ཚོགས་ཆེན་གཉིས་ཀྱི་སྐབས་སུ་མཛོད་དགེ་ཉི་མའི་གསུང་འབུམ་བཀྲམས་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 10 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཚོགས་ཆེན་གཉིས་ཀྱི་སྐབས་སུ་མཛོད་དགེ་ཉི་མའི་གསུང་འབུམ་བཀྲམས་པ།
ཚོགས་ཆེན་གཉིས་ཀྱི་སྐབས་སུ་མཛོད་དགེ་ཉི་མའི་གསུང་འབུམ་བཀྲམས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/12/28ལྟ་ཀློག (1749)རྩོམ་ཁུངས: རྔ་ཁུལ་རྔ་སྒྲ།པར་འདེབ།


     ༢༠༡༧ལོའི་ཟླ་༡༢པའི་ཚེས་༢༤ཉིན་ནས་རང་ཁུལ་གྱི་ལོ་རེའི་ཚོགས་ཆེན་གཉིས་མགོ་བརྩམས་ནས་འདས་དོན་ལ་ཕྱིར་མིག་དང་མ་འོངས་པར་རྒྱང་ལྟ་བྱེད་ཞོར། མཛེས་སྡུག་ལྡན་པའི་རྔ་ཁུལ་འཛུགས་སྐྲུན་ལ་ཐབས་འདོན་ཇུས་འདོན་བྱེད་པའི་སྒང་ཏག་ཏག་སྟེ། ཚེས་24ཉིན་གྱི་སྔ་དྲོར། ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་འབར་ཁམས་ནས་ཁུལ་སྲིད་གྲོས་ཀྱིས་མཛོད་དགེ་ཉི་མའི་གསུང་འབུམ་པོད་དགུའི་བདག་ཉིད་ཅན་གྱི་འགྲེམ་སྤེལ་མཛད་སྒོ་དངོས་སུ་སྤེལ་བྱུང་། ཐེངས་འདིའི་འགྲེམ་སྤེལ་མཛད་སྒོར་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝེ་གོ། ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཞིན་སོགས་འགོ་ཁྲིད་རྣམ་པ་ཞུགས་ཡོད་པར་མ་ཟད། ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་ཨུ་ཡོན་རྣམས་དང་འབྲེལ་ཡོད་མི་སྣ་རྣམས་ཞུགས་ཡོད་པས། ཚད་གཞི་མཐོ་ལ་གཞི་རྒྱ་ཆེ་བ་ཞིག་རེད། 



      རྒྱུས་ལོན་པ་ལྟར་ན། ཁུལ་སྲིད་གྲོས་ཀྱིས་མཐུན་རྐྱེན་གང་ལེགས་སྦྱར་འོག ཁོང་གི་བུ་སློབ་བུད་དྷ་གཙོར་བྱས་ཀྱིས་ལོ་ངོ་གསུམ་གྱི་རིང་ལ་འཚོལ་སྡུད་དང་ཕྱོགས་སྒྲིག་བྱས་ནས་གསུང་འབུམ་པོད་དགུའི་བདག་ཉིད་ཅན་འདི་གྲུབ་ནས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་བཀྲམས་པ་རེད།


      གསུང་འབུམ་འདིའི་ནང་དོན་ལ་རིགས་ཀྱི་དབྱེ་བ་ཕྱེས་ཏེ་བསྡུར་ན། བཅུ་ཕྲུག་རིག་པའི་གནས་སུ་མ་འདུས་པ་མེད་ཀྱང་། ཆོས་ཚན་དངོས་གང་ཡོད་པ་གཞིར་བཟུང་ནས་བརྗོད་ན། མི་ནད་གསོ་བ་རིག་པ་དང་། ཕྱུགས་ནད་གསོ་བ་རིག་པ། རིག་གནས་ལག་རྩལ་སློབ་དེབ། རྩོམ་པ་པོས་མཛད་པའི་རང་རྣམ། རྗེས་འཇུག་སློབ་མས་བརྩམས་པའི་མཛད་རྣམ། རྣམ་ཐར་ཟློས་གར་དུ་བཀོད་པའི་འཁྲབ་གཞུང་། ཚད་མ་རིག་པ། ནང་དོན་རིག་པ། ལོ་རྒྱུས། ཟློས་གར་རིགས་གཞུང་། ཟློས་གར་འཁྲབ་གཞུང་། ལེགས་སྦྱར་གྱི་སྒྲ་རིག་པ། སུམ་རྟགས་དག་གསུམ། སྙན་ངག མངོན་བརྗོད། སྡེབ་སྦྱོར། སློབ་གསོ། རྩིས་རིག  ལུས་རྩལ། བསླབ་བྱ། གསོལ་འདེབས། འཕྲིན་ཡིག་སོགས་ཡོད།  གསུང་འབུམ་འདིའི་སྒྲིག་སྟངས་ཐད་ནས། རིག་གནས་ཆེ་ཆུང་བཅུའི་དབྱེ་བ་ཁོ་ན་ལྟར་མ་བྱས་པར། བརྩམས་ཆོས་ཀྱི་ནང་དོན་དང་། སྤྱོད་ཡུལ། རྩོམ་ལུས། རིག་ཚན། པོ་ཏིའི་སྲབ་མཐུག་སོགས་ཀྱི་རྒྱུ་རྐྱེན་གཞིར་བཟུང་ནས་མི་ནད་གསོ་རིག་དང་། ཕྱུགས་ནད་གསོ་རིག རྣམ་ཐར། ལོ་རྒྱུས། སློབ་དེབ་སོགས་ཀྱི་དབྱེ་བ་བྱས་ནས་བསྒྲིགས་ཡོད། 

      བློ་བཟང་ཉི་མ་མཆོག་ནི་སྤྱི་ལོ༡༩༢༦ལོའི་ཧོར་ཟླ་བཞི་བའི་ཚེས་བཅོ་ལྔའི་ཉི་ཤར་འབྲུག་གི་དུས་མདོ་སྨད་ཐེ་རོང་ཨ་ནུ་ཐང་དུ་ཡབ་མ་ཅིག་སྐྱབས་དང་ཡུམ་ཨ་ཚེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པར་སྟག་ཚང་ལྷ་མོ་དགེ་ལྡན་བློ་གླིང་བཀྲ་ཤིས་འཁྱིལ་དུ་འདུལ་འཛིན་པ་ནགས་རྒྱ་དགེ་བཤེས་བློ་བཟང་ཤེས་རབ་ཀྱི་མདུན་ནས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཏེ་མཚན་ལ་བློ་བཟང་ཉི་མ་གསོལ། ཁོང་གིས་མི་ཚེ་གང་བོར་སློབ་གསོའི་བྱ་བ་དང་ཕྱུགས་སྨན་ལག་ལེན། སྨན་བཅོས་དཔེ་ཁྲིད་མཛད་ཞོར་དུ་གདུལ་བྱའི་མོས་པ་དང་བསྟུན་ཏེ་ལྗགས་རྩོམ་ཡང་མང་དུ་མཛད་ཡོད་ལ། དེ་མིན་འཁྲབ་གཞུང་ཉི་ཤུ་ལྷག་ཙམ་ཕྱོགས་བསྒྲིགས་དང་འཁྲབ་སྟོན་བྱས་ཏེ་བོད་ཀྱི་འཁྲབ་གཞུང་གི་རིག་གནས་སླར་གསོ་བྱས།

       ཁོང་གིས་མི་རིགས་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་སྒོས་མཛད་རྗེས་བླ་མེད་བཞག་པ་ལ། ༡༩༧༩ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ངལ་རྩོལ་མིག་དཔེ་བཟང་བོ་རུ་བདམས་ཤིང་། དེ་མིན་རྒྱལ་ཁབ་དང་ཞིང་ཆེན། ཁུལ་རྫོང་བཅས་རིམ་པའི་གཟེངས་བསྟོད་བྱ་དགའ་བརྒྱ་ཕྲག་ལྷག་ཙམ་ཐོབ།  ༡༩༩༠ལོའི་ཟླ་༥བའི་ཚེས་༡༨ཉིན་ཁོང་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་འཐིམས། རྗེ་ཉིད་ང་ཚོ་དང་གཏན་དུ་ཁ་བྲལ་མོད་ཁོང་གིས་མི་རིགས་ཀྱི་རིག་གནས་དང་སློབ་གསོ། གསོ་རིག་བཅས་ཀྱི་ཕྱོགས་ལ་བཞག་པའི་བྱས་རྗེས་ནི་ནམ་ཡང་ཁྲི་གདུགས་ཉི་མའི་འོད་ཟེར་བཞིན་གངས་རིའི་ལྗོངས་ཀྱི་གྲུ་ག་རེ་རེ་ན་འོད་ལམ་ལམ་དུ་འཚེར་བཞིན་ཡོད་པར་མ་ཟད། གངས་ཅན་བོད་ཀྱི་མཁས་མཆོག་དམ་པ། ཚན་རིག་ལག་རྩལ་བྱས་རྗེས་ཅན། དགེ་བཤེས་ལྷ་རམས་པ། མི་རིགས་སློབ་གསོ་བ། བོད་རིག་པའི་མཁས་དབང་། བོད་ཀྱི་སྨན་པ་གྲགས་ཅན། བོད་ཀྱི་ཟློས་གར་མཁན་པོ། བོད་ཀྱི་དེང་རབས་ཕྱུགས་ནད་གསོ་བ་རིག་བའི་སྲོལ་འབྱེད་པ་སོགས་ཀྱི་མཚན་བཟང་བོ་རེ་རེ་ཀུན་གྱི་ཡིད་ལ་དམ་པོར་འཆང་ནས་རྗེས་སུ་ཡི་རངས་བྱེད་སྲིད།


      ཁུལ་སྲིད་གྲོས་ཀྱིས་ངོ་སྤྲད་པ་ལྟར་ན། མཛོད་དགེ་ཉི་མའི་གསུང་འབུམ་པོད་དགུའི་བདག་ཉིད་ཅན་འདི་ནི་ཁུལ་སྲིད་གྲོས་ཀྱིས་རྒྱབ་སྐྱོར་འོག  ཁོང་གི་བུ་སློབ་རྣམས་ཀྱིས་ལོ་ངོ་གསུམ་རིང་ལ་དཀའ་སྤྱད་འབད་བརྩོན་བརྒྱུད་ནས་པར་དུ་བསྐྲུན་པ་ཡིན་ལ། རྗེས་སུ་རྒྱ་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱེད་རྩིས་ཡོད་ཟེར། 

གསར་འགོད་པ་རྡོ་རྗེ་དཔལ་གྱིས།


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
12424499
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号