དབལ་ངར་གྱི་ཉེ་བྲིས་སྙན་ངག་འགའ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »དབལ་ངར་གྱི་ཉེ་བྲིས་སྙན་ངག་འགའ།
དབལ་ངར་གྱི་ཉེ་བྲིས་སྙན་ངག་འགའ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/11/22ལྟ་ཀློག (2167)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཟླ་དྲུག་པའི་ནང་གི་སྙན་ངག


རྒོད་པོ་གླག་ཅིག་ཡིན།།
མཁའ་ལམ་གྲོང་ན་འཕུར།།
དྭངས་མའི་མེ་ལོང་ངོས།།
ཁྱེད་ཀྱི་གཤོག་པ་བྲིས།།
གཙང་བོ་སྔོན་པོའི་ནང་།།
ཁྱོད་ཀྱི་མིག་ཟུང་ལུས།།
ཤོག་བུ་དཀར་པོ་དེ།།
དཔྱིད་ཀའི་སྔ་དྲོ་ལ།།
བྱིས་པ་གཅེར་བུ་དེས།།
རྒྱང་རིང་རྒྱང་རིང་ནས།།
ཁྱེད་ཀྱི་རྒྱབ་གཟུགས་རྙེད།།
དུས་ཡིན་ཐུང་ཐུང་ནང་།།
ཚིག་གི་མགུར་མ་ཚེས།།
སྲིད་པའི་རྫ་སྒང་དེར།།
སེམས་ཀྱི་ཉིན་སྲིབ་བཅོལ།།
དྲུག་པའི་ཚེས་མགོ་ལ།།
ལོ་ཆུང་སྣང་བ་དགོང་།།
དབྱངས་གསལ་ཕྲེང་བ་ལ།།
སྨྲ་བརྗོད་ཞེ་འདང་ཆགས།།


༈ ནམ་ཞིག་ལ།


བྱ་ཁྱི་མང་སའི་གནས་འདིར།།
ནང་སེམས་ཤིན་ཏུ་སྨྲེང་ཡོང་།།
མིག་ནས་བཞུར་བའི་གཙང་བོ།།
ནགས་ཚལ་གསེབ་ཏུ་ཐིམ་སོང་།།
ལག་པའི་ཕྱི་ནང་ཕྱེས་པ།།
མཚན་ལྗོངས་རིང་མོ་མཐོང་དུས།།
མུན་མཐའི་ཁེར་རྐྱང་སྐར་མ།།
གློ་བའི་གསེང་ནས་དྲན་སོང་།།


ཁེར་རྐྱང་གཙང་བོའི་འགྲམ་ནས།།
སྣང་བ་དབྱངས་སུ་འགུགས་ནས།།
དྭངས་གསལ་གཙང་བོའི་ངོས་སུ།།
ཉི་ཟླའི་ཡང་ཡང་བལྟས་ཚེ།།
ཁེར་སྐྱེས་མཚོ་ཁའི་མེ་ཏོག།
ལྷིང་འཇགས་ཁོ་ནར་གནས་པ།།
ཡིད་སེམས་གཏིང་གི་རི་མོ།།
མཚན་མོའི་གཞུང་འདིར་ཚེས་ཆོག།
༢༠༡༧_༦_༦ ཉིན་བྲིས།


ཚེ་རབས་ལས་ཀྱི་མི།
                 
འདི་ནས་རྒྱང་རིང་ཡུལ་ན།།
སེམས་པ་བརླན་སའི་མི་ཡོད།།
གཙང་བོ་ཁ་ཡི་སྤྲིན་དཀར།།
རྒྱང་རིང་ཕྱོགས་སུ་གཏད་དུས།།
མིག་ཟུང་རྒྱང་དུ་ཟུག་ནས།།
སྐད་ཆ་ལྡབ་ལྡིབ་བཤད་ཡིན།།
མུན་ནག་མཐའ་ཡི་སྐར་མ།།
ཇི་ལྟར་བལྟས་ཀྱང་མ་མཐོང་།།
ཕྲ་བའི་བརྩེ་གདུང་དག་མ།།
གཡུག་དུས་ཤིན་ཏུ་གྲང་བ།།
མཐོང་ན་ནང་སེམས་སྨྲེང་ཡོང་།།
“ཚེ་རབས་ལས་ཀྱི་མི”འདི།།
བརྗེད་འགྲོ་བསམས་ན་འཇིགས་ཀི།

2017/5/24  ཉིན་སྦྱར།

དབལ་ངར་གྱི་ཉེ་བྲིས་སྙན་ངག (ཞར་བཀོད་གཅིག་ཡོད།)

བདག་མེད་མ་ལ་སྤྲིངས་པ།


བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ངོ་བོ།།
ཉིན་ཞག་བརྒྱ་དང་བཞི་བཅུའི་དྲན་གདུང་།།
མ་བོར་རྟོགས་པའི་བདག་མེད་མ་ནི།།
སེམས་པ་གཡོ་དང་ཟོལ་གྱིས་མ་ལྷད།།
གཤིས་ཀ་མིག་འཕྲུལ་སྒྱུ་མས་མ་གོས།།
ངག་ལ་རྩུབ་མོ་ཚིག་གིས་དབེན་པ།།
ཞེ་དང་སྣང་བའི་སྦར་ཁ་མཐུན་པ།།
རབ་འབྱམས་སྙན་མོ་ཚིག་གི་ཕྲེང་བས།།
ཐོབ་མེད་འཁོར་བའི་གྲོང་ནས་ཐལ་བྱེད།།
༢༠༡༧ ༧ ༢༩ མཚན་མོར་སྦྱར།

ཁྱོད་ལ་ཕུལ་བའི་སྙན་ངག
      
མི་རྟག་སྐྱེ་འཆི་སྟོང་བའི་མཁའ་ལས་ལྡོག།
ལུས་ཀྱི་སྡོང་བོའི་རྩ་བ་ས་སྲོད་ཟུག།
བརྒལ་དགོས་གཙང་བོའི་སྟེང་གི་གྲུ་ཤན་དེའི།།
རས་ཡོལ་ནག་པོ་བསེར་བུ་གྲང་མོས་བསྒུལ།།
སྤྲིན་པ་ཐར་ཐོར་ཡིད་ཀྱི་རྫིང་བུར་བཅུག།
ཡིད་དུ་འོང་བའི་ལོ་ཟླ་མཁའ་ལ་འཕྱོ།།
ལང་ཚོ་རྨས་མའི་གར་སྟབས་རླུང་གིས་བསྐྱོད།།


མུན་པའི་རི་ལ་སྐར་མའི་ཡོལ་བ་འཐེན།།
དཀར་ནག་ཚོན་གྱིས་སྤྲོས་པ་གསལ་ལ་འཚེར།།
དག་པ་ཆོས་ཀྱི་སྣང་བ་ཡོལ་བས་བསྒྲིབས།།
གྲིབ་མའི་ཡང་སྙིང་མཐའ་དག་དེད་ཤུལ་དུ།།
སྨྲེང་སྐྱོ་མནར་བས་མེ་ཏོག་ཚིག་རོ་འགའ།།
རྒས་པའི་ལག་ཟུང་འདར་བཞིན་ཆུ་ལ་སྦངས།།
མི་རྟག་སྒྱུ་མའི་ལུས་པོ་རྨི་ལམ་བཞིན།།

༢༠༡༧ ༧ ༣༠ མཚན་མོ་སྦྱར།
སྒྲུང་ནང་གི་མི
 
ངའི་སེམས་འདི་ནམ་ཡང
ཉིན་སྲུབ་གང་རུང་ཞིག་ནས་འགྲེང་ནས་འདུག་ཡོད་སྲིད
རྨི་ལམ་དུ་བདེ་སྡུག་ཅེས་པའི་མིང་ཡིག་ཆེ་ཆུང་ཤོར་བས་ཚུལ་གྱིས་བྲིས་འདུག

མཁའ་དབུགས་ལ་ཁ་རུ་བྲོ་བས་འཚོ་བ
མིག་ལམ་དུ་མངོན་པའི་སྐྱེ་དངོས་དག
གཏིང་ཟབ་པའི་ཞེན་ཆགས་ཀྱི་རྒྱ་མཚོས་ནང་དུ་ཉར་ནས
རང་ཉིད་སྡུག་བསྔལ་གྱིས་བསྡམས་ཟིན་པ་ཚོར་གྱིན་མི་འདུག

ཉིན་དུ་གནས་པའི་སྐྱེ་འགྲོ་དག་མིག་གིས་འཚོ་ཞིང
དགའ་བ་ཡོད་ཚད་གནས་དེ་ནས་འཕྱུར་ཡོང

རླུང་གིས་གཡོ་མི་ནུས་པའི་བདེ་བ་དེ  
ཐོབ་འདོད་པའི་ལྷིང་འཇགས་རེད
བསྐལ་བ་ཁྲི་སྟོང་སྔོན་ནས་ཞེན་པས
བཀའ་བསྟན་ནང་གི་མཐའ་མའི་ཡིག་ཕྲེང་རྙིང་བ་དེ་རེད

གཙང་ངོས་སུ་བྲིས་པས་རི་མོ་སྐར་མ་ཆག་རོ་དེ
མཁའ་ལམ་དུ་ཚེས་པ་ལ་སྨོན་ལམ་འདེབས་མཐར
རྒྱང་རིང་ནས་སྐར་མདའ་གྲངས་མེད་ཅིག་རྒྱང་དུ་མཆེད
2017/9/28

དངངས་སྐྲག

བལྟས་བལྟས་རིག་རིག་ལ  
བུད་མེད་དེར་བཙན་གཡེམ་བྱས
དེ་ནི་མི་རིགས་ཀྱི་རིགས་རྒྱུད་སྤེལ་ཕྱིར་ཡིན་ཟེར
2017/10/17

ལོག་མི་འདོད

ཕ་ཡུལ་དུ་ལོག་མི་འདོད
ང་རང་ཕ་ཡུལ་དུ་ལོག་མི་འདོད
ཁེར་རྐྱང་ངང་སེམས་འདི་ཁྱེད་ལ་གླན་འདོད
ལྷིང་འཇགས་ཀྱི་གནས་ཚང་ཞིག་ལ་འཚོ་བ་རོལ་འདོད
དམིགས་ཡུལ་དང་རྒྱུ་རྐྱེན་མེད་པར་ཕྱིར་ཕ་ཡུལ་དུ་ལོག་མི་འདོད
ང་ཁྱོད་ལ་དགའ་བ་དང་ཞེན་ཆགས་ཟབ་དྲགས་པས་ཕྱིར་ལོག་མི་འདོད
2017/10/20

མེ་ཏོག

གློ་བུར་དུ་སྒེའུ་ཁུང་བྱས་པ་ན
འཁྲུལ་བའི་བརྩེ་འདང་རེ་བཞུར་ཡོང
ཕྱི་རོལ་དུ་གནས་པའི་ཁ་བ་ལེབ་མོ་དེ་དག་ལྷོད་ཀྱིས་རྒྱུ
ངལ་བ་བརྒྱ་སྟོང་ཁྲོད་ནས་མཚར་ལོང་བྱུང་བའི་མེ་ཏོག་དཀར་པོ་དེ
དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཁུར་བའི་ཁ་བ་ལེབ་མོ་དག་གི་མགུལ་ལ་བསྒྲོན་འདོད
2017/10/22

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30r6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41157702
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1