས་ལན་བརྒྱར་ཁྱོད་སར་ཤོར།།

དེས་ཀྱང་ལྐོག་ཏུ་ཁྱོད་རང་ལན་བརྒྱར་བསྒོམས།།


མ་ཎི་ལྟ་བུར་ཁྱོད་ཉིད་བཟློ་བ་མང་།།

དུས་དེར་ཁྱོད་ནི་མེ་ཏོག་རློན་པ་ཞིག།

དེང་འདིར་ལང་ཚོ་འགྲིབ་པའི་ལོ་ཟླ་འདིར།།

ཁྱོད་རང་བཟླ་བ་ང་ལས་སུ་ཞིག་གདའ།།


གཟུགས་དང་ལང་ཚོ་སྟོན་ཀའི་མེ་ཏོག་བཞིན།།

ཁྱོད་ཀྱི་ལང་ཚོའི་སྟངས་སྟབས་འཁྱ་མ་འཁྱོར།།

གཞོན་པའི་སྣང་བ་སྟོང་འདང་རྨི་ལམ་བཞིན།།

སེམས་ཀྱི་རྨི་ལམ་རིང་མོ་སྐད་ཅིག་ཉིད།


དེ་རིང་ཚོར་བའི་སྐྱེན་པོའི་གློ་རྡེག་ཏུ།།

བརྗོད་འདོད་སྐད་ཀྱི་ང་རོ་དབྱངས་སུ་དྲངས།།

འདས་སོང་གཞོན་པའི་ལོ་ཟླ་ཕྱིར་དྲན་ཞིག།

ཤོག་སྨྱུག་ཟད་པའི་རྒྱུ་རུ་ཐོལ་གྱིས་བྲིས།།


ཧོར༢༠༡༧/༡/༡༠ཉིན་ཚོར་བ་སྐྱེན་པོ་དེའི་སླད་དུ་གློ་རྡེག་ཏུ་བྲིས་པ།



སྙན་ངག་པའི་མཚན་མོ


སྙན་ངག་པའི་མཚན་མོ

ཚོད་ཚོད་ལ་ངུས་ཆོག་ལ ཚོད་ཚོད་ལ་དགོད་ཆོག་པའི

མཚན་མོ་འདི་གཅེར་གཟུགས་ཀྱི་འཇིག་རྟེན་ཆུང་ངུ་ཆུང་ཆུང་ཞིག

མཚན་མོ་འདིར་སྙན་ངག་པ་ཚོ་གཅེར་བུ་ཡིན།

ཁོང་ཚོས་མི་སྒེར་སོ་སོ་ནས་ནང་སེམས་གཅེར་བུ་ཕུད་ཡོད།


སྙན་ངག་པའི་མཚན་མོ

ཀ་ར་དང་བཏུང་བྱའི་སྡེར་ཁ་མི་དགོ

རྟ་རྒྱུགས་དང་སྐོར་བྲོའི་དགའ་སྟོན་མི་མཁོ།

དུས་ཚོད་ཐུང་ཐུང་འདི་ལ།

ང་ཚོས་གོ་ལ་ཟླུམ་པོ་སྨྱུག་རྩེ་ནས་བཞེངས་ངེས།


སྙན་ངག་པའི་མཚན་མོ།

མི་རྐྱང་སྨྱོན་པ་ཚོས

རྨི་ལམ་དཀར་བོ་ཞིག


སྙན་ངག་པའི་མཚན་མོ

བྲན་གཡོག་་ཚོའི་མགོ་བོ་དགྱེ་བའི་སྐར་ཆ་ཐུང་ངུ་ཐུང་ངུ་ཞིག



ང་དང་གཞོན་པའི་སྟོབས་ཚང་།

                          


གཞོན་སྟོབས་ཚང་།

ན་གཞོན་ཞེས་པའི་ཡིག་འབྲུ་དེར་དམ་པོར་འཁྱུད་ནས།

ཕུགས་བསམ་དེའི་ཕྱིར་དུ། རེ་འདུན་དེའི་སླད་དུ།

གཞོན་སྟོབས་ཞེས་པའི་སྤོབས་པ་དེར་ཤེད་ཀྱིས་འཇུས་ཏེ།

སྙན་ངག་པའི་སྡེ་ཆེན་མོ་དེར་ལམ་ལ་ཆས་ཟིན།


གཞོན་སྟོབས་ཚང་།

བརྩེ་འདང་ཅེས་པའི་མིང་ཡིག་སྙན་མོ་ཞིག་རུམ་ནས།

མ་འོངས་ཞེས་པའི་རྒྱང་རིང་དེར་སེམས་པ་བསྙེས་ཏེ།

ཚེ་གྲོགས་སྙིང་ཉེ་མ་ཁྱེད།

ངའི་ཡ་ཆུང་གི་སྲུབ་ཀར་ཟུག་སོང་།


གཞོན་སྟོབས་ཚང་།

བཞུད་ཟིན་པའི་ཉིན་ཞག་རེ་རེར་གཞིགས་ན།

ངར་ཅི་ཡང་མེད་པའི་ཁེར་རྐྱང་གི་འཚོ་བར།

ཁྱོད་ཁོ་ན་ངའི་རུང་རྐང་གི་གླིང་བུ་དཀྲོལ་མཁན་དེ་ཡིན།


གཞོན་སྟོབས་ཚང་།

གལ་ཏེ་ཁྱེད་ནི་རེ་བ་དང་ཡིད་ཆེས་ཀྱི་ཕྱུག་པའི་མཚོ་མོ་དེ་ཡིན་ན།

ང་ནམ་ཡང་ཁྱེད་ཀྱི་རྣམ་ཤེས་དང་ཆེས་ཉེ་ས་ན་ལུས་པའི་འབུ་སྲིན་ཕྲ་མོ་དེ་བྱས་ཆོག་ལ།

ཁྱེད་ཀྱི་མིང་བྱང་ལ་འཁྱུད་པའི་ཞེན་ཆགས་ཆེ་བའི་ཉ་མོ་དེ་ཡིན་ཡང་ཆོག

གང་ལྟར་ངའི་འཇིག་རྟེན་ཁོ་ནར་ཁྱེད་མེད་དུ་མི་རུང་།


གཞོན་སྟོབས་ཚང་།

ཁྱེད་ནི་བཀླགས་མི་ཚར་བའི་གླེགས་བམ་ཚིལ་དྲགས་ཅན་དེ་ཡིན་ཆོག་ལ།

ཁྱེད་ནི་བྲིས་མི་ཚར་བའི་གཏམ་རྒྱུད་རིང་མོ་དེ་ཡང་ཡིན་ཆོག


གཞོན་སྟོབས་ཚང་།

དོ་ནུབ། ངས་ཕ་ཡུལ་ནས་གླེང་རང་བཀླགས་བཞིན་ཡོད།

དོ་ནུབ། ངས་རུང་རྐང་ནས་ཁྱེད་རང་གྱེར་བཞིན་ཡོད་ཨང་།


གཞོན་སྟོབས་ཚང་།

ཁོ་བོ་ཅག་གི་རྨི་ལམ་ལ་གཤོག་ཟུང་བསྩལ་བའི་དཔག་བསམ་ལྗོན་པ།

ཁྱེད་ཀྱི་དོ་ནུབ་ང་རང་དྲན་སྲིད་དམ།

ཁོ་བོའི་མངར་བསྐྱུར་གྱི་མནོ་བསམ་ཁྱོད་ཀྱི་སྙིང་ལ་བརྐོས་ཡོད།

ཁོ་བོའི་ཤེས་རབ་ཀྱི་སྙུག་རྩེ་ཁྱོད་ཀྱི་གདོང་ལ་གཏད་ཡོད།


གཞོན་སྟོབས་ཚང་།

ཁོ་བོའི་སྙན་ཚིག་གི་མེ་ཏོག་ཁྱེད་ལ་འབུལ་ངེས།

ཁོ་བོའི་ཤོག་སྨྱུག་གི་སྡེར་ཆེན་ཁྱེད་ལ་མཆོད་ངེས།

ཁོ་བོའི་ལང་ཚོ་དང་རེ་འདུན་རེབ་གཅིག་ཏུ།

ཁྱེད་ཀྱི་ཟུངས་ཁྲག་ལ་བརྒྱུས་པའི་སྨོན་ལམ་རྒྱག


གཞོན་པའི་སྟོབས་ཚང་།



ཧོར༢༠༡༧/༦/༨ཉིན་གཞོན་སྟོབས་ཚང་གི་སྐབས་གསུམ་པའི་འདུ་འཛོམས་ལ་གུས་ཕུལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41280075
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1