ཕལ་བའི་སེམས་སུ་རྗེ་ཁྱོད་དྲན་ཚུལ་འདི་ཙམ་ལགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཕལ་བའི་སེམས་སུ་རྗེ་ཁྱོད་དྲན་ཚུལ་འདི་ཙམ་ལགས།
ཕལ་བའི་སེམས་སུ་རྗེ་ཁྱོད་དྲན་ཚུལ་འདི་ཙམ་ལགས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/12/12ལྟ་ཀློག (2067)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཕལ་བའི་སེམས་སུ་རྗེ་ཁྱོད་དྲན་ཚུལ་འདི་ཙམ་ལགས།

ཁ་སྒང་སྟག་འབུམ་རྒྱལ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།


     རྗེ་ཁྱོད་སྔོན་བསྐལ་བ་དཔག་ཏུ་མེད་པའི་ཕ་རོལ་ནས་བྱང་ཆུབ་ཀྱི་ཁྲི་རིན་པོ་ཆེ་ལ་གཡོ་མེད་རང་དབང་གི་ལོངས་སྤྱོད་བརྙེས་ཡོད་ནའང་།   ང་དག་ཚུར་མཐོང་བ་རྣམས་ལ་མིག་མདུན་གྱི་སྣང་བ་ལས་བསམ་གྱིས་མི་ཁྱབ་པའི་ཆོས་གཞན་རྣམས་མཐོང་དཀའ་བས། ཕལ་བའི་བློ་དང་མིག་ལ་ཁྱོད་ཉིད་ཇི་ལྟར་སྣང་བ་དེ་ལྟར་ཁྱོད་ལ་རྗེས་དྲན་གྱི་ཚིག་འགའ་འབུལ་བར་ཀྱེ།
      ཁྱོད་རང་འཇིག་རྟེན་འདིར་ཕེབས་པ་ནས་བླ་སྤྲུལ་ག་གེ་མོའི་ཡང་སྤྲུལ་སོགས་ཅི་ཡང་མ་ཡིན་པར།  སྤྱིར་བཏང་གི་ཨ་མདོའི་བུ་ཆུང་ཞིག བླ་མའི་བཀའ་བཀོད་དང་རང་གི་དད་སྟོབས་ཀྱིས་དབུས་གཙང་ཆོས་ཀྱི་ལྗོངས་སུ་ཆིབས་ཁ་བསྒྱུར་ཅིང་།  ས་དགེ་བཀའ་རྙིང་གི་མཁས་ཆེན་སྟག་སེང་ཁ་སྤྲོད་པའི་ཁོར་ཡུག་ནང་།    རང་གི་དཀའ་སྤྱད་སྦྱངས་སྟོབས་ལ་བརྟེན་ནས་མཐར་མཁས་པ་དེ་རྣམས་ཀྱིས་ཀྱང་ཁྱོད་ལ་གངས་ཅན་མཁས་པའི་གཙུག་རྒྱན་ཞེས་བསྔགས་པ་དོན་ལྡན་གྱི་མེ་ཏོག་ཡང་ཡང་གཏོར་བས། ངས་ཕྱུག་པོ་ངོ་སོ་ཅན་ཐམས་ཅད་བླ་མ་དང་། བླུན་པོ་ཡིག་ངོ་མི་ཆོད་པ་རྣམས་མཁན་ཆེན་དུ་འབོད་པའི་དུས་རབས་འདིར། རྗེ་ཁྱོད་ཀྱི་རྣམ་ཐར་གཙང་མ་ན་ཟུག་དང་དྲན་གདུང་གིས་ཀློག་བཞིན་ཡོད།
     ཁྱོད་རང་འཇིག་རྟེན་འདིར་ཕེབས་པ་ནས་མ་བསླབས་རང་བྱུང་གི་ཐམས་ཅད་མཁྱེན་པ་སོགས་གང་ཡང་མ་ཡིན་པར།  སྤྱིར་བཏང་གི་སློབ་གཉེར་བ་ཕལ་བ་ཞིག   ཐུགས་འདུན་དང་བསྙེན་བཀུར་གཙང་མོས་གྲུབ་མཐའ་རིས་མེད་ཀྱི་བླ་མ་བཅུ་ཕྲག་བཞི་ལྷག་གི་ཞབས་རྡུལ་སྤྱི་བོར་མཆོད་ཅིང་།   ཤེས་བྱ་སྣ་གཅིག་ལའང་ཐོས་པ་ཕུན་ཚོགས་བཞི་ལྡན་གྱི་དམ་བཅའ་དང་སྙིང་སྟོབས་མ་བཏང་བའི་མཐར། གཞུང་ལུགས་རབ་འབྱམས་སྨྲ་བ་ལ་སེང་ཆེན་མི་འཇིགས་པའི་སྤོབས་པ་ཀུན་ནས་བརྙེས་པས། ངས་ཞག་གཅིག་གི་དཔེ་ཆ་བ་ཐམས་ཅད་མཁས་པ་དང་།    ལམ་མདོའི་བོང་བུའང་ཅང་ཤེས་རྟ་མཆོག་ཏུ་རློམ་པའི་དུས་རབས་འདིར། རྗེ་ཁྱོད་ཀྱི་རྣམ་ཐར་སྙན་མོ་དད་སེམས་དང་ཡིད་ཆེས་ཀྱིས་ཀློག་བཞིན་ཡོད།
         ཁྱོད་རང་འཇིག་རྟེན་འདིར་ཕེབས་པ་ནས་ཕྱི་ནང་གསང་གསུམ་གྱི་དེ་ཉིད་རང་དབང་དུ་མཐོང་བའི་གྲུབ་ཆེན་པ་སོགས་གང་ཡང་མ་ཡིན་པར།    གཞུང་ལུགས་རྒྱ་མཚོ་ལ་ཐོས་བསམ་གྱི་རྐྱལ་རྩལ་མ་བཏང་བའི་འབྲས་བུ་དང་། ཉམས་ལེན་གྱི་བདེན་པ་ར་འཕྲོད་ལ་ཡུན་རིང་གི་བསགས་སྦྱངས་མ་བོར་བའི་བྱིན་མཐུ་ཡིས། ལམ་སྔགས་གཉིས་ཀྱིས་མཚོན་པའི་གསུང་རྩོམ་མང་པོ་དུས་རབས་ནས་དུས་རབས་བརྒལ་ཅིང་།     མཁས་པ་ནས་མཁས་པའི་ངག་དང་སྨྱུག་རྩེར་གྲངས་མེད་པ་བརྒྱུད་མཐར། ད་དུང་ཡང་སྙན་པའི་སྒྲ་དང་བརྗིད་པའི་སྟབས་ཀྱིས་འཛམ་གླིང་ལ་ཕན་བདེ་བསུ་བཞིན་པས།    ངས་སྐབས་ཀྱི་རྣམ་རྟོག་ཐམས་ཅད་དཔྱད་འབྲས་དང་། གང་བྲིས་གང་ལབ་མཐའ་དག་ལེགས་བཤད་དུ་མཐོང་བའི་དུས་རབས་འདིར།     རྗེ་ཁྱོད་ཀྱི་རྣམ་ཐར་བརྗིད་པོ་ངུ་ངག་དང་མིག་ཆུ་ཡིས་ཀློག་བཞིན་ཡོད།
      ཁྱོད་རང་འཇིག་རྟེན་འདིར་ཕེབས་པ་ནས་མཛད་པ་འཕྲིན་ལས་དག་ངོ་མཚར་བསམ་གྱིས་མི་ཁྱབ་པའི་རིགས་སོགས་གང་ཡང་མ་ཡིན་པར། རྒྱལ་བའི་བཀའ་ལས་ཡི་གེ་ན་གཅིག་ཀྱང་འཚང་རྒྱའི་ཐབས་སུ་དམིགས་ཤིང་། འདུལ་བའི་ཕྱག་ལེན་གྱི་ཆ་ཕྲ་མོ་ཙམ་ལའང་དཔྲལ་བའི་མིག་ལྟར་གཅེས་ཤིང་བསྲུངས་པ་ལས་གང་མཛད་དྲི་བཟང་ཕྱོགས་སུ་ཁྱབ་མཐར།    གནམ་བསྐོས་ས་ཡི་ཚངས་པ་གོང་མ་ཡུང་ལོས་ནས་མིང་ཆེན་མོའི་མཛོད་བརྒྱའི་བསུ་མ་ཁྱོད་ཉིད་ལ་བཏང་སྟེ། ལོངས་སྤྱོད་ཟད་མི་ཤེས་པའི་དཔལ་ལ་གདན་ཞུ་མཛད་ཀྱང་ཆོས་བརྒྱད་ཀྱི་བསླུ་བྲིད་ཐམས་ཅད་ཐལ་བའི་མཆི་མ་བཞིན་གཟིགས་པས།    ངས་འཚོལ་བྱ་ཐམས་ཅད་ཐོབ་དང་སྙན་གྲགས་དང་། བསམ་བྱ་མཐའ་དག་ནོར་དང་སྦྱིན་བདག་ཡིན་པའི་དུས་རབས་འདིར།    རྗེ་ཁྱོད་ཀྱི་རྣམ་ཐར་བརྟན་པོ་ངོ་མཚར་དང་བསམ་གཞིག་གིས་ཀློག་བཞིན་ཡོད།
      ཁྱོད་རང་འཇིག་རྟེན་འདིར་ཕེབས་པ་ནས་རྫུ་འཕྲུལ་དང་མཐུ་རྩལ་ཅི་རིགས་ཀྱིས་ཕྱུག་པ་སོགས་གང་ཡང་མ་ཡིན་པར།     འཐུང་བྱ་ཆུ་རྐྱང་འཁྱག་པ་ལ་བཟའ་བྱ་སྲན་རྡོག་སྐྱ་རིལ་ཙམ་ལས་ཅི་ཡང་མེད་པར།  ཉིན་ནས་མཚན་དང་། ཟླ་ནས་ལོར་མཐུད་བརྩོན་འགྲུས་ཀྱི་རྒྱུན་ཐག་མ་ལྷོད་ཅིང་།      ཆོད་སེམས་ཀྱི་མཁར་རྫོང་མ་བཤིག་པའི་དབང་གིས། གཞུང་ཆེན་བཅུ་ཕྲག་ཐུགས་ཐོག་ནས་ཐོགས་མེད་དུ་འགྲེལ་ཞིང་། མཁས་གྲུབ་རྗེ་སོགས་ཡོན་ཏན་གྱི་ང་རྒྱལ་ལ་བསྐལ་བའི་མེ་དཔུང་འབར་བ་རྣམས་ཀྱང་ཞི་བར་བཏུལ་ནས་ཁྱོད་ཀྱི་རྗེས་སུ་གཉོམ་གཉོམ་ངང་ཞུགས་པས།   ངས་གང་དེའི་ཡོན་ཏན་དཔེ་ཆ་དང་གློག་ཀླད་ཐོག་གནས་ཤིང་། རང་གི་ལྟ་སྤྱོད་རང་ལའང་ངེས་མེད་གཏོལ་བྲལ་དུ་གྱུར་བའི་དུས་རབས་འདིར། ཁྱོད་ཀྱི་རྣམ་ཐར་གསོན་པོ་ལ་རྒྱ་དང་དཔའ་སྤོབས་ཀྱིས་ཀློག་བཞིན་ཡོད།

        གལ་སྲིད་རྗེ་ཁྱོད་ཀྱི་སྐུ་ཚེ་དེ་ཉིད་ལ་བསྟན་པ་དང་འགྲོ་དོན་གྱི་ཆེད་དུ་ཐོས་བསམ་སྒོམ་གསུམ་དང་།  འཆད་རྩོད་རྩོམ་གསུམ་གྱི་དཀའ་སྤྱད་སྐྱུར་མོ་བསམ་ཡུལ་ལས་འགོངས་པ་བཏང་ཡོད་ཚུལ་མི་བདེན་ན།    ཁྱོད་ཀྱི་སྐུ་ཚེ་སྟེ་ཐུང་ཐུང་མི་ལོ་ལྔ་བཅུ་འདི་ཙམ་ལས་རིང་དུ་བཞེས་ཡོད་ཀྱང་སྲིད། གང་ལྟར། དེ་རིང་ནི་ཁྱོད་ཀྱི་དགོངས་རྫོགས་ཉིན་མོ་ཡིན་པས།    ཁྱོད་ཀྱི་རྣམ་ཐར་ལ་མཇལ་བཞིན་ཁྱོད་ལ་འདི་ལྟར་རྗེས་དྲན་ལན་ཅིག་འབུལ།    ཀྱེ།   གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ་ལགས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41172687
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1