ཧི་མ་ལ་ཡའི་རིག་མཛོད་ཁང་གི་ངོ་སྤྲོད།
༡༽ ཧི་མ་ལ་ཡའི་རིག་མཛོད་ཁང་།
ལས་ཁུངས་ཀྱི་མིང་། ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་ལྟེ་གནས།
རིག་མཛོད་གཙོ་སྒྲུབ་པ། ཧི་མ་ལ་ཡའི་རིག་མཛོད་ཁང་།
སྡོད་གནས། སི་ཁྲོན་ཁྲིང་ཏུའུ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཡོད།
སྤྱིའི་གཙོ་འཛིན་པ། རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ།
སྤྱིའི་གཙོ་གཞོན། རྨེ་གྲྭ་ཚེ་རིང་བསམ་འགྲུབ།
ལས་གཞི་གཙོ་བོ། ཧི་མ་ལ་ཡའི་རིག་མཛོད་ཆེན་མོའི་དཔེ་ཚོགས་བསྡུ་སྒྲིག
ཧི་མ་ལ་ཡའི་རིག་མཛོད་ཁང་འདི་ནི་སྤྱི་ལོ 2011 གསར་དུ་བཙུགས་པའི་དགེ་ལས་གཙོ་གཉེར་གྱི་ལས་ཁུངས་ཆེ་ཤོས་ཤིག་ཡིན།
ད་བར་སྤྱིའི་གཙོ་འཛིན་རྒན་པ་རྫ་ཀི༔ལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ལས་ཁུངས་སྤྱིའི་སྒྲིག་བཀོད་དང་འགྲོ་གྲོན་ལས་གཞིའི་རྣམ་གྲངས་ཕྱི་འབྲེལ་སོགས་ཀྱིས་གཙོ་འགན་ཡོངས་ཁོང་གིས་བཞེས་ཡོད་པ་དང་།
རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་རིག་མཛོད་ཆེན་མོ་བསྡུ་སྒྲིག་དང་སྒྲིག་གཞི་དོ་དམ་སོགས་ལས་གཞི་སྤྱིའི་ལག་བསྟར་འཆར་འགོད་པ་བཅས་ལས་ཁུངས་ནང་ཁུལ་གྱི་འགན་ཡོངས་བཞེས་ཏེ་རྒྱུན་པར་ཁོང་རྣམ་གཉིས་ཀྱི་གཙོ་གཉེར་གནང་བཞིན་ཡོད།
དེ་མིན་རྒྱུན་ལས་ཚོགས་མི། དགེན་ཟླ་བ་འོད་ཟེར་དང་། ཚེ་དབང་བཀྲ་ཤིས་སོགས་མཁས་དབང་དབུ་འཛིན་མི་སྣ ༥
དང་། བློ་འདྲི་དབུར་བཞུགས་ཆེད་མཁས་མི་སྣ། ༡༨རྐང་འཛིན་པ། ༢༠ རྩོམ་སྒྲིག་པ། ༡༥རྒྱུན་ཞུགས་ལས་སྒྲུབ་པ། ༣༠ ནས ༦༠ བར་དང་། དོ་དམ་མི། ༡༠ བཅས་ཁྱོན་མི་གྲངས་བརྒྱའི་གོང་འོག་གི་ལས་བཟོ་བས་གྲུབ་ཡོད་པ་ཞིག་ཡིན།
ལས་ཁུངས་འདིའི་ལས་གཞི་གཙོ་བོ་ནི་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་བརྒྱུད་འཛིན་དར་སྤེལ་གྱི་ཆེད་དུ་བོད་ཀྱི་རིག་གཞུང་ཀུན་འདུས་ཀྱི་དཔེ་ཚོགས《ཧི་མ་ལ་ཡའི་རིག་མཛོད་ཆེན་མོ》ཞེས་པའི་དཔེ་ཚོགས་ཤིག་བསྡུ་སྒྲིག་དང་དཔར་སྐྲུན་འགྲེམས་སྤེལ་བཅས་བྱ་རྒྱུ་དེ་ཡིན།
༢༽
ཧི་མ་ལ་ཡའི་རིག་མཛོད་ཆེན་མོ།
ད་སྔོན་བོད་ལ་མཚོན་ན་བཙན་པོའི་དུས་སྐབས་ཀྱི་ཕོ་བྲང་ལྡན་དཀར་གྱི་དཔེ་ཚོགས་དང་།
ཏུན་ཧོང་དཔེ་ཚོགས་སོགས། བསྟན་པ་ཕྱི་དར་དུས་ཀྱི་བཀའ་བསྟན་དཔེ་ཚོགས་དང་། བླ་མ་དང་མཁས་པ་སོ་སོའི་གསུང་འབུམ་དཔེ་ཚོགས།
བསྟན་པ་ཡང་དར་སྐབས་ཀྱི་ས་དགེ་བཀའ་རྙིང་ཇོ་བོན་བཅས་ཀྱི་ཆོས་བརྒྱུད་སོ་སོ་དང་མི་སྣ་སོ་སོའི་དཔེ་ཚོགས་ཅི་རིགས་ཤིག་གྲུབ་མོད། བོད་གངས་ཅན་གྱི་རིག་གཞུང་ཡོངས་རྫོགས་ཕྱོགས་བསྡུས་ཀྱི་དཔེ་ཚོགས་ཤིག་གྲུབ་ཐུབ་མེད་པར་མ་ཟད། དཔེ་རྙིང་ཕལ་མོ་ཆེ་ནི་དཔེ་ཚོགས་སུ་ཡང་མ་གྲུབ་པར་ཡུལ་སོ་སོར་ཁ་འཐོར་གྱི་ཚུལ་དུ་བཞུགས་ཡོད་པ་ལགས་ཤིང་། མིག་སྔར་དཔར་དུ་བསྐྲུན་ཟིན་པའི་དཔེ་ཚོགས་ཐོར་བུ་རྣམས་རྫོགས་པར་ཕྱོགས་བསྡོམས་བྱས་ན་ཡང་བོད་ཀྱི་རིག་གཞུང་ཡོངས་ཀྱི་བཅུ་ཆའི་གཅིག་ཙམ་ལས་མི་ཟིན་པར་སྣང་།
སླད་ཀྱང་འདི་མུར་ལུས་ན་མི་རིགས་རིག་གཞུང་གི་ཚབ་མཚོན་དཔེ་ཚོགས་ཆེན་མོ་ཞིག་འགྲུབ་དཀའ་བར་མ་ཟད་།
བོད་ཀྱི་སྔོན་བྱོན་མཁས་པའི་གསུང་རབ་རིན་ཐང་བྲལ་བ་མང་པོ་ཞིག་གབ་སྦས་དང་འཐོར་གྱར་ཆུད་ཟོས་སོགས་སུ་འགྲོ་བའི་ཉེན་ཁར་ཡང་གྱུར་ཡོད།
དེས་ན་བོད་ཡུལ་གྱི་རིག་གཞུང་ཆ་ཚང་ཕྱོགས་བསྡུས་སྒོ་ནས་བོད་གངས་ཅན་གྱི་རིག་མཛོད་ཆེན་མོ་ཞིག་ལེགས་སྒྲིག་བྱ་རྒྱུ་ནི་དགོས་གལ་ཆེས་ཆེ་བའི་དུས་མཚམས་སུ་སླེབས་ཡོད་ལ།
དགོས་དོན་དེར་ཆེད་དམིགས་ཀྱིས་ངེད་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་མ་བསྐུལ་དང་བླངས་སྒོས་གཞི་རྒྱ་ཆེ་བའི་ལས་གཞི་སྟེ《ཧི་མ་ལ་ཡའི་རིག་མཛོད་ཆེན་མོ》འདི་ཉིད་བསྡུ་སྒྲིག་དང་ཞུ་དག་པར་སྐྲུན་བཅས་ཀྱི་ལས་རིགས་འདི་ལ་ཞུགས་པ་ཡིན།
སྤྱིར་རྒྱལ་ཁབ་དང་མི་རིགས་ཤིག་གི་རིག་མཛོད་དམ་དཔེ་ཚོགས་ནི་རྒྱལ་ཁབ་དང་མི་རིགས་རང་གི་རིག་གནས་ཧྲིལ་བོ་མཚོན་ཐུབ་པའི་རིག་གཞུང་ཀུན་འདུས་ཤིག་ཡིན་དགོས་པར་མ་ཟད། རྒྱལ་ཁབ་དང་མི་རིགས་གཅིག་ལ་ཚབ་མཚོན་གྱི་རིག་མཛོད་དང་དཔེ་ཚོགས་ཤིག་ཅིས་ཀྱང་ཡོད་དགོས་ངེས་སུ་ཡང་གྱུར་ཡོད།
དཔེར་ན། སྤྱི་ལོ་དུས་རབས་བཅོ་བརྒྱད་པར་བསྒྲིགས་པའི་ཀྲུང་གོའི་《རིགས་བཞིའི་དཔེ་མཛོད》ལ་དེབ་གྲངས་ཁྲི་ཚོ7.9ལྷག་དང་རྩ་བའི་རིག་ཚན4དང་སྡེ་ཚན3500ལྷག་ཡོད་ལ། དུས་རབས་ཉི་ཤུ་བར་བསྒྲིགས་པའི《སྣ་འཛོམས་རིག་མཛོད》ལ་དེབ་གྲངས4000དང་རིགས་ཚན་གྱི་དབྱེ་བ་བཅུ་བཞི་ཡོད། འདིས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གཞུང་ཆ་ཚང་མཚོན་ཡོད།
དེ་བཞིན་སྤྱི་ལོ་དུས་རབས་ཉི་ཤུ་བར་བསྒྲིགས་པའི་སྐད་གྲགས་ཅན་གྱི་དབྱིན་ཇི་རྒྱལ་ཁབ་ཀྱི《བྱ་ཁྱེའུ་དཔེ་ཚོགས》ལ་དེབ་གྲངས་ཁྲི་ཕྲག་ལྷག་དང་སྡེ་ཚན་ལྔ་སྟོང་ཙམ་དུ་ཡོད་པ་ལྟ་བུའི་རྒྱལ་ཁབ་དང་མི་རིགས་སུ་ཡིན་རུང་ཚབ་མཚོན་ནུས་པའི་རིག་མཛོད་རེ་བསྡུ་སྒྲིག་བྱས་ཡོད་པ་ལྟ་བུ་རེད།
ཚུལ་དེ་བཞིན《ཧི་མ་ལ་ཡའི་རིག་མཛོད་ཆེན་མོ》དེ་ཡང་བོད་མི་རིགས་ཀྱི་རིག་གཞུང་སྤྱིའི་ཚབ་མཚོན་ནུས་པའི་རིག་མཛོད་དཔེ་ཚོགས་ཆེན་མོ་ཞིག་སྟེ། ཡུལ་དུས་དང་ཆོལ་ཁ་ཆོས་བརྒྱུད་ཀྱི་དབྱེ་མཚམས་མེད་པར་བོད་ཡིག་ཐོག་ཏུ་ཡོད་པའི་རིག་གཞུང་རྫོགས་པར་ཕྱོགས་གཅིག་བསྡུས་ཀྱི་དཔེ་ཕྲེང་ཆེས་རིང་མོ་ཞིག་ཏུ་གྲུབ་ནས་ཡོད།
དཔེ་ཚོགས་འདི་ཚོད་རྩིས་ལྟར་ན་པོད་གྲངས་སྟོང་ཕྲག་འགའ་ཡོད་ངེས་ཤིང་། དེ་ནི་འཛམ་གླིང་གི་ལོ་རྒྱུས་སྟེང་མཐོང་དཀོན་པའི་པར་སྐྲུན་གྱི་ཟིན་ཐོ་གསར་བ་ཞིག་ཡིན་པར་མ་ཟད། བོད་ཀྱི་ལོ་རྒྱུས་ཐོག་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུའི་རིག་མཛོད་ཆེན་མོ་བཞེངས་སྐྲུན་ཞིག་ཡིན་པས། དེ་ནི་བསྐལ་བའི་བར་དུ་ཡང་ཉམས་མེད་ཀྱི་གཟི་བརྗིད་དང་རིན་ཐང་མཚན་སྙན་ཅན་གྱི་བཞེངས་སྐྲུན་ཞེས་བྱ་ཆོག་པའོ། །
༣༽
རིག་པའི་གནས་ཆེན་བཅོ་བརྒྱད།
སྤྱིར་བཏང་བོད་ལ་རིག་ཚན་དབྱེ་བ་ཞིབ་མོར་ཕྱེད་པ་ཞིག་མི་སྣང་ཞིང་།
ཡོངས་གྲགས་ལ་བཅུ་ཕྲག་རིག་གནས་ཞེས་བརྗོད་སྲོལ་ཁྱབ་ཆེ། སྐབས་འདིར་བོད་ཀྱི་རིག་གཞུང་ཡོངས་རྫོགས་རིག་ཚན་གྱི་དབྱེ་བ་ལྟར་ཕྱོགས་སྒྲིག་བྱེད་པའི་དགོས་དབང་དང་བསྟུན་ནས་སྤྱི་ལོ 2017 ཟླ7 པའི་ནང་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་གྲོང་ཁྱེར་སྤོས་ལྡན་དུ་ས་དགེ་བཀའ་རྙིང་ཇོ་བོན་བཅས་ཀྱི་སྐྱེས་ཆེན་མཁས་པའི་དབང་པོ་དང་།
བོད་ཀྱི་གནའ་དེང་རིག་གནས་ལ་མཁས་པའི་མདོ་དབུས་ཁམས་གསུམ་གྱི་དགེ་རྒན་ཆེན་མོ་དང་ཆེད་མཁས་པ་བཅས་མི་སྣ་བརྒྱ་ཕྲག་ལྷག་བསྡུ་སྐོང་གིས་རིག་ཚན་དབྱེ་བསྡུ་སྐོར་ལ་ཆེད་དམིགས་ཚོགས་འདུ་དང་བགྲོ་གླེང་བྱས་ཤིང་།2019ལོར་རྨང་གཞི་དེའི་སྟེང་རྒྱལ་ཡོངས་བོད་ཡིག་དཔེ་རྙིང་རིགས་དབྱེ་བྱ་ཐབས་ཀྱི་ཆེད་མཁའི་མི་སྣའི་གྲོས་ཚོགས་སྐབས་སུའང་དགོངས་གཞི་བཏོན་པ་ལྟར།
མཇུག་མཐར་སྤྱིའི་དབྱེ་བ་རིག་པའི་གནས་ཆེན་བཅོ་བརྒྱད་དུ་གཏན་འབེབས་བྱུང་དོན་ལྟར།
བསྡུ་བྱ་བོད་ཀྱི་རིག་གཞུང་ཡོངས་རྫོགས། སྡུད་བྱེད་རིག་པའི་གནས་ཆེན་བཅོ་བརྒྱད།
བསྡུ་ཚུལ་མ་ལུས་ཀུན་འདུས་ཚུལ་གྱིས《ཧི་མ་ལ་ཡའི་རིག་མཛོད་ཆེན་མོ》འདི་ཉིད་ལེགས་སྒྲིག་བྱེད་ཀྱིན་ཡོད།
རིག་ཚན་བཅོ་བརྒྱད་ནི། ཀ༽
སྒྲ་རིག་པ། ཁ༽ ཚད་མ་རིག་པ། ག༽ བཟོ་རིག་པ། ང༽ གསོ་བ་རིག་པ། ཅ༽ ནང་དོན་རིག་པ། ཆ༽ སྙན་ངག་རིག་པ། ཇ༽ མངོན་བརྗོད་རིག་པ། ཉ༽ སྡེབ་སྦྱོར་རིག་པ། ཏ༽ ཟློས་གར་རིག་པ། ཐ༽ རྩིས་ཀྱི་རིག་པ། ད༽ ལོ་རྒྱུས་རིག་པ། ན༽ བོན་གྱི་རིག་པ། པ༽ གེ་སར་རིག་པ། ཕ༽ གཏེར་ཆོས་རིག་པ། བ༽ དཀར་ཆག་རིག་པ། མ༽ ཁྲིམས་ཡིག་རིག་པ། ཙ༽ ཡུལ་སྲོལ་རིག་པ། ཚ༽ མི་ཆོས་རིག་པ་བཅས་སོ། །
༤༽ རིག་མཛོད་ལེགས་འགྲུབ་བྱུང་ཟིན་པ།
སྤྱི་ལོ2012ལོ་ནས2019ལོའི་བར་གྱི་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་རིག་མཛོད་ཆེན་མོ་ལས་བསྡུ་སྒྲིག་དང་པར་སྐྲུན་འགྲེམས་སྤེལ་བཅས་བྱས་ཟིན་པའི་རིག་ཚན་གྱི་སྐོར།
༡《བོད་ཀྱི་བརྡ་སྤྲོད་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།63
༢《བོད་ཀྱི་སྙན་ངག་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།54
༣《བོད་ཀྱི་སྡེབ་སྦྱོར་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།2
༤《བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།69
༥《བོད་ཀྱི་མངོན་བརྗོད་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།9
༦《བོད་ཀྱི་ཟློས་གར་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།12
༧《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།300
ད་དུང་《བོ་དོང་གསུང་འབུམ་ཆེན་མོ》སྤུས་ལེགས་པོད་ཆེན 95ཅན།
《 ཧི་མ་ལ་ཡའི་ཆེད་བསྒྲིགས་པོད་ཕྲེང་》དེབ15 པར་སྐྲུན་བྱས་པ་སོགས་ཁྱོན་པོད 619
ལེགས་འགྲུབ་བྱུང་ཟིན།
༥༽ རིག་མཛོད་བསྡུ་སྒྲིག་བྱེད་བཞིན་པའི་སྐོར།
མིག་སྔར་བོད་ཀྱི་ལོ་རྒྱུས་ཀུན་འདུས་ཆེན་མོ་ལེགས་འགྲུབ་བྱུང་ལ་ཉེ་བར་མ་ཟད་རིག་ཚན་གཞན་བོད་ཀྱི་སྒྲ་རིག་ཀུན་འདུས་ཆེན་མོ། བོད་ཀྱི་ཚད་མ་ཀུན་འདུས་ཆེན་མོ། བོད་ཀྱི་བཟོ་རིག་ཀུན་འདུས་ཆེན་མོ། བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ། བོད་ཀྱི་ནང་རིག་ཀུན་འདུས་ཆེན་མོ། བོད་ཀྱི་བོན་རིག་ཀུན་འདུས་ཆེན་མོ། བོད་ཀྱི་གཏེར་ཆོས་ཀུན་འདུས་ཆེན་མོ། བོད་ཀྱི་དཀར་ཆག་ཀུན་འདུས་ཆེན་མོ། བོད་ཀྱི་ཁྲིམས་ཡིག་ཀུན་འདུས་ཆེན་མོ། བོད་ཀྱི་ཡུལ་སྲོལ་ཀུན་འདུས་ཆེན་མོ། བོད་ཀྱི་མི་ཆོས་ཀུན་འདུས་ཆེན་མོ་བཅས་རིག་ཚན་གཞན་རྣམས་ཀྱང་མུ་མཐུད་དུ་བསྡུ་སྒྲིག་བྱེད་མུས་སུ་ཡོད།
༥༽ དྲ་ཚིགས་དང་འཕྲིན་སྟེགས་ཀྱི་སྐོར།
རིག་མཛོད་དྲ་ཚིགས། www.himalayane.com
འདི་ནི་རིག་མཛོད་ཆེད་ལས་དྲ་ཚིགས་ཤིག་ཡིན་ལ་འདི་ནས་རིག་གཞུང་དག་གློག་རྡུལ་གྱི་རྣམ་པའི་ལྟ་ཀློག་བྱ་ཐུབ།
རིག་མཛོད་ལྟ་ཀློག་དང་འཕྲུལ་དེབ། APP Himalaya Lib
APPའདི་ནི་ཁ་པར་སོགས་ལག་དེབ་ཀྱི་ནང་དུ་ཕབ་ལེན་བྱས་ཚེ་རིག་གཞུང་དག་འཕྲུལ་དེབ་དང་ལྟ་ཀློག་གཉིས་ཀྱི་རྣམ་པ་རིན་མེད་དུ་ཀློག་ཐུབ་པ་དང་ཕབ་ལེན་ཡང་བྱ་ཐུབ།
རིག་མཛོད་འཕྲིན་སྟེགས། himalayane
རྒྱ་ཡིག་འཕྲིན་སྟེགས། haishengwenhua
གསར་འགྱུར་འཕྲིན་སྟེགས། hmlywk
མཚོ་སྐྱེས་རིག་གནས་འཕྲིན་སྟེགས། hswh-lianhuasheng
ཧི་མ་ལ་ཡའི་དགེ་ལས་ཐེབས་རྩ། Xmlycs2014
འབྲེལ་གནས། 15208425221-13880092384-028-87422886
ཡིག་ཟམ། himalayanc@163.com
ཧི་མ་ལ་ཡའི་རིག་མཛོད་ཁང་གི་དྲ་ལམ་དོ་དམ་པས། 2019