གཏམ་ཅི་ལབ་ཀྱང་དང་པོར་རང་ཚུལ་ལའང་ཐུགས་བསམ་རེ་གལ་མི་ཆེའམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »གཏམ་ཅི་ལབ་ཀྱང་དང་པོར་རང་ཚུལ་ལའང་ཐུགས་བསམ་རེ་གལ་མི་ཆེའམ།
གཏམ་ཅི་ལབ་ཀྱང་དང་པོར་རང་ཚུལ་ལའང་ཐུགས་བསམ་རེ་གལ་མི་ཆེའམ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/10/22ལྟ་ཀློག (2263)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གཏམ་ཅི་ལབ་ཀྱང་དང་པོར་རང་ཚུལ་ལའང་ཐུགས་བསམ་རེ་གལ་མི་ཆེའམ།

      སྦྲང་ཆུང་སྐྱག་མཐའ་ལ་བསྐོར་ཙམ་ནས་རང་རློམ་ལ་ངར་ཤུགས་ཚོད་མེད་དུ་འཕེལ་ཏེ་ཁྱུང་ཆེན་གྱི་གཤོག་འགྱུར་གནམ་མཐའ་ལ་བསྒྱུར་པར་དོན་མེད་པའི་ཐེ་ཚོམ་དང་སྡིག་དམོད་རབ་ཏུ་སྐྱུང་བར་རིགས་ལ། ཁྲོན་མཐིལ་གྱི་སྦལ་བས་ཁྲོན་ཁའི་རྒྱ་ཁྱོན་ལ་འཁྲུལ་ནས་གནམ་མཐའ་གནམ་གྱི་སྟོང་ཆེན་མོའི་འཇིག་རྟེན་གྱི་ལྟད་མོ་ལ་སྒྲོ་འདོགས་དང་སྐུར་འདེབས་ཀྱང་ཀུན་ཏུ་སྤོང་བར་འོས་ཤིང་། བསླབ་པའི་བྱིས་པ་ཆུ་ཐིགས་ཀྱི་རྡོག་པ་ལས་མེད་པས་ལྔ་རིག་རྒྱ་མཚོའི་ཟབ་ཡངས་དང་རྒྱ་ཁྱོན་ལ་ཅོ་འདྲི་དང་མཐོང་ཆུང་གི་ངལ་བའང་ལེགས་པར་འདོར་བར་གལ་ཆེ་སྟེ། ང་ཚོས་མ་མཐོང་བ་དང་མ་ཐོས་པའི་ཤེས་བྱའི་རྣམ་དབྱེ་དང་། བོང་བུ་མ་སོང་བ་དང་མ་བརྒྱུད་པའི་འབའ་འབུར་འགག་འཕྲང་། ས་འབུ་ནག་རིང་མ་ཐོན་པ་དང་མ་ཐེག་པའི་ལ་ལུང་ཁུར་ལྕི་སོགས་འཇིག་རྟེན་འདི་ན་གྲངས་ཀྱིས་མི་ཟིན་པ་འདུག་པས། བག་ཡོད་པར་མཛོད་ལ་གདོང་སྐྱི་སྲབ་པར་གྱིས་དང་རང་བློ་ཁབ་ཀྱི་བུ་ག་ལ་ཐམས་ཅད་མཁྱེན་པའི་ང་རྒྱལ་གནམ་དུ་མི་ཤོང་བས་གང་དྲན་ལབ་བརྡོལ་གྱི་གཏམ་དང་ལེགས་ཉེས་བཟང་ངན་གྱི་མཐའ་སྡོམ་དག་འགོད་པར་རྔམ་ག་ལ་རུང་ཨང་།

ང་ཚོས་སྟོན་པ་བཅོམ་ལྡན་འདས་ཤོབ་མཁན་རེད་ཟེར་ཀྱང་ཆོག ཡིན་ནའང་ད་ལྟའི་དུས་ཙམ་ལའང་ཁམས་དང་མོས་པ་དབང་པོ་མི་གཅིག་པའི་མཁས་བླུན་སྐྱེ་བོ་དུང་ཕྱུར་གསུམ་ལྷག་གིས་སྔར་བཞིན་བཅོམ་ལྡན་ཁྱོད་ཀྱིས་ཅི་གསུངས་བཀའ་སློབ་སྤྱི་བོས་བཀུར་ཞིང་སློབ་གཉེར་གྱི་མཐུ་ལས་ཁྱོད་ཀྱི་བདེན་པ་ལ་བདེན་པར་ར་སྤྲོད། ང་ཚོས་མི་ལ་རས་པ་སྡུག་གྱོང་ལན་ཆགས་ཆེ་འདོད་ཀྱང་ཆོག རི་ཀླུང་ནགས་ཚལ། ཆུ་སྒྲ་དང་བྱེའུ་སྒྲ་སོགས་ཁོར་ཡུག་གི་མཛེས་པ་མཐའ་དག་ཉམས་རྟོགས་ཀྱི་དྲོད་དུ་འཁྱེར་ནས་དགའ་སྣང་ཟད་མི་ཤེས་པས་མགུར་དང་མགུར་གླུའི་བང་མཛོད་བཞེངས། ང་ཚོས་ས་སྐྱ་པཎ་ཆེན་མཁས་པ་མ་རེད་ཟེར་ཀྱང་ཆོག ཡིན་ནའང་ས་པཎ་གྱིས་རིག་གནས་ཆེ་ཆུང་བཅུ་བོར་རྣམ་གཞག་མཛད་ཅིང་འཆད་ཉན་གྱི་སྒོ་ཕེར་ཡངས་པོར་ཕྱེས་པས་ལྔ་རིག་སྣང་བྱེད་ཉི་མ་ཞེས་གངས་རིའི་མཁས་པ་རྣམས་ཀྱིས་ཁྱོད་ལ་ཆོ་ལོ་འདི་ལྟར་བསྩལ། ང་ཚོས་རྗེ་ཙོང་ཁ་བས་སྙན་ངག་མི་ཤེས་ཟེར་ཀྱང་ཆོག ཡིན་ནའང་བསྟོད་ཆེན་བཞི་སོགས་ཕྱག་རྩོམ་དག་གི་ཚིག་འབྲུ་རེ་རེའི་སྲོག་ལ་དབྱངས་ཅན་རྒྱུད་སྐུད་ཀྱི་དབྱངས་རྟ་སྙན་ལྷང་ངེར་ཞུགས་པས་ཐེངས་བརྒྱ་བཀླགས་ཀྱང་སྨྲ་ལྕེ་དང་ཡིད་སེམས་ལ་བདེ་དགའ་ཡི་དངོས་གྲུབ་རྒྱུན་མི་ཆད་ཅེས་སྙན་ངག་མཁས་པ་རྣམས་ཀྱིས་ཀྱང་དེ་ལྟར་བཀུར། ང་ཚོས་ཨ་ལགས་དོར་ཞི་ཉེས་ཅན་རེད་སྙམ་ཡང་ཆོག    ཡིན་ནའང་ཉེ་དུས་ཀྱི་བོད་གངས་རིའི་སློབ་གསོ་སྤྱི་དང་། ལྷག་པར་ཕྱི་རོལ་སྨྲ་བ་ངན་པ་མང་པོས་རང་རེའི་རིག་གནས་ལོ་རྒྱུས་དང་བཅས་པར་ལོག་འགྲེལ་འདམ་རྫབ་ཀྱི་དྲི་མས་ཅི་མི་སྙམ་པར་སྦགས་པ་ལ་ལུང་རིགས་རྡོ་རྗེའི་མཚོན་ཆར་དུས་ཐོག་དུ་ཕབ་པ་ལ་སྐུ་ཚེ་ཡི་འཕེན་པའང་ཕངས་མེད་དུ་བཏང་། འདི་ལྟར་ང་ཚོས་འཇིག་རྟེན་འདི་ཆུང་བ་ལག་མཐིལ་ཙམ་རེད་ལབ་ཀྱང་ཆོག གོ་ལ་འདི་ཟུར་བཞི་མཐའ་བརྒྱད་ཀྱི་བདག་ཉིད་ཅན་རེད་ཟེར་ཀྱང་ཆོག རྒྱུ་འབྲས་འདི་བདེན་པ་དང་ཡུལ་དུས་གཉིས་རྟེན་འབྱུང་མ་རེད་ཟེར་ཀྱང་ཆོག ཨ་རི་བ་ཚོ་སྤྲང་བོ་དང་འཇར་པན་པ་དག་ཡིག་རྨོངས་རེད་ཟེར་ཀྱང་ཆོག ཐ་ན་ང་ནི་དཀར་ནག་དགེ་སྡིག་གི་བྱེད་པོ་དང་འཇིག་རྟེན་འདིའི་ཚངས་པ་ཆེན་པོའོ་སྙམ་ཡང་ཆོག་སྟེ། ང་ཚོས་བདེན་པ་མངོན་སུམ་གྱི་བཙན་རྫོང་ལ་བསྙོན་འདིང་གི་མཛབ་མོས་བཤིག་བསམ་ཡང་ཆོག་ལ། རང་འདོད་དང་དྲན་ཚོད་ཀྱིས་གནས་ལུགས་ལ་རྡོག་པས་རྫི་འདོད་ཀྱང་ག་ལ་སྐྱོན་ཏེ། ད་ལྟའི་དུས་ནི་ཏག་ཏག་ང་ཚོས་ལབ་ཅིང་འཚོལ་གྱིན་པའི་རང་དབང་དང་དམངས་གཙོའི་དུས་རབས་མ་ཡིན་ནམ།
ང་ཚོས་རྒྱུན་པར་ཕ་རོལ་བར་སྐྱོན་བརྗོད་ཤེས་པ་ཙམ་ལས་རང་ཚུལ་ལ་ནི་ནམ་ཡང་ཞིབ་ཏུ་མི་བསམ་པས། དོན་དུ་ང་ཚོའང་འདི་ཙམ་ལས་མ་འདས་པར་སྙམ་སྟེ། སྒྲུང་རྩོམ་དང་སྙན་ངག ལོ་རྒྱུས་ཀྱི་ཆ་ཤས་རེ་སྦྱངས་ཙམ་ནས་བོད་ཀྱི་རིག་གནས་ཤེས་ཞེས་ཁ་ཤོམ་ཆེན་པོས་བཤད་མཁན་དང་། ནུབ་ཕྱོགས་ཀྱི་རྒྱལ་ཁམས་སུ་གོམ་གང་ཕར་མ་སྤོས་ཤིང་ཕྱི་ཡིག་ཚིག་རྐང་འགའ་རེ་ལས་ཅི་ཡང་མི་ཤེས་ཀྱང་དེང་རབས་རིག་གནས་མཁྱེན་ཞེས་འུར་རྒྱག་པ་པོ། ཡུལ་མཐའ་དང་རྒྱ་གྲོང་ཁ་ཤས་འགྲིམས་མཚམས་ནས་ཅི་ཞིག་རྟོགས་སོང་བའི་རང་སྣང་གིས་ཕ་ཡུལ་དང་ཕ་མར་ཐན་དུ་ལྟ་བཞིན་ཁ་གཉེར་སྣ་གཉེར་གྱི་དགག་པ་གཏོང་བ་པོ། ཇ་ཁ་ཆང་ཁ་ནས་རང་གི་གོ་ཚོད་ལྟར་བསྒྱུར་རྩོམ་འགའ་བཀླགས་ཚུན་ནས་མེས་པོ་དང་རིག་གནས་རྗེས་ལུས་སུ་བལྟ་ཞིང་ལོ་ངོ་སྟོང་ཕྲག་ལྷག་གི་རིག་གནས་ཀྱང་ཅི་མི་སྙམ་པར་འདོར་བ་པོ། གཞན་བརྟེན་ལ་ནི་བློ་མི་མོས་པའི་རིགས་སྨྲ་ཁེར་སྐྱེས་དེ་ཡིན་པས་ཨ་མ་ལས་ཀྱང་མ་སྐྱེས་ཤིང་དགེ་རྒན་ལས་ཀྱང་མ་བསླབས་པའི་མཚན་མཚོན་གསོན་པོ་སྟེ། དེ་ལྟར་རང་གི་རིག་གཞུང་རྗེས་ལུས་ཡིན་པས་དུས་རབས་གསར་བའི་དགོས་མཁོ་མི་བསྐང་། རང་གི་ཆོས་ལུགས་རྨོངས་དད་ཡིན་པས་མི་རབས་གསར་བའི་བློ་སྣ་མི་ཚིམ། རང་གི་ལྟ་སྤྱོད་མཁྲེགས་འཛིན་ཡིན་པས་འཕེལ་རྒྱས་གསར་བའི་འགྲོས་དང་མི་མཐུན་པར་སྨྲ་བ་པོ་སྟེ། རྙིང་ཟིན་པ་ཐམས་ཅད་ཀླ་ཀློ་དང་ཐན་ལྟས་ཀྱི་འཕྲུལ་དུ་སྒོམ་བཞིན་མཐའ་གཅིག་ཏུ་འདོར་བར་བྲེལ་ཞིང་། གསར་བྱུང་གི་རིག་གནས་རྡུལ་ཙམ་ཡང་མི་ཤེས་ཤིང་རང་ལའང་ལྐོག་ཏུ་གྱུར་བཞིན་ད་ནི་ང་ཚོར་རྙིང་བ་མི་མཁོ་གསར་བ་དགོས་ཞེས་དོན་མེད་པའི་ཀི་འདེབས་ས་སྟོང་ལུང་སྟོང་དུ་སྒྲོག་མཁན་དང་། དོན་དམ་པར་གསར་རྙིང་གང་ཡང་མི་ཤེས་པར་གསར་རྙིང་གཉིས་ལ་ལོང་བས་མུན་ནག་ལས་འོད་ཟེར་འཚོལ་བ་བཞིན་ལེགས་ཉེས་སྤང་བླང་གི་རྣམ་གཞག་མཛད་ཀྱིན་པའི་སྨྱོན་པ་རྒྱ་ཡན་པ་ཤ་སྟག་སྟེ། མེས་པོའི་རྩམ་པ་དང་། ཨ་ཕའི་སྦྲ་གར། ཨ་མའི་བཞོ་དབྱངས། ཕུ་ནུའི་རྟ་ནོར་སོགས་ད་ནས་ཕར་འདས་པ་ཐམས་ཅད་རྙིང་བར་རློམ་ཞིང་འདོར་ཅི་ཐབས་ལ་ཁྱི་སྤྱང་ཤ་ལ་རྔམ་པའི་ཨག་གསར་པ་ཀླད་སྟོང་སྐོར་ཞིག་ལས་ཅི།
      སྤྱིར་རྙིང་བས་འཕེལ་རྒྱས་ཀྱི་མགུ་མི་བཀང་ཞིང་མི་རིགས་ཡར་རྒྱས་ལ་རྣམ་པ་ཀུན་ཏུ་བཀག་རྒྱ་ཐེབས་ཚེ་འདོར་བར་བྱ་བ་འོས་སུ་ཆེ་མོད། ང་ཚོས་རྙིང་བར་ཐག་བཅད་པ་ཙམ་གྱིས་རྙིང་བར་མི་འགྱུར་བ་སྟེ། ང་ཚོས་རྙིང་བར་ཐག་བཅད་དེ་འདོར་བསམ་པ་རྣམས་ང་ཚོས་སྨོན་སའི་ནུབ་ཕྱོགས་པའི་རྒྱལ་ཁབ་དག་ཏུ་གསར་བྱུང་གི་རིན་ཐང་ལ་གཅེས་ཤིང་། ང་ཚོས་གསར་བར་འགྲམ་ཆུ་ལྡང་སྟེ་ཚབ་འཇོག་ཏུ་ལེན་བསམ་པ་དག་ཀྱང་ཁོ་ཚོས་སྔ་ནས་སྙིགས་མར་དོར་ཚར་བའང་སྲིད་པས། བརྒྱ་ལ་དེ་ལྟར་མིན་ཡང་ང་ཚོས་རྙིང་བ་ཅི་ཡོད་དོར་ཤུལ་དུ་གསར་བ་ཅི་ཞིག་ཚབ་འཇོག་ལ་མནོ་བསམ་ཙམ་ཡང་བཏང་མ་མྱོང་ཚེ། ང་ཚོ་ནི་སྨྲ་ལྕེ་དང་བློ་གྲོས་ཐེད་ལ་བོར་བའི་ལྡོམ་འཁྱམ་ཁྲམ་པ་འགའ་ཞིག་ལས་ཅི་ཡང་མ་ཡིན་པ་སྟེ། སྐར་སྤྲིན་དང་སྐར་ཁྱིམ་ཕྱེ་ཞིང་འཇིག་རྟེན་གྱི་ཕ་རོལ་ད་དུང་ཡང་འཇིག་རྟེན་དང་འགྲོ་བ་ཡིན་པར་དཔྱོད་པའི་གནམ་རིག་སྨྲ་བ་དེ་ང་ཚོས་ཨེ་ཐུབ། དངོས་པོའི་རྩོམ་གཞི་རྡུལ་ཕྲན་ལ་ཐུག་ཅིང་དེའང་ཆུང་མཐར་ཡང་ཡང་བསིལ་བས་ཆུང་མཐའ་ལ་ཚད་བཟུང་མེད་པར་མ་ཟད་ཀྱི། དེའི་ངོ་བོ་དང་རིགས་དབྱེ། བྱེད་ནུས་བཙལ་ཏེ་མ་འོང་ལ་ཚོད་བགམ་བགྱི་བའི་རྡུལ་ཕྲན་སྨྲ་བ་དེ་ང་ཚོས་ཨེ་ཐུབ། རྫས་དང་རྫས་འཕྲད་པའི་འདུ་སྦྱོར་ལས་རྫས་དངོས་སྣ་ཚོགས་པ་མང་དུ་བྱུང་ཞིང་། དེ་དག་ཀྱང་ཕྱོགས་གཅིག་ཏུ་འཚོགས་པ་ལས་ཅ་ལག་ཅི་རིགས་ཀྱི་སྒྱུ་འཕྲུལ་མཐོང་བའི་རྫས་འགྱུར་དང་དངོས་ལུགས་སྨྲ་བ་དེ་ང་ཚོས་ཨེ་ཐུབ། བྱ་དངོས་ཐམས་ཅད་ཀྱི་གྲངས་དང་རང་བཞིན། ཆེ་ཆུང་སོགས་ཞིབ་མོར་འཇལ་བ་ལ་གདེང་བརྙེས་ཤིང་གྲངས་ཚད་ལ་ཆ་ཤས་ཙམ་ཡང་མི་བསླུ་ཞིང་མི་རྨོངས་པའི་རྩིས་རིག་སྨྲ་བ་དེའང་ང་ཚོས་ཨེ་ཐུབ། ད་དུང་ང་ཚོས་མ་མཐོང་ཞིང་མ་ཐོས་པའི་གཞན་རིག་གི་ལྟད་མོ་མང་པོ་ཞིག མདོར་ན། ནུབ་ཕྱོགས་དང་ཤར་ཕྱོགས་ཕྱེ་བའི་གནའ་དེང་གི་མཚན་ཉིད་དང་། ཚན་རིག ལག་ཤེས། བཟོ་རྩལ་སོགས་རིག་པ་རྒྱུས་མེད་དེ་དག་ང་ཚོའི་རིག་གནས་ཀྱི་ཚབ་འཇོག་ལ་གལ་སྲིད་ཚུར་དགོས་གལ་ཆེ་དུས་ལའང་། རང་ཉིད་ཀྱིས་ཤེས་པའི་རྨང་གཞི་ཐོག་ནས་འཇོག་གམ་ཡང་ན་སྟོང་བཤད་དང་འུར་སྒྲོག་ཙམ་གྱིས་ཆོག
ང་ཚོས་རང་གི་རིག་གཞུང་དོར་ཤུལ་དུ་ཚབ་ལ་དེང་གི་ཚད་རྡུལ་རིག་པས་རྒྱང་ཕུད་བཏང་ཟིན་པའི་ནུབ་ཕྱོགས་ཀྱི་མཚན་ཉིད་འཇོག་གམ། ང་ཚོས་རང་གི་ཆོས་ལུགས་དོར་ཤུལ་དུ་ཚབ་ལ་ཁ་ཆེ་དང་ཡེ་ཤུ ཡང་ན་ཅི་ཡང་ཁས་མི་ལེན་པའི་རྒྱང་འཕེན་པའི་ལྟ་གྲུབ་འཇོག་གམ། ང་ཚོས་རང་གི་སྲོལ་རྒྱུན་དང་འདུ་ཤེས་དོར་མཚམས་ནས་ཚབ་ཏུ་རང་གཞན་གང་ལའང་མི་གཏོགས་པའི་ལྟ་སྤྱོད་ཕུང་གསུམ་པ་དེ་དག་འཇོག་གམ། ང་ཚོའི་བཟའ་བཏུང་དང་གྱོན་ཆས། གཉེན་སྲོལ། འགྲོ་འདུག རི་ཆུ་ཐང་གསུམ་གྱི་མིང་སོགས། ཐ་ན་ང་ཚོའི་སྐད་ཡིག་ཀྱང་རྙིང་བ་ཡིན་ལ་སང་ཉིན་ལ་ལྟོས་པའི་དེ་རིང་གི་གཟུགས་པོ་འདིའང་རྙིང་བ་ཡིན་པས་མཐའ་གཅིག་ཏུ་འདོར་བྱར་ཐལ་ཞིང་། དོར་བའི་རྗེས་ལ་རིག་གནས་ཀྱི་སྡེ་ཚན་རེ་རེའི་ཚབ་ཏུ་ཅི་ཞིག་འཇོག
      ང་ཚོ་ལ་གསར་བ་ལོས་དགོས་ཏེ་སྙིགས་དོར་བཅུད་ལེན་བྱ་ཆོག ང་ཚོ་ལ་དགག་བཞག་ཀྱང་ལོས་དགོས་ཏེ་དགག་བཞག་ལས་རྒྱུད་འཛིན་དང་གསར་བྱུང་གི་འཕེལ་རྒྱས་ཐོབ། དབང་ཕྱུག་སྡེའི་ཚུལ་དྲུག་གི་བཙན་རྫོང་ལ་ཆོས་ཀྱི་གྲགས་པས་ཚུལ་གསུམ་གྱི་མཚོན་སྒྱོགས་འཕེན་དུས། ཉིག་ཏུམ་གྱི་ཡུལ་དུས་ལྟོས་མེད་ལ་ཨན་སི་ཐན་གྱིས་རྟེན་འབྱུང་གི་ང་རོ་སྒྲོག་དུས། དགག་ལན་བསྐལ་བའི་མེ་དཔུང་ལ་ཆུའི་འཕྲུལ་འཁོར་གྱི་འགྲན་ཡ་ཤུགས་ཀྱིས་འབོད་དུས། ཀུན་སློང་སྲོག་གི་ཀ་ཆེན་དང་། གཟུར་གནས་ལམ་གྱི་རུམ་བྲོ། ལུང་རིགས་སྨྲ་བའི་མཛེས་རྒྱན་དུ་འཆང་བས། གང་གི་དགག་བཞག་ཐམས་ཅད་ལ་འཕེལ་རྒྱས་ཀྱི་མེ་ཏོག་བཞད་ཅིང་། ཤེས་ནས་སྨྲ་བ་རྣམས་ཀྱི་དད་ཕྱག་གི་ཡུལ་དམ་པར་གྱུར་ཏེ་མི་རབས་ནས་མི་རབས་བར་སློབ་གཉེར་དང་འཚོལ་སྙེག་རྒྱུན་མ་ཆད་པར་བྱུང་། དེའི་ཕྱིར། རང་ཁྱིམ་ལག་མཐིལ་གྱི་ས་བཅད་ཙམ་ལས་ཕར་མ་འདས་པའི་སར་སྒྲུང་ཐུང་ཁ་ཤས་བཀླགས་ཤིང་ཚིག་རྐང་འགའ་འབྲི་ཤེས་མཚམས་ནས་ང་ནི་ཚངས་པའོ་སྙམ་པའི་སྙིང་ཁམས་ཇེ་ཆེར་སོང་སྟེ་ད་ནི་ཀླ་ཀློའི་སྨྱོ་སྤྱོད་གང་ལའང་མི་འཇིགས་པའི་མཐའ་ལ་གང་དྲན་བྱུང་རྒྱལ་དུ་སྨྲ་བ་རང་གི་རྒྱན་ཆ་དང་སྙན་གྲགས་སུ་རེ་ཞིང་། རང་ཉིད་མཁས་རྟགས་སྟོན་འདོད་ལ་དོན་དུ་བླུན་མཚང་ཁྲོམ་སྒྲོག་ལ་མགོ་བོ་མགལ་མེའི་འཁོར་ལོ་ལྟར་རྨོངས་པ་ལ་ཡིད་གཟབ་གཟབ་རེ་གལ་ཏེ། རྒྱ་མཚོ་ཆུར་གནས་གཉའ་ཤིང་གི་བུ་ག་ལ་རུས་སྦལ་ལོ་བརྒྱ་གྲངས་རེའི་མཚམས་སུ་ཐེངས་གཅིག་མཚོ་ངོས་སུ་གཡེང་ཙམ་དེས་མགོ་བོ་ཚུད་པར་དཀའ་བ་བཞིན་མི་ལུས་རིན་པོ་ཆེ་ལན་ཅིག་ཐོབ་པ་ལ་ང་ཚོར་མ་མཐའ་ཡང་མིའི་བསམ་སྤྱོད་ཅིག་མངའ་བར་བྱ་བ་ནི་ཧ་ཅང་གལ་ཆེ་ཨང་།

ཁ་སྒང་སྟག་འབུམ་རྒྱལ།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41271976
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1