ཁམས་རི་བོ་ཆེའི་གཟུགས་འདས་རིག་གནས་ཤུལ་བཞག་འགའ་ཞིག་ཅུང་ཟད་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ཁམས་རི་བོ་ཆེའི་གཟུགས་འདས་རིག་གནས་ཤུལ་བཞག་འགའ་ཞིག་ཅུང་ཟད་གླེང
ཁམས་རི་བོ་ཆེའི་གཟུགས་འདས་རིག་གནས་ཤུལ་བཞག་འགའ་ཞིག་ཅུང་ཟད་གླེང་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/12/20ལྟ་ཀློག (4402)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །ཁམས་རི་བོ་ཆེའི་གཟུགས་འདས་རིག་གནས་ཤུལ་བཞག་འགའ་ཞིག་ཅུང་ཟད་གླེང་བ།

གླེང་བ་པོ།  མགར་ཚང་ཚེ་རྡོར།

གླེང་བྱའམ་ཐ་སྙད་གཙོ་བོ།

གནའ་བོའི་མགུར་གླུ།  གནའ་བོའི་གྱང་གི་རིག་གནས། གཙུག་ལག་ཁྲ་འཁྱིལ་མའི་ལྷ་ཁང་། གནའ་བོའི་བྲོ་ཆེན། གནའ་བོའི་ཆས་གོས། གནའ་བོའི་རལ་པའི་ཞབས་བྲོ། གནའ་རབས་སྒྲུབ་མཆོད་དུས་ཆེན་བཅས་སོ། །

གླེང་ཚུལ།

གོང་གི་རིག་གནས་ཀྱི་ཚན་པ་དེ་དག་འདུས་ཤིང་གཙུག་ལག་ཁྲ་འཁྱིལ་མའི་ལྷ་ཁང་གསར་དུ་བཞེངས་ཏེ་རི་བོ་ཆེའི་སྒྲུབ་མཆོད་དུས་ཆེན་དབུ་བརྙེས་པའི་ལོ་རྒྱུས་གསལ་བོར་སྟོན་པའི་༼ རྣམ་ཐར་ཟློས་གར་ཆེན་མོ་བཀྲ་ཤིས་དགེ་མཚན་འབུམ་གྱི་ཕོ་ཉ་ ༽ལ་གཞི་བཅོལ་ཏེ་ཅུང་ཟད་ཅིག་གླེང་བར་བྱའོ། །

༡ ཐོག་མའི་གཏམ།

    

དེ་ཡང་འཛམ་གླིང་སྤྱིའི་ཁ་ཕྱོགས་ལ་བསམ་བློ་བཏང་བ་ཡིན་ན་ནོར་པེལ་རྩོམ་རིག་བྱ་དགའ་ཐོབ་མྱོང་མཁན་གྱི་མཁས་དབང་དུ་མ་སྤྱི་ལོ་ ༡༩༧༧ ལོར་ཧྥ་རན་སི་རུ་མཉམ་འཛོམས་བྱས་ཤིང་འཛམ་གླིང་གི་གནས་བབས་དང་མ་འོངས་པའི་འཚོ་གནས་ཀྱི་སྐོར་ལ་གྲོས་མོལ་བྱས་པ་ན། འགྲོ་བ་མིའི་རིགས་འདི་ཡུན་རིང་འཚོ་གནས་ཡོང་ཕྱིར་གཟུགས་ཅན་མ་ཡིན་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དགོས་ཚུལ་གྱི་གྲོས་ཐག་ཆོད་ཅིང་། སྤྱི་ལོ་ ༢༠༠༠ ལོ་ནས་འགོ་བཟུང་སྟེ་འཛམ་གླིང་མཉམ་འབྲེལ་རང་བཞིན་ཅན་གྱི་རྒྱལ་སྤྱིའི་གྲོས་ཆོད་ལྟར་གཟུགས་འདས་རིག་གནས་ཤུལ་བཞག་གི་བརྩམས་ཆོས་བསྡུ་རུབ་ཀྱི་ལས་འགུལ་གསར་པ་སྤེལ་ཏེ་འཛམ་གླིང་ཡོམ་ཡོམ་དུ་བསྒུལ་བར་བྱས་པ་དང་། རང་རྒྱལ་གྱིས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་སྲོལ་རྒྱུན་རྒྱུན་འཛིན་གྱི་སྲིད་ཇུས་གསར་བའི་ཉི་གཞོན་མཁའ་ལ་འཕགས་ཏེ་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་བདེ་སྐྱིད་ཀྱི་འབྱུང་རྩར་གྱུར་པའི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་དབྱར་གྱི་ཆུ་གཏེར་ཇི་བཞིན་གོང་འཕེལ་དུ་གཏོང་བཞིན་པའི་སྐབས་འདིར།  རང་རེས་ཀྱང་ཕ་ཡུལ་གྱི་ནུབ་ལ་ཉེ་བའི་རིག་གནས་དག་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས་པ་ནི་རང་རང་གི་ཕྲག་སྟེང་དུ་བབས་པའི་འོས་འགན་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པའི་ལས་འགུལ་ཞིག་ཡིན་པ་སྨོས་མ་དགོས། ཡང་སྒོས་སུ་མདོ་དབུས་མཐོ་སྒང་ན་འཚོ་གནས་བྱས་པའི་མེས་པོ་རྣམས་ཀྱིས་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱས་པ་ལས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཞེས་སྣ་མང་ཕུན་སུམ་ཚོགས་ཤིང་གཟི་བྱིན་གྱི་ཕུང་པོ་འོད་དུ་འབར་བའི་དངོས་མིན་རིག་གནས་ཤུལ་བཞག་དག་ནི། འཛམ་གླིང་རིག་གནས་ཀྱི་ཁྲོད་དུ་བྱམས་བརྩེ་དང་ཤེས་རབ་ཀྱིས་ཕྱུག་པའི་རིན་བྲལ་གྱི་ནོར་བུ་རྩ་ཆེན་ཞིག་ཡིན་པ་ལ་སུས་ཀྱང་བསྙོན་དུ་མེད། དེར་བརྟེན་ཕ་ཡུལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གཙུག་ལག་ཁྲ་འཁྱིལ་མའི་ལྷང་ཁང་ཆེན་མོ། གནའ་རབས་སྒྲུབ་མཆོད་དུས་ཆེན། གནའ་བོའི་མགུར་གླུ། ཕ་ཡུལ་གྱི་གནའ་བོའི་མེས་པོ་དག་གི་ཆས་གོས། ཆེས་གདོད་མའི་དུས་ནས་བརྒྱུད་ཡོང་བའི་ཕལ་ཡུལ་གྱི་རིན་ཐང་བྲལ་བའི་གྱང་གི་རིག་གནས། ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་གནའ་བོའི་བྲོ་ཆེན། སྔོན་དུས་སུ་ལོ་ངོ་བདུན་བརྒྱ་ལྷག་གི་ཡུན་ལ་ཕ་ཡུལ་གྱི་དུས་ཆེན་ཁག་དང་ཁ་བྲལ་མ་མྱོང་བའི་རལ་པའི་ཞབས་བྲོ་སོགས་མདོར་ན་རྩ་ཆེའི་ལོ་རྒྱུས་དང་རྩ་ཆེའི་རིག་གནས་འགའ་ཞིག་མི་རབས་རྗེས་མ་དག་ལ་ཤེས་སུ་འཇུག་ཕྱིར་ང་ཚོས་འདི་ནས་གོང་གི་རིག་གནས་དེ་དག་གསལ་བོར་སྟོན་ཐུབ་པའི་ཟློས་གར་འཁྲབ་ཚན་ཏེ།  ༼ཆོས་སྐུ་ཨོ་རྒྱན་མགོན་པོས་གཙུག་ལག་ཁྲ་འཁྱིལ་མ་བཞེངས་ཤིང་ལེགས་གྲུབ་བྱུང་ཚུལ་གྱི་རྣམ་ཐར་ཟློས་གར་ཆེན་མོ་བཀྲ་ཤིས་དགེ་མཚན་འབུམ་གྱི་ཕོ་ཉ་༽ཞེས་པའི་ཟློས་གར་ནང་གི་ཚན་པ་ཁག་ཅུང་ཟད་གླེང་བའི་ལས་ལ་ཞུགས་པར་བྱའོ། །

 

༡ གཙུག་ལག་ཁྲ་འཁྱིལ་མའི་ལྷ་ཁང་ཅུང་ཟད་གླེང་བ།

    

སྤྱིར་བཏང་དེང་སང་སྒེར་གཞུང་མང་པོ་ཞིག་གིས་དད་པ་དང་དགོས་དབང་ཅི་རིགས་ཀྱིས་གཙུག་ལག་ཁང་ཆེན་མོ་འདིའི་རྒྱུ་མཚན་དང་བཟོ་བཀོད་ཤེས་ནས་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ཕྱིར་འདིའི་གྲུབ་ཚུལ་རྒྱས་པར་གླེང་བའི་ངལ་བ་ལྷུར་ལེན་གྱིན་མེད་ལ། ངོ་མཚར་བློ་ཡུལ་ལས་འདས་པའི་གཙུག་ལག་ཁང་ཆེན་མོ་འདི་བདག་ལྟ་བུ་ཞིག་གིས་གླེང་བར་ཡང་རྔོ་མི་ཐོགས་སོ། །འོན་ཀྱང་སྐབས་བབས་ཀྱི་ས་དཔྱད་མ་སྟོང་ཙམ་དུ་ཅུང་ཟད་གླེང་བར་བྱ་བ་ནི། ཕྱི་ལྟར་རྣམ་རྒྱལ་ཕོ་བྲང་མི་ཡུལ་དུ་འཕོས་པ་ལྟ་བུའི་མཛེས་བརྗིད་ཀྱི་ངོ་མཚར་འབུམ་གྱིས་ཕྱུག་ཅིང་། ནང་ལྟར་དཔལ་ལྡན་གསང་བ་འདུས་པའི་དཀྱིལ་འཁོར་གྱི་བཀོད་པ་རྫོགས་པར་གྲུབ་པའི་གཙུག་ལག་ཁང་ཆེན་མོ་འདིའི་འོག་ཁང་ཁྲ་བོ་ཐུགས་ཀྱི་རྟེན་དེའི་ཕྱི་རིམ་གྱང་ལས་གྲུབ་ཅིང་སླར་ཡང་ནང་དུ་རྩིགས་པ་རིམ་པ་གཅིག་ཡོད་པ། སྦོམ་ཐུང་ལ་མི་ཆེན་གཉིས་ཀྱི་གཞུ་འདོམ་དུ་ཆུད་པར་དཀའ་བའི་ཀ་རིང་བརྒྱད་ཅུ་དང་། ཞུ་དང་སེང་ལག་ལྕམ་དང་གདུང་མ་དག་ཀྱང་སྲ་ཞིང་བརྟན་ལ་མཛེས་ཤིང་བཀྲ་བ། འོག་ཁང་གི་མཐོ་ཚད་ལ་ཁང་རྩེག་ལྔའི་མཐོ་ཚད་ཙམ་ཡོད་པ་དེ་ཉིད་ཀྱི་ཕྱི་ནང་གི་བཟོ་བཀོད་གཙོ་བོ་གནའ་བོའི་རྒྱ་གར་གྱི་བཟོ་བཀོད་ལྟར་བྱས་པ་ཡིན་ཞིང་། བར་ཁང་དམར་པོ་གསུང་གི་རྟེན་རྩིགས་པ་ལས་གྲུབ་པ་དེའི་བཟོ་བཀོད་གནའ་བོའི་རྒྱ་ནག་གི་ལུགས་སུ་བྱས་པ། སྟེང་ཁང་དཀར་པོ་སྐུའི་རྟེན་སབ་མ་ཤིང་ལས་བྱས་པ་དེ་ཉིད་བཟོ་བཀོད་གནའ་བོའི་བལ་པོའི་ལུགས་སུ་བྱས་པ་སྟེ། དེ་ལྟར་གནའ་བོའི་དུས་སུ་བཟོ་རྩལ་སྐོར་ནས་ཡ་གླིང་ན་སྙན་གྲགས་ཆེ་བའི་རྒྱལ་ཁབ་གསུམ་གྱི་བཟོ་རྩལ་གྱི་ཉིང་བཅུད་འདུས་པའི་གཙུག་ལག་ཁང་ཆེན་མོ་འདི་ཉིད་རྒྱ་བོད་སོག་གསུམ་གྱི་མི་སུ་འདྲ་ཞིག་ཡིན་རུང་ལྷ་ཁང་འདི་མཇལ་མ་ཐག་ཏུ་མཐོ་ཞིང་ལྷུན་ཆགས་པའི་ཕྱིའི་མཛེས་བརྗིད་དང་ནང་གི་ཡངས་ཤིང་རྒྱ་ཆེ་ལ་དཔང་མཐོ་བ་སོགས་ལ་ངོ་མཚར་མི་སྐྱེ་མཁན་ཕལ་ཆེར་མེད་པ་ལྟ་བུ་རེད། དེ་ལྟ་བུའི་གཙུག་ལག་ཁང་འདི་ནི་མདོ་སྟོད་དགོན་ཚང་རུ་བཞིའི་ཡ་རྒྱལ་དུ་དུས་རབས་བཅུ་གསུམ་པའི་ནང་མི་ཡུལ་དུ་བལྟམས་པ་ནས་བཟུང་རིག་གནས་གསར་བརྗེའི་གོད་ཆག་ཁྲོད་དུ་མ་གཏོག་ཉམས་རྒུད་གཏན་ནས་འགྲོ་མ་མྱོང་ཞིང་། རིག་གསར་སྐབས་སུ་གསར་བརྗེའི་ལས་འགུལ་བ་དག་གི་ལག་རྗེས་བརྗེད་པར་དཀའ་བ་ཐལ་བའི་ཕུང་པོ་ཆེན་པོར་གྱུར་པ་དེ་ཉིད་སླར་ཡང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་དུ་ཞིག་གསོ་ལེགས་གྲུབ་བྱུང་སྟེ་ད་ལྟ་སྙན་པ་བླ་ན་མཐོ་བའི་བོད་ཁུལ་གྱི་ལྷ་ཁང་ཆེ་ཤོས་ཤིག་ཏུ་གྲུབ་ཡོད་པ་རེད། 

༢ རི་བོ་ཆེའི་གནའ་བོའི་མགུར་གླུ།

 

སྤྱིར་བཏང་བོད་མི་རིགས་འདི་ཤེས་རིག་ཆེས་ཆེར་དར་ཞིང་ཁྱད་པར་དུ་རྩོམ་རིག་སྒྱུ་རྩལ་གྱི་ཡང་རྩེར་སོན་པའི་མི་རིགས་ཤིག་ཡིན་གཤིས་རྩོམ་རིག་སྐོར་གྱི་ལོ་རྒྱུས་ངོ་མཚར་བརྗོད་ཀྱིས་མི་ལངས་པ་མང་དུ་ཡོད་མོད། མདོར་དྲིལ་ན་ངག་ཐོག་དང་ཡིག་ཐོག གཞུང་ལུགས་ཀྱི་རྣམ་པ་སྟེ་དུས་རིམ་གྱི་ཆ་ནས་རིགས་ཚན་གསུམ་དུ་བསྡུ་རུང་ཞིང་། དེ་ལས་ངག་ཐོག་གི་རྩོམ་རིག་ནི་དཔེར་ན་སྲིད་པ་ཆགས་གླུ་དང་། སྲིད་པའི་བ་ཆུང་བཤའ་གླུ། རྟ་གླུ། ལུག་གླུ། གླུ་དང་ཤགས། མཛའ་གཞས། མགུར་གླུ། བོན་སྒྲུང་ལྡེའུ་གསུམ། གཏམ་དཔེ། ཁ་དཔེ། གེ་སར་གྱི་སྒྲུང་སོགས་ཤིན་ཏུ་མང་ཞིང་། དེ་དག་ཀྱང་བོད་རིགས་རང་གི་མང་ཚོགས་ཀྱི་རྒྱུན་རིང་འཚོ་བའི་ཕབ་རྟ་ལས་བྱུང་ཞིང་ངག་ནས་ངག་ཏུ་བརྒྱུད་ཡོང་བ་འབའ་ཞིག་གོ། །དེ་ལས་སྐབས་སུ་བབས་པ་མགུར་གླུ་ལ་མཚོན་ན་རྩོམ་སྟངས་དང་དབྱངས་རྟ་ལ་གནའ་བོའི་བྲོ་བ་ཆེས་ཆེར་ལྡན་པ་ཞིག་སྟེ། དེའང་བརྗོད་བྱ་ལ་མགུར་གླུ་ལེན་པ་པོའི་རྒྱུད་ཀྱི་བྱམས་སྙིང་རྗེ་དང་གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་གཏམས་ཤིང་། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་དངོས་པོ་རྣམས་ཀྱི་གནས་ཚུལ་དང་སྣང་ཚུལ་ཇི་ལྟར་ཡིན་པ། བདེ་སྡུག་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་རྒྱུ་རྐྱེན་རྟེན་འབྲེལ་ཇི་ལྟར་ཡིན་པ། དེ་ལ་བླངས་དོར་འཇུག་ལྡོག་ཇི་ལྟར་བྱེད་དགོས་མིན་སོགས་ཡིན་ལ།  མགུར་གླུའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བསམ་བློ་བཏང་བ་ཡིན་ན་གནའ་སྔ་མོའི་དུས་སུ་བོད་ཀྱི་སྐད་ཆའི་ལམ་ནས་བསམ་བློ་བརྗེ་རེས་དང་བགྲོ་གླེང་བྱེད་པའམ་ཡང་ན་སྤྱིར་བཏང་གི་སྐད་ཆ་བཤད་པའི་སྐབས་སུ་ས་དཔེ་རྡོ་དཔེ་མང་པོ་ལེན་ཞིང་ཕན་ཚུན་གླུ་ངག་གི་དབྱངས་རྟ་མི་འདྲ་བ་དུ་མའི་ལམ་ནས་གྱེར་ཅིང་སོས་དལ་བག་ཕེབས་ཀྱིས་གླེང་མོལ་བྱེད་པའི་གོམ་སྲོལ་ཡོད་པ་ལོ་རྒྱུས་རྙིང་པ་དག་ལས་གསལ་བོར་ཤེས་ཐུབ་སྟེ། དཔེར་ན་སྟག་རི་གཉན་གཟིགས་དང་གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོ་སོགས་ཀྱི་སྐབས་སུ་རྒྱལ་བློན་ཕན་ཚུན་བར་གྱི་གཏམ་གླེང་དག་དང་། མི་ལའི་མགུར་འབུམ། གེ་སར་གྱི་སྒྲུང་སོགས་ལས་གནའ་བོའི་དུས་སུ་བོད་མི་དག་གིས་ཕན་ཚུན་གླུ་ངག་གི་ལམ་ནས་གཏམ་དཔེ་ལེན་དཔེ་འཇོག་གིས་སྐད་ཆ་བཤད་རེས་བྱེད་ཚུལ་གསལ་བོར་རྟོགས་ཐུབ། འོན་ཀྱང་དེ་དག་རིམ་གྱིས་འགྱུར་བ་ཕྱིན་ཏེ་ད་ལྟའི་དུས་སུ་གླུ་ངག་གི་ལམ་ནས་སྐད་ཆ་བཤད་པའི་གོམ་སྲོལ་ཨ་མདོའི་ཕྱོགས་སུ་ཅུང་ཟད་ཙམ་ཡོད་པ་མ་གཏོག་ཁམས་དབུས་གཉིས་སུ་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོད། ང་ཚོའི་ཕ་ཡུལ་དུ་ལོ་ངོ་བཅུ་ཕྲག་གཉིས་ཀྱི་སྔོན་ཙམ་དུ་རྫི་བོ་རྣམས་ཀྱིས་ཕན་ཚུན་གླུ་རིགས་དུ་མའི་ལམ་ནས་མཛའ་གྲོགས་བསྒྲིགས་པ་དང་། ཤགས་འགྱེད་པ་སོགས་ཀྱི་གོམ་སྲོལ་ཅུང་ཟད་རེ་ཡོད་ནའང་ད་ལྟའི་དུས་སུ་དེ་འདྲའི་ལམ་སྲོལ་ཕལ་ཆེར་ཡོད་ཚོད་མི་འདུག དེ་ལྟ་བུའི་སྐབས་བབས་ཀྱི་དགའ་སྐྱོ་ཆགས་སྡང་དང་བསམ་ཚུལ་ཐུན་མོང་མ་ཡིན་པ་དག་ངག་གི་ལམ་ནས་གླུ་རུ་གྱེར་བ་དེ་ལ་སྤྱིར་བཏང་གི་གླུ་དང་མགུར་གླུ་ཞེས་གཉིས་སུ་ཕྱེ་རིགས་པ་ལས། རྗེ་བཙུན་མི་ལ་རས་པ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་ལྟ་བུའི་སྐྱེས་བུ་ཁྱད་པར་ཅན་རྣམས་ཀྱིས་རང་རང་གི་ཉམས་རྟོགས་དག་ངག་གི་ལམ་ནས་དབྱངས་རྟ་སྙན་མོ་དང་སྦྱར་ཏེ་གླུ་རུ་གྱེར་བ་ལ་མགུ་གླུ་ཟེར་ཞིང་། ང་ཚོའི་རི་བོ་ཆེའི་དགོན་པ་ཕྱག་འདེབས་པ་པོ་མགྲོ་མགོན་སངས་རྒྱས་དབོན་རིན་པོ་ཆེ་ལྟ་བུ་ལ་མཚོན་ནའང་དགུང་ལོ་གསུམ་ལ་ཕེབས་པ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་ཡོངས་སུ་གྲོལ་ཏེ་གསུང་རྡོ་རྗེའི་གླུ་མཛོད་རང་ཤུགས་སུ་རྡོལ་སོང་བ་ཡིན་ཚུལ་ཁོང་གི་གསུམ་འབུམ་ནང་གི་མགུར་གླུའི་སྡེ་ཚན་བཀྲ་ཤིས་གཡས་སུ་འཁྱིལ་བའི་བུམ་བཟང་ནང་དུ་གསལ་བ་ལྟར་མགུ་གླུ་བརྒྱ་ཕྲག་དུ་མ་འཐེན་པར་མཛད་པ་དག་ནི། ཕ་རྒན་མར་པ་ལོ་ཙྰ་དང་རྗེ་བཙུན་མི་ལ་རས་པ་རྣམ་གཉིས་ནས་བརྒྱུད་པའི་གྲུབ་ཆེན་གོང་མ་དག་གི་དབྱངས་རྟའི་ཉམས་འགྱུར་ལྡན་ཅིང་། ནང་གི་བརྗོད་བྱ། ཚིག་སྦྱོར་གྱི་སྙན་ཆ་སོགས་གང་ལ་བསམ་ཡང་ངོ་མཚར་བའི་སྒྱུ་རྩལ་འབུམ་གྱིས་ཕྱུག་ཅིང་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་ཡིན་པའི་ཡིད་ཆེས་སྐྱེ་རུང་བ་ཤ་སྟག་ཡིན་པ་ལ་སུས་ཀྱང་བསྙོན་དུ་མེད་པ་རེད། རྒྱུ་མཚན་དེ་དག་གི་ཕྱིར་ན་ཟློས་གར་ནང་གི་མགུར་གླུའི་དབྱངས་རྟ་དང་ཚིག་སྦྱོར། ནང་དོན་སོགས་གང་གི་ཐད་ནས་ཡིན་ཡང་སྤྱིར་ན་གནའ་བོའི་བོད་ཀྱི་མགུར་གླུའི་བྲོ་བ་ལྡན་པ་ཞིག་སྟེ། དེའང་མགུར་གླུའི་གླུ་ཚིག་དག་ཀྱང་རི་བོ་ཆེའི་དགོན་པ་ཐོག་མར་ཕྱག་འདེབས་པ་པོ་རྗེ་བཙུན་སངས་རྒྱས་དབོན་རིན་པོ་ཆེའི་མགུར་མཛོད་ལས་དྲངས་པ་ཡིན་ལ། མགུར་གྱི་དབྱངས་རྟ་ནི་རྗེ་བཙུན་མི་ལ་རས་པའི་འདས་མཆོད་ཆེན་མོ་བཀའ་བརྒྱུད་མགུར་མཚོའི་ནང་གི་མགུར་གྱི་དབྱངས་རྟ་དང་། བདེ་མཆོག་གི་ཆོས་བྲོའི་ནང་གི་མགུར་གྱི་དབྱངས་རྟ་སྟེ་གནའ་བོ་ནས་རྒྱུན་མ་ཆད་པར་འཐེན་བཞིན་པའི་མགུར་གྱི་དབྱངས་རྟ་དག་ལ་གཞི་བཅོལ་ཏེ་འཐེན་པ་ཡིན་ཕྱིར་མགུར་གྱི་རྒྱལ་པོ་རྗེ་བཙུན་མི་ལ་རས་པ་དང་རྗེ་བཙུན་སངས་རྒྱས་དབོན་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་ཀྱི་བཅུད་དང་མགུལ་གྱི་དཔལ་ཐམས་ཅད་འདུས་པའི་མགུར་གླུ་ཁྱད་པར་ཅན། ལོ་རྒྱུས་ཀྱི་ཕུགས་རྒྱང་རིང་ཞིང་གནའ་བོའི་བོད་གླུའི་ཁྱད་ཆོས་ལྡན་ལ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་ཞིག་ཡིན་པ་ལ་རྒྱུ་མཚན་གང་གིས་ཀྱང་གནོད་མི་ཐུབ་བོ། །

༣  རི་བོ་ཆེའི་གྱང་གི་རིག་གནས།

 

འཁྲབ་ཚན་དེའི་ནང་གི་གྱང་གི་རིག་གནས་ལ་མཚོན་ན་ཆེས་ཕུན་སུམ་ཚོགས་པ་ཞིག་སྟེ། དེའང་རི་བོ་ཆེའི་གཙུག་ལག་ཁྲ་འཁྱིལ་མ་འདིའི་ནང་གི་སྐུ་གསུང་ཐུགས་རྟེན་རྩ་ཆེན་ཡིན་པ་མ་ཟད་དེ་དག་བརྟན་པོར་འཛིན་མཁན་གྱི་ལྷ་ཁང་འདིའི་མཛེས་ཤིང་བརྗིད་ཆགས་པའི་འོག་ཁང་གྱང་ལས་གྲུབ་པ་ཡིན་ལ། དེ་ལྟ་བུའི་གྱང་དེ་ནི་གཙུག་ལག་ཁྲ་འཁྱིལ་མ་མ་བཞེངས་པའི་གོང་རོལ་ནས་ས་ཆ་འདིའི་མི་རྣམས་ཀྱི་སྡོད་ཁང་ལས་བྱེད་ཀྱི་ལག་ཤེས་ཕུན་སུམ་ཚོགས་པ་ཞིག་ཏུ་གྲུབ་ཡོད་པ་སྨོས་ག་ལ་དགོས། མདོར་ན་ཆེས་གདོད་མའི་དུས་ཀྱི་གྱང་གི་རིག་གནས་ལས་བརྒྱུད་ཡོང་བའི་ལག་ཤེས་ཁྱད་པར་ཅན་ཞིག་ཡིན་ཕྱིར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རིང་ཞིང་།  གྱང་རྡུང་སྟངས་ཀྱི་ཐད་ནས་གྱང་གླུ་ཁོ་ན་ལ་མཚོན་ན་གླུ་ཚིག་བརྒྱ་ཕྲག་འགའ་ལས་གྲུབ་ཅིང་གླུ་ཚིག་རེ་རེ་ལའང་གདངས་དབྱས་མི་འདྲ་བ་རེ་རེ་དང་། གདངས་དབྱངས་རེ་རེ་ལའང་ཐུན་མོང་མ་ཡིན་པའི་འདེགས་འཇོག་འགྱུར་ཁུག་གི་རྣམ་འགྱུར་མི་འདྲ་བ་རེ་རེ། དེ་རེ་རེ་ལའང་གནའ་བོའི་སེམས་ཁམས་དང་ཚོར་བ་མཚོན་པའི་ཁྱད་ཆོས་མི་འདྲ་བ་རེ་རེ་ཡོད་པ་དེ་འདྲ་ཞིག་རེད། གར་སྟབས་ལ་མཚོན་ན་ཞི་བ་དང་དྲག་པོ་སོགས་གར་གྱི་ཉམས་དུ་མ་འདུས་ཤིང་ངལ་གསོ་བའི་སྐབས་ཀྱི་ཉམས་དང་། དྲག་ཏུ་འཁྲབ་པའི་སྐབས་ཀྱི་ཉམས།  རིམ་གྱིས་ཕྱོགས་བཞི་རུ་ཁ་གྱུ་སྟེ་ཤུགས་ཀྱིས་རྡུང་བའི་ཉམས། དེ་དག་ལའང་གཉིས་རྡུང་དང་སུམ་རྡུང་། བཞི་རྡུང་། བཞི་མ་བཞི་ལིང་སོགས་ཀྱི་ཉམས་མི་འདྲ་བ་དུ་མ་ཡོད་ཕྱིར་ངོམས་པ་མེད་པའི་ལྟད་མོ་དང་རྫོགས་མཐའ་མེད་པའི་སྙན་དབྱངས།   རྩེད་དགའ་རྒྱས་པའི་ཚོར་འདུ། སྤྲོ་སེམས་འཁོར་བའི་འགུལ་སྐྱོད།  ངལ་དུབ་བྲལ་བའི་ཁྱད་ཆོས། མགྱོགས་པོར་ཐོན་པའི་གྲུབ་འབྲས་སོགས་བརྗོད་ཀྱིས་མི་ལངས་པའི་ཡོན་ཏན་དུ་མ་ཡོད་ལ།  ལག་ཆའི་སྐོར་ནས་གྱང་རྡུང་སའི་གྱང་ཐོ་དང་།  ས་ཁུར་སའི་སེལ་ཕོ།   གྱང་རམ། འཇིང་ཕུར།  འཇིང་ཐག  གྱང་རྩིབ་སོགས་མདོར་ན་སྣ་མང་དང་སྟབས་བདེའི་རང་བཞིན་ཅན་གྱི་ཡོ་བྱད་དུ་མ་འདུས་པའི་ངོ་མཚར་ཅན་གྱི་གནའ་བོའི་ལས་ཀ་ཞིག་ཡིན།  དེ་བཞིན་གྱང་ས་བརྟག་ཐབས་དང་། གྱང་རམ་སྤར་ཐབས། གྱང་ས་ཁུར་ཐབས། གྱང་རྐས་ལས་ཐབས། གྱང་སའི་སྐམ་རློན། རྡེའུ་མང་ཉུང་།  གྱང་དཔོན་གྱི་བཀོད་བསྒྲིགས་སོགས་གང་ལ་བསམ་ཡང་འཛམ་གླིང་གི་ས་ཁུལ་གང་དུའང་རི་བོ་ཆེའི་གྱང་གི་རིག་གནས་ལྟ་བུའི་ཕུན་སུམ་ཚོགས་པ་ཞིག་ཕལ་ཆེར་མེད་པ་ལྟ་བུ་རེད།  དེའི་རྐྱེན་གྱིས་དེང་སང་ཨར་འདམ་གྱི་མཁོ་སྤྱོད་འདི་སྲང་ལམ་དོག་པོའི་ཉོབས་ལུད་ལྟར་ཕྱོགས་ནས་ཕྱོགས་སུ་དར་ཞིང་མཆེད་དེ་མི་རྣམས་ཀྱིས་རང་གི་ལུས་ཁམས་ཀྱི་བདེ་ཐང་ལ་བསམ་བློ་གཏན་ནས་མི་བཏང་བར་མགྱོགས་ཚད་ཁོ་ན་ལ་མགོ་འཁོར་ཏེ་རང་གི་མེས་པོ་ནས་བརྒྱུད་ཡོང་བའི་རིན་བྲལ་གྱི་ནོར་བུ་འདི་ཉིད་གཏན་དུ་བརྗེད་ལ་ཉེ་བ་དྲན་གསོ་ཡོང་ཕྱིར་དང་།  ལོ་རྒྱུས་ཀྱི་གཟི་བྱིན་འབར་བའི་གཙུག་ལག་ཁྲ་འཁྱིལ་མའི་ལྷ་ཁང་འདི་ཉིད་གནའ་མི་དག་གིས་འདི་ལྟར་བཞེངས་པ་རེད་ཅེས་མི་གཞན་དང་མི་རབས་རྗེས་མ་དག་ལ་ངོ་སྤྲོད་བྱ་ཕྱིར་དང་། འཛམ་གླིང་གི་ཤེས་རབ་ཅན་གྱི་མི་དག་གིས་མི་ཡི་གཟུགས་པོ་ལ་འཕྲོད་ཆེ་ཤོས་ཀྱི་ཁང་པ་དེ་དབྱར་ཁ་བསིལ་ལ་དགུན་ཁ་དྲོ་བའི་རང་བཞིན་ལྡན་པའི་གྱང་གི་ཁང་པ་འདི་ཉིད་ཡིན་པར་ཞལ་མཐུན་ཏེ་གྱང་ཁང་ནང་དུ་སྡོད་རྒྱུ་ལ་རེ་སྨོན་འཆང་བཞིན་པ་དག་གི་དགོས་མཁོ་བཀངས་ཏེ་འཛམ་གླིང་རང་བཞིན་ཅན་གྱི་རིག་གནས་སུ་གྱུར་ནས། འགྲོ་བ་མིའི་རིགས་ཀྱི་བདེ་ཐང་གི་འཚོ་གནས་ལ་ལེགས་སྐྱེས་གྱ་ནོམ་པ་འབུལ་ཕྱིར། ང་ཚོས་ཆེད་དུ་གྱང་གི་རིག་གནས་འདི་ཉིད་གནའ་བོའི་བྲོ་བ་ཏིལ་འབྲུ་ཙམ་ཡང་ཉམས་སུ་མ་བཅུག་པར་ཟློས་གར་གྱི་ལམ་ནས་དར་སྤེལ་དང་ངོ་སྤྲོད་བྱས་པ་ཡིན།  

 

༣   རི་བོ་ཆེའི་གནའ་བོའི་བྲོ་ཆེན།

 

ཁམས་རི་བོ་ཆེའི་གནའ་བོའི་བྲོ་ཆེན་དག་ནི་སྒྲུབ་མཆོད་དུས་ཆེན་དང་འབྲེལ་ཏེ་འཚར་ལོང་བྱུང་ཞིང་སྒྲུབ་མཆོད་དུས་ཆེན་དང་འབྲེལ་ནས་ལང་ཚོའི་གསོན་ཤུགས་རྒྱས་པ་དང་། སྒྲུབ་མཆོད་དུས་ཆེན་དང་འབྲེལ་ཏེ་མི་ཡུལ་འདིར་ཡུན་རིང་གནས་སྡོད་བྱས་པའི་རིག་རྩལ་རྩ་ཆེན་ཞིག་ཡིན་པ་མ་ཟད། བྲོ་ཆེན་འདིས་ས་གནས་འདིའི་མི་རིགས་ཀྱི་ཁྱད་ཆོས་མང་པོ་མཚོན་ཏེ། དེ་ཡང་དབྱངས་ཀྱི་འདེགས་འཇོག་འགྱུར་ཁུག་དང་འགྲོགས་པའི་ས་གནས་འདིའི་སེམས་ཁམས་དང་། ས་གནས་འདིས་སྙན་འགྱུར་ལ་འཛིན་པའི་མཛེས་ཕྱོགས་ཀྱི་ལྟ་བ་མཚོན་པ་དང་། གནའ་བོའི་དུས་ཀྱི་གླུ་གར་སྒྱུ་རྩལ་ལ་དགའ་ཞིང་དུང་བའི་མི་རྣམས་ཀྱིས་གླུ་གར་སྒྱུ་རྩལ་གྱི་ཉམས་འགྱུར་གང་འདྲ་ཞིག་ལ་མཛེས་པར་རློམས་པའི་ལྟ་བ་སོགས་ས་གནས་ཀྱི་ཁྱད་ཆོས་མཚོན་ནུས་ཤིང་།  ད་ལྟ་འཛམ་གླིང་གང་དུ་ཕྱིན་ཀྱང་བྲོ་ཆེན་གྱི་དབྱངས་རྟ་དང་གར་སྟབས་སོགས་གང་ནས་བལྟས་ཀྱང་རི་བོ་ཆེའི་བྲོ་ཆེན་ལྟ་བུའི་གནའ་བོའི་བོད་ཀྱི་བྲོ་བ་ལྡན་པའི་བྲོ་ཆེན་འདི་ལྟ་བུ་ཕལ་ཆེར་མཐོང་དཀོན་པའི་ཚོད་རེད།  བྲོ་ཆེན་འདི་དག་ཀྱང་གླུ་ཚིག་དང་གདང་དབྱངས་སོགས་སྣ་མང་ཕུན་སུམ་ཚོགས་པ་ཞིག་སྟེ། དེའང་སྤྱིར་བཏང་བྲོ་སྣ་ཤིན་ཏུ་མང་ཞིང་བྲོ་སྣ་རེ་རེ་ལའང་རྡོག་བྲོ་མི་འདྲ་བ་རེ་རེ་དང་། རྡོག་བྲོ་མི་འདྲ་བ་རེ་རེ་ལ་བྲོ་གླུ་མི་འདྲ་བ་རེ་རེ་ཡོད་པ། དེ་དག་གི་ཉམས་འགྱུར་ཡོད་ཚད་ལ་ལྷད་མ་འདྲེས་པའི་གནའ་བོའི་ཉམས་འགྱུར་གྱིས་ཕྱུག་ཅིང་མཐོང་བ་ཙམ་གྱིས་ལུས་སེམས་བག་ཕེབས་དང་སྤྲོ་དགས་ཁེངས་འགྲོ་བ་ཤ་སྟག་རེད།

༤   རི་བོ་ཆེའི་རལ་པའི་ཞབས་བྲོ།

 

གནའ་དུས་སུ་རི་བོ་ཆེ་རུ་གྲགས་ཆེ་བའི་དུས་ཆེན་གསུམ་ཡོད་པ་ནི་བོད་ཟླ་བཞི་པའི་ཚེས་གསུམ་གྱི་དཔྱིད་མཆོད་དུས་ཆེན་དང་། བོད་ཟླ་ལྔ་པའི་ཚེས་བརྒྱད་ཀྱི་དབྱར་མཆོད་དུས་ཆེན། བོད་ཟླ་དྲུག་པའི་ཚེས་བཅོ་ལྔའི་སྒྲུབ་མཆོད་དུས་ཆེན་བཅས་རེད།  དུས་ཆེན་དེ་དག་གི་སྐབས་སུ་མེད་ཐབས་མེད་པའི་སྒྱུ་རྩལ་གྱི་ཉམས་འགྱུར་དང་དུས་ཆེན་དེ་དག་གི་སྐབས་མ་གཏོག་འཁྲབ་མི་ཆོག་པའི་འཁྲབ་ཚན་ཞིག་ཡོད་པ་དེའི་མིང་ལ་སྟེང་ཆེན་ཨོ་ཧྲོ་རལ་པ་ཟེར། རལ་པའི་ལོ་རྒྱུས་ཐོག་ནས་ལོ་རྒྱུས་རིང་ཤོས་དང་སྙན་གྲགས་ཆེ་ཤོས་ནི་ཨོ་ཧྲོ་རལ་པ་དེ་ཉིད་རེད་ལ། དེ་ནི་ཁྱུང་པོ་སྟེང་ཆེན་གྱང་སྔོན་སྟག་གསར་ཐང་གི་ཨོ་ཧྲོ་ཚང་ཞེས་པའི་དུད་ཚང་དེའི་མི་རབས་མི་བརྒྱུད་དང་བཅས་པས་བརྒྱུད་འཛིན་བྱས་པ་ཞིག་རེད། ཁོང་ཚོའི་རལ་པའི་ལོ་རྒྱུས་ཀྱི་འགོ་ཁུང་གྲུབ་ཆེན་མི་ལ་རས་པ་ལ་ཐུག་ཡོད་པ་མ་ཟད་དུད་ཚང་དེའི་རུས་རྒྱུད་ཀྱང་མི་ལ་རས་པའི་རུས་རྒྱུད་དང་འབྲེལ་ཡོད་པར་བཤད། རལ་པ་དེ་ནི་རི་བོ་ཆེའི་ལོ་རྒྱུས་དེབ་ཐེར་རྙིང་པ་དག་གི་ནང་དུ་སྔོན་མ་གཙུག་ལག་ཁྲ་འཁྱིལ་མ་གསར་དུ་བཞེངས་སྐབས་རལ་པ་འཁྲབ་ཚུལ་གྱི་ལོ་རྒྱུས་ཡོད་པ་ལྟར་རལ་པའི་ཞབས་བྲོ་དེ་ཉིད་རྒྱུན་འཁྱོང་གིས་འཁྲབ་ཏེ་ལོ་ངོ་བདུན་བརྒྱ་ཟིན་ལ་ཉེ་དུས་ད་དུང་རི་བོ་ཆེའི་དུས་ཆེན་གསུམ་གྱི་སྐབས་སུ་མ་གཏོག་དམངས་ཁྲོད་དུ་གཏན་ནས་འཁྲབ་མི་ཆོག་པའི་རྒྱུན་འཁྱོང་བྱུང་བ་རེད། འོན་ཀྱང་རི་བོ་ཆེའི་དཀར་རྡོ་རལ་པ་ནི་ད་གཟོད་དམངས་ཁྲོད་ཀྱི་གཉེན་སྟོན་སོགས་ཀྱི་སྐབས་སུ་འཁྲབ་ཆོག་པའི་རལ་པའི་ཞབས་བྲོ་ཞིག་ཡིན་ཕྱིར་མི་རྣམས་ཀྱིས་རལ་པའི་ཞབས་བྲོ་མི་འདྲ་བ་དེ་གཉིས་ལ་ངོས་འཛིན་བྱེད་ཚུལ་དང་དེ་གཉིས་ཀྱི་རིན་ཐང་ལ་བསམ་བློ་གཏོང་ཚུལ་གཏན་ནས་མི་འདྲ། དེ་ལྟ་བུའི་རི་བོ་ཆེའི་གནའ་བོའི་རལ་པའི་ཞབས་བྲོ་དེ་དག་ནི་མིའི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་ཤིང་སྒྱུ་རྩལ་གཞན་དང་ཐུན་མོང་མ་ཡིན་པའི་ཞབས་བྲོ་ངོ་མཚར་ཅན་ཞིག་ཡིན་ནའང་། དེང་སང་མིང་གི་ལྷག་མར་གྱུར་ཏེ་ཉམས་པ་གསོ་བར་དཀའ་བའི་ཚད་ལ་ཐོན་ཡོད་པ་འདིའང་ཤིན་ཏུ་ཡིད་ཕངས་དགོས་པ་ཞིག་ཅི་སྟེ་ན་མིན། དེར་བརྟེན་ང་ཚོས་ཀྱང་ཟློས་གར་འདིའི་ནང་ཆེད་དུ་རལ་པའི་ཞབས་བྲོ་འཁྲབ་སའི་ས་དཔྱད་ཅིག་ཡོད་པར་བྱས་ཏེ་དར་སྤེལ་གཏོང་བར་གོམ་པ་སྤོས་པ་ཡིན།

༥ རི་བོ་ཆེའི་གནའ་བོའི་ཆས་གོས།

 


སྒྱུ་རྩལ་གྱི་ཉམས་འགྱུར་དང་འཚོ་བའི་མཁོ་ཆས་སོགས་གང་ཞིག་ཡིན་ཡང་མེས་པོ་གོང་མ་ཚོའི་བསམ་པའི་རིག་གནས་གྱ་ནོམ་པའི་རྒྱུ་ནོར་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཡོད་པ་སྨོས་མེད་རེད། དེས་ན་རི་བོ་ཆེའི་གནའ་བོའི་ཆས་གོས་དག་ནི་མཐོ་སྒང་གི་ས་ཆ་འདི་དང་འཚམ་ཞིང་གཟུགས་པོའི་བདེ་ཐང་ལ་འཕྲོད་པ་ཞིག་ཡིན་པ་སྨོས་མ་དགོས། དེ་དག་ལས་དཔེར་ན་དཔོན་རིགས་རིམ་པ་བཞི་པ་ཡན་ཆད་ཀྱིས་གྱོན་ཆོག་པའི་ཞྭ་ལྕགས་མདའ་མ་དང་། སྤྱིར་བཏང་གི་མི་མཐོ་དམན་སུས་ཀྱང་དཀྲི་ཆོག་པའི་ལྭ་ཐོད་དཀར་དམར་དང་ཕྱིང་ཞྭ།  ཁམས་ཀྱི་ཐུན་མོང་མ་ཡིན་པ་བྱ་ལོ་བཏགས་ཏེ་མགོ་སླ་བ། ཁམས་པ་སྤྱིའི་ཕོ་གོས་མོ་གོས་དང་འབུ་རས་སྟོད་ཐུང་རྐང་སྣམ་སོགས་སྤྱིའི་ཆ་ནས་ཁམས་ཀྱི་གནའ་བོའི་ཆས་གོས་དང་འདྲ་མཚུངས་ཡིན་མོད། བྱེ་བྲག་མི་འདྲ་བ་ཞིག་ཡོད་པ་ནི་ལྷམ་ཉྭ་ཁྲ་མ་འདི་རེད། ལྷམ་ཉྭ་ཁྲ་མ་ནི་རི་བོ་ཆེའི་ཐུན་མོང་མ་ཡིན་པའི་ལྷམ་ཞིག་ཡིན་ཏེ། དེའང་གནའ་བོའི་དུས་སུ་སྟོད་མངའ་རིས་ནས་སྨད་ཅོ་ནེའི་བར་དུ་ཕྱིན་ཀྱང་ལྷམ་འདི་འདྲ་གྱོན་མཁན་རི་བོ་ཆེ་པ་མ་གཏོག་མེད་པར་གྲགས། ལྷམ་འདིའི་ཡུ་བ་ཁྲ་བོ་ཡིན་ཕྱིར་ཉྭ་ཁྲ་མ་ཞེས་བཏགས་པ་རེད་ལ། སྔོན་མ་མདོ་སྨད་ས་དབང་གིས་སྤོ་བོའི་དཔོན་པོ་སྐལ་རྣམ་ལ་དམག་འཐབ་བྱས་སྐབས་རི་བོ་ཆེ་པའི་དམག་མང་སོང་ནས་འཐབ་པ་རེད་ལ། དེ་དུས་རི་བོ་ཆེ་པའི་མི་ཚང་མས་ལྷམ་ཉྭ་ཁྲ་མ་གྱོན་ཡོད་ཕྱིར་དམག་སྒར་ལ་ཉྭ་ཁྲ་དམག་སྒར་དང་དམག་མི་ལ་ཉྭ་ཁྲ་དམག་མི་ཞེས་པའི་མིང་ཐོག་ཚུལ་གྱི་ལོ་རྒྱུས་དང་། སྐབས་དེ་དུས་དམག་དཔོན་དབྱི་རྒྱལ་རིན་ཆེན་གྱིས་མགོན་སྐྱོབ་བྱས་པ་ལ་བརྟེན་ནས་ཉྭ་ཁྲ་དམག་སྒར་གྱི་དམག་ཤུགས་དང་དཔའ་རྟགས་ལ་ཚང་མས་མཐོང་ཆེན་བྱེད་དགོས་བྱུང་བ་སོགས་ཀྱི་ལོ་རྒྱུས་ཡོད་པ་རེད། དེར་བརྟེན་མདོར་ན་ལྷམ་ཉྭ་ཁྲ་མས་མཚོན་པའི་གནའ་བོའི་ཆས་གོས་དག་ཀྱང་ནུས་ཚོད་ཀྱི་ཉམས་གསོ་ཡོང་ཆེད་ཟློས་གར་འདིའི་ནང་ཆེད་དུ་གནའ་བོའི་ཆས་གོས་གྱོན་མཁན་གྱི་མི་སྣ་དུ་མ་ཡོད་པར་བྱས་པ་ཡིན།

༦ རི་བོ་ཆེའི་གནའ་རབས་སྒྲུབ་མཆོད་དུས་ཆེན།

 

དེའང་རི་བོ་ཆེའི་ས་ཆ་དང་རིག་གནས་ཀྱི་ལྟེ་བར་གྱུར་པའི་གཙུག་ལག་ཁྲ་འཁྱིལ་མའི་དགོན་པ་ནི་ལོ་ངོ་བདུན་རྒྱ་ལྷག་གི་ལོ་རྒྱུས་ལྡན་པ་མ་ཟད། གཙུག་ལག་ཁྲ་འཁྱིལ་མ་འདི་སྤྱི་ལོ་ ༡༣༢༡  ལོར་གསར་དུ་བཞེངས་ཤིང་ ༡༣༢༨ ལོར་ལེགས་གྲུབ་བྱུང་བའི་དགའ་སྟོན་རྟེན་འབྲེལ་དུ་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་འགོ་བཟུང་སྟེ་གཟའ་འཁོར་གཅིག་ཙམ་གྱི་རིང་ལ་དམངས་ཁྲོད་ཀྱི་སྒྱུ་རྩལ་སྣ་ཚོགས་འདུས་པའི་དུས་ཆེན་ཁྱད་པར་ཅན་ཞིག་གཏོང་སྲོལ་བྱུང་བ་དེ་རིག་གསར་གྱི་སྐབས་སུ་ལོ་ངོ་འགའ་ཞིག་མ་གཏོག་ད་ལྟའི་བར་ཉམས་རྒུད་གཏན་ནས་འགྲོ་མ་མྱོང་བ་རེད། འོན་ཀྱང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་དུས་ཆེན་སྐབས་ཀྱི་རིག་རྩལ་དག་ལ་གནམ་ས་བླ་འོག་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་ནི་དེང་རབས་རང་བཞིན་ཅན་དང་ས་ཆ་གཞན་པའི་རིག་རྩལ་སྣ་ཚོགས་ཀྱིས་བྱུར་བུར་གཏམས་ཡོད་པ་འདི་རེད། དེའང་དཔེར་ན་སྐོར་བྲོའི་སྐོར་ནས་ནག་ཆུའི་སྐོར་བྲོ་དང་། སྐྱེ་དགུའི་སྐོར་བྲོ། སྨར་ཁམས་སྐོར་བྲོ་སྟེ་ཁམས་ཁུལ་ན་ཧ་ཅང་སྙན་གྲགས་དང་དར་རྒྱས་ཆེ་བའི་སྐོར་བྲོ་གསུམ་ཀ་སྒྱུ་རྩལ་གྱི་ཉམས་འགྱུར་གྲྭ་མ་ཉམ་ཟུར་མ་ཆག་པར་སྒྲུབ་མཆོད་དུས་ཆེན་སྐབས་སུ་གྲོང་ཚོ་ཁག་གིས་འཁྲབ་བཞིན་པ་འདི་ཧ་ཅང་དགའ་འོས་པ་ཞིག་ཡིན་ནའང་། ང་ཚོ་རི་བོ་ཆེའི་ཁྱད་ཆོས་ལྡན་པའི་བྲོ་ཆེན་དག་གི་རིན་ཐང་དང་ལོ་རྒྱུས་ཤེས་མཁན་ཇེ་ཉུང་དུ་གྱུར་ཏེ་འཁྲབ་ཚན་ནང་དུ་ལོ་རེ་ནས་ལོ་རེ་བཞིན་ཇེ་ཉུང་དུ་གྱུར་འགྲོ་བའི་སྣང་ཚུལ་འདི་དངོས་གནས་ཕངས་སེམས་སྐྱེས་དགོས་པ་ཞིག་ཀྱང་ཅི་ལ་མིན། དེ་བཞིན་རྟ་རྒྱུག་རྒྱལ་འཇོག་གི་བྱེད་སྒོ་དར་རྒྱས་འགྲོ་བཞིན་ཡོད་ནའང་སྔོན་མ་རི་བོ་ཆེའི་དུས་ཆེན་གྱི་སྐབས་སུ་རྟ་ཐོག་མདའ་རྩལ་གྱི་སྲོལ་རྒྱུན་དང་གོམས་སྲོལ་གྱ་ནོམ་པ་ཡོད་པ་དག་མིང་གི་ལྷག་མར་གྱུར་སོང་བ་འདིའང་ཡིད་ཕམ་དགོས་པ་ཞིག་རེད།  དེ་དང་དེས་མཚོན་པའི་རིག་རྩལ་ཁག་ལ་སྲོལ་རྒྱུན་རང་བཞིན་ཅན་དང་ས་གནས་རང་གི་ཁྱད་ཆོས་ལྡན་པའི་རིག་རྩལ་ཕལ་ཆེར་རྒྱུན་ཆད་ལ་ཉེ་བའི་ཉེན་ཁ་ཞིག་འཕྲད་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན་པ་དེས་ན་དུས་ཆེན་འདི་ཉིད་གནའ་བོའི་ལོ་རྒྱུས་ལྡན་པའི་དུས་ཆེན་ཞིག་ཡིན་པ་ཇི་བཞིན་ནང་གི་རིག་རྩལ་དག་ཀྱང་གནའ་བོའི་བྲོ་བ་ལྡན་པ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་ཆེན་པོས་ང་ཚོས་རྣམ་ཐར་ཟློས་གར་འདི་ཉིད་ཆེད་དུ་སྒྲུབ་མཆོད་དུས་ཆེན་སྐབས་སུ་འཁྲབ་སྟོན་བྱས་པ་ཡིན་ལ། ཟློས་གར་འདིའི་བརྗོད་བྱ་གཙོ་བོའང་གནའ་རབས་སྒྲུབ་མཆོད་དུས་ཆེན་འདིའི་ལོ་རྒྱུས་ཀྱི་བྱུང་རིམ་ཡིན་ནོ།།

 

༧ མཇུག་བསྡུ་བ།

 

བརྒྱ་བཤད་ཚིག་གི་རྩ་བ་མདོར་དྲིལ་ན། ང་ཚོས་གོང་གི་རིག་གནས་དེ་དག་གིས་མཚོན་ས་གནས་འདིའི་ལོ་རྒྱུས་ལྡན་པའི་རིག་གནས་སྤྱི་ཡོངས་ལ་དམིགས་པའི་བློ་རྒྱ་བསྐྱེད་དེ་ས་གནས་འདིའི་རིག་གནས་ཀྱི་རིན་ཐང་ཤེས་པར་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་སྒོ་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། ལག་ལེན་དངོས་ཀྱི་ཐོག་ཏུའང་ས་གནས་འདིའི་རིན་བྲལ་གྱི་ནོར་བུ་ལྟ་བུའི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་དག་ཀྱང་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ཀྱི་ཆེད་དུ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ཐད་ལ་ལག་རྗེས་མི་དམན་པ་འཇོག་ཐུབ་པའི་རེ་བ་ཆེན་པོ་གནད་ཀྱི་དམ་པར་འཛིན་བཞིན་ཡོད།  ད་དུང་ང་ཚོའི་ཕ་ཡུལ་རི་བོ་ཆེ་རུ་གཉེན་སྟོན་སྐོར་གྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ་ཡོད་པ་འདི་དང་། འབྲོག་ལས་སྐོར་གྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ། ཞིང་ལས་སྐོར་གྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ། བྱིས་པའི་རྩེད་རིགས་སྐོར་གྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ། དར་མ་དང་རྒན་པ་དག་གི་རྩེད་རིགས་སྐོར་གྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ། གླུ་ལེན་རེས་དང་རྒྱན་པོ་འགྱེད་པ་དང་ཤག་འགྱེད་པ་སོགས་ཀྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ། འཚོ་བའི་མཁོ་ཆས་དཔེར་ན་རྫ་བཟོ་དང་ཤིང་བཟོ། ཟོ་བྲིས། ཤོག་བུ་བཟོ་བ། མགར་དང་ལྷ་བྲིས། གྱོ་མོ་བཟོ་ཐབས། ཁང་པ་ལས་ཐབས་སོགས་ཀྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ་དང་། དེ་བཞིན་ཆོས་ལུགས་གཅིག་པུའི་ནང་དུའང་ཆོས་ལུགས་ཀྱི་མཁོ་ཆས་སྣ་ཚོགས་དང་། གཏོར་བཅའ་རྒྱན་བཟོ། དབྱངས་གདངས་རོལ་གསུམ། གར་ཐིག་རྡུལ་མཚོན་སོགས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་དང་འབྲེལ་ཞིང་རྒྱུ་མཚན་དང་གནས་ལུགས་ཀྱིས་ཕྱུག་པའི་སྲོལ་རྒྱུན་རིག་གནས་དུ་མ་ཡོད་པ་དག་ཀྱང་རྒྱལ་སྤྱིའི་གཏན་འབེབས་བྱས་པའི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་གི་གྲལ་དུ་ཡོད་པས་ན། ང་ཚོ་ཚང་མས་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་གནའ་བོའི་བྲོ་བ་མ་ཉམས་པའི་སྒོ་ནས་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དེ། ང་ཚོའི་དུས་རབས་འདིའི་ནང་དུ་ས་ཆ་འདི་ན་འཚར་ལོང་བྱུང་བའི་མི་རྣམས་ཀྱི་ཕྲག་ཏུ་བབས་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་ཚང་མས་ཤེས་པར་བྱའོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41278892
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1