ཁྱེད་རང་དྲན་སྟངས་ཤིག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཁྱེད་རང་དྲན་སྟངས་ཤིག
ཁྱེད་རང་དྲན་སྟངས་ཤིག
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/10/8ལྟ་ཀློག (2492)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁྱེད་རང་དྲན་སྟངས་ཤིག

 _______B

རྫ་སྨྱུག

     ལོ་ཟླའི་འགྲོས་ནས་བསྟུན་ནས་ང་རང་གཅིག་པུར་ས་ནག་གི་སྒལ་གཞུང་དུ་ཉུལ་བ་ཧ་ཅང་འཇིགས་ཤིང་སྨྲེང་བས་ངས་ཁྱོད་ལ་སྙན་ངག་འཛད་མེད་ཅིག་འབྲི་འདོད་སྐྱེས་ཀྱང་འཁྱག་རླུང་གསེབ་ཏུ་བཀྲེས་སྐོམ་གྱི་གདུང་བ་ལས་ཅི་ཡང་མེད་པས་བརྟུལ་ཞུགས་སུ་མི་གནས་ཀ་མེད་བྱུང་།  ཐ་ན་སེམས་གཏམ་ལྷུག་པོར་བཤད་སའི་བར་སྟོང་ཞིག་ཀྱང་མི་འདུག

    ཐོད་རྒལ་གྱི་མི་ཚེ་འདིར་གྲིབ་གཟུགས་འཆར་བའི་མེ་ལོང་བཞིན་ཕྱི་དོར་གྲངས་མེད་ཅིག་བྱས་པས་ངས་ངང་ཐུང་དང་ཨུ་ཚུགས་ཀྱིས་ཉེ་རིང་ཆགས་སྡང་བསལ་པའི་གློ་རྡེག་གི་སྐད་ཆ་ཞིག་བཤད་འདོད་ཀྱང་གྱེས་བྲལ་གྱི་རི་མོ་དཀར་དམར་དེ་ཞེན་ཆགས་སུ་བསྡུས་པ་ལས་ཅི་ཡང་མེད་པས་ང་ལ་ཕྱིར་དྲན་གྱི་རྨི་ལམ་ཁེར་མ་ཞིག་ལས་མིག་མཐའ་རུ་ལྷུང་བའི་ཆུ་ཐིགས་དེར་རང་ལ་དབང་བ་མི་འདུག

    ང་རང་མཚན་འཇགས་ཀྱི་བྱེའུ་ཁེར་མ་བཞིན་བཟོ་ལྟ་ཧ་ཅང་ཡག་པའི་འཁོར་བ་དེར་འཁོར་ནས་ཁྱེད་ཀྱི་ཆེད་དུ་ལྡོག་འདྲི་ཡང་ཡང་ཞུས་པས་ངས་སེམས་ཀྱི་སྐྱོར་ཡ་ཞེས་ཐེངས་མང་བོས་ཀྱང་ངའི་སྙིང་ཁར་གྲི་ཡིས་བསྣུན་པ་ལྟ་བུ་ལས་ཅི་ཡང་མེད་པས་སྡུག་ཡས་ཀྱི་དབྱངས་རྟ་ཆག་རོ་དཀྲོལ་བ་ལྟར་ཆ་མེད་རྒྱུས་མེད་ཀྱི་བས་མཐའི་གྲོང་དུ་མི་བསྐྱལ་རོགས།

     ལོ་ཟླའི་བཞུད་ལམ་ནི་མིག་ཟུང་གི་ལྡེམ་འགྲོས་ཤིག་ལས་མེད་པས་ཧ་ཅང་མྱུར་ལ་ཧ་ཅང་ཐང་ཆད་པ་ཞིག་ཡིན་ནའང་ཁྱེད་རང་བཞུད་ཤུལ་ན་སད་རླུང་གི་ཙག་ངར་གྱིས་བཅུན་པའི་དྲན་པ་ལྷག་མ་ཞིག་ཡོད་པས་ཨམ་བཙིགས་བསྡམས་པ་ལྟར་རང་སེམས་སྐྱ་བོ་དེར་དུས་བཞི་འཁོར་བསྐྱོད་བར་ནས་སྡོམ་གྱིན་འདུག

    ལྷག་ཏུ་རེས་སྐྱིད་རེས་སྡུག་ནི་འཁོར་བའི་རྩ་བ་ཞིག་ཡིན་མོད་ཁྱེད་རང་སོང་ཤུལ་ན་རེས་སྡུག་ལས་སྒེའུ་མིག་ཏུ་གསལ་པའི་སྐྱིད་ཉི་མའི་འོད་ཟེར་ཞིག་ནམ་ཡང་འཕྲོ་མ་ནུས་ལ་ནམ་ཡང་འཆར་མ་ཐུབ།  སྐབས་རེར་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ན་ཚོར་བའི་བར་སྟོང་ནས་ལྷོད་ཀྱིས་བཞུར་བའི་དྲན་པ་དེ་མཛེས་སྡུག་ཅིག་དང་བདེ་སྐྱིད་ཅིག་གཏན་ནས་མ་ཡིན་ལ་སྐྱོ་སྣང་ཞིག་དང་ཞེ་སེམས་སྦྲིད་པའི་སྡུག་བསྔལ་ལྷག་མ་ཞིག་རེད་འདུག འདི་ལྟར་བཤད་དུས་ན་དགའ་སྐྱོ་ཆགས་སྡང་ལ་འགྲེལ་བཤད་གཏིང་ཟབ་ཅིག་རྒྱག་ཏུ་མེད་ལ་རྒྱག་པའི་རིན་ཐང་ཡང་ཡེ་ནས་མེད་པར་འདུག  ལྷག་ཏུ་མཚར་སྡུག་གིས་བཞེངས་བའི་རྨི་ལམ་འཕྲོ་མ་དེ་གཡང་གཟར་བའི་ངམ་གྲོག་ལས་བབས་པའི་གཙང་བོ་ལྟར་ཡིད་འཛིན་གྱི་ཚོར་ཤེས་ངོར་རྒྱུན་དུ་བབས་ལ་རྟག་ཏུ་བྲན།

     ལོ་ཟླའི་སྟེབ་ཁུག་རེ་རེ་ན་བདག་གི་མི་ཚེའི་ཡང་སྙིང་དམ་པ་དེར་བཙལ་ཆོག་མོད་ཁྱོད་ཉིད་ཀྱི་རྗེས་ཤུལ་སྐྱ་བོ་དེར་ལག་པས་ལན་གཅིག་ཙམ་ཡང་རག་ཏུ་མེད་པས་མི་ཚེ་ནི་ཁ་དོག་དང་བྲལ་བའི་སྐྱ་ཉིལ་ལེ་བའི་རྣམ་པ་ཙམ་ལས་མཛེས་སྡུག་གིས་བསྐྲུན་པའི་ཡང་སྙིང་ཅན་ཞིག་གང་དུ་འདུག

    འདི་ལྟར་ཞིབ་འདང་ཞིག་རྒྱབ་ཚེ་ཉིན་མཚན་ལྟོས་མེད་དུ་ཁྱེད་ཀྱི་གྲིབ་གཟུགས་ལ་ཕྱོགས་པ་མང་དྲག་པ་དང་ཁྱེད་ཀྱི་རོལ་དབྱངས་ལ་ཉན་པ་མང་དྲག་པས་དབང་རྩ་སྦྲིད་པའི་གཏམ་རྒྱུད་ཅིག་འདི་ནས་བྱུང་མྱོང་ལ་འགྲེ་ལོག་གི་བར་གསེང་ནས་ཡིད་སེམས་བཟི་བའི་རྨི་ལམ་ཞིག་ཀྱང་འདི་ནས་ཐེངས་མང་པོར་རྨིས་མྱོང་།

    ནམ་ནམ་ཞར་ཞར་ལ་ལེའུ་ཚན་འདི་ལྟར་བགོ་བཤའ་རྒྱག་དོན་ནི་ཕུགས་བསམ་མངོན་གྱུར་གྱི་ཆེད་དུ་མ་ཡིན་ལ་བློ་ཕམ་དང་རེ་ཆད་གྱི་དོན་དུ་བསྔོས་པ་མ་ཡིན་ཡང་ཕན་ཚུན་བར་ཐག་ཅི་ཙམ་རིང་ན་རྨི་ལམ་ཞིག་གི་གཏིང་རུམ་ན་ཟུག་པའི་ལས་དབང་ཞིག་གི་དཔྱང་ཐག་ལ་བརྒྱུས་པའི་དུས་རྟག་ཏུ་མི་སེམས་ལ་གླན་པའི་བརྗེད་མི་ཚུགས་པའི་དྲན་གདུང་དེའི་ཆེད་དུ་ཡིན་ལ།  སྐབས་རེར་དྲན་པ་ནི་མཛེས་སྡུག་གི་གྲུབ་སྟངས་ཤིག་ཀྱང་རེད་ལན་རེར་དྲན་པ་ནི་སྡུག་བསྔལ་དང་མིག་ཆུ་ཡིས་གྲུབ་པ་ཞིག་ཀྱང་རེད།  མདོར་ན་མི་སེམས་ནི་དྲན་པས་ཁ་ལོ་བསྒྱུར་ཐུབ་ལ་དྲན་པས་ཁྱོད་ལ་བདེ་སྐྱིད་མི་སྟེར་བའི་ངེས་པ་མེད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41333685
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1