ཨེན་སི་ཐན་གྱི་མི་ཚེ་དང་བརྩམས་ཆོས་ངོ་སྤྲོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ཨེན་སི་ཐན་གྱི་མི་ཚེ་དང་བརྩམས་ཆོས་ངོ་སྤྲོད།
ཨེན་སི་ཐན་གྱི་མི་ཚེ་དང་བརྩམས་ཆོས་ངོ་སྤྲོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/1/2ལྟ་ཀློག (3311)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཨེན་སི་ཐན་གྱི་མི་ཚེ་དང་བརྩམས་ཆོས་ངོ་སྤྲོད།

------གཏམ་བཤད་ཡིག་ཟིན་དུ་ཕབ་པ།

སྔོན་དུ་གླེང་བའི་གཏམ།

      འོ་ལགས་སོ།།  རྩོམ་པ་པོ་ཟེར་བའི་ཚོམས་འདིའི་ནང་དུ་བཞུགས་པའི་དྲྭ་གྲོགས་ཡོངས་ལ་ཐོག་མར་ཁམས་བདེ་ཞུས་པ་ཡིན།  དེ་ནས་ཉེ་སྔོན་འདི་ལ་གྲོགས་གཟི་མིག་གསུམ་པ་ལགས་ཀྱིས་རྩོམ་པ་པོའི་ཚོམས་ཟེར་བ་ཞིག་གི་ནང་དུ་ཁ་བརྡ་ཞིག་བྱེད་དགོས་ཞེས་ནན་གྱིས་བསྐུལ་པར་མ་ཟད།  ལྷག་པར་དུ་རྩོམ་པོ་ཞིག་མཚམས་སྦྱར་དགོས་ཞེས་ཡང་དང་བསྐྱར་དུ་རེ་བ་བཤད་སོང་བས་དེའི་ངོ་མ་ཟློག་ཙམ་དུ་རང་ཉིད་ཀྱིས་དང་ལེན་བྱས་པ་དེ་འདྲ་ཡིན། དེས་ན་ཚོམས་འདིའི་ནང་དུ་བཞུགས་པའི་མང་བོ་ཞིག་གིས་ང་ངོ་ཤེས་པ་དེ་འདྲ་ཡིན་རྒྱུ་མ་རེད།  དེ་བས་རང་ཉིད་ཀྱི་མཚམས་སྦྱོར་ཐུང་ཐུང་ཞིག་ཁྱེད་རྣམ་པར་ཞུ་རྒྱུ་ཡིན།  ངའི་དངོས་མིང་ལ་བློ་བཟང་ཆོས་འཕེལ་དང་པིར་མིང་ལ་འབའ་སྣང་གྲོལ་ཟེར་ཞིང་། ཕ་ཡུལ་འབའ་རྫོང་ཤ་སྦྲང་ཟེར་བའི་ས་ཆ་དེ་ནས་སྐྱེས་པ་ཞིག་ཡིན།  རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དྲུག་པའི་མཐར་ཕྱིན་སློབ་མ་ཡིན་ཞིང་།  ཉིས་སྟོང་བཞི་ལོར་དེ་ནས་སློབ་མཐར་ཕྱིན་པ་ཞིག་ཡིན།  དེའི་རྗེས་སུ་བླ་བྲང་དང་བོད་ལྗོངས་སློབ་ཆེན།  ནུབ་བྱང་སློབ་ཆེན་སོགས་སུ་སོང་ནས་སློབ་སྦྱོང་ཁ་ཆག་སྣ་རལ་ཞིག་བྱེད་མྱོང་ཁུལ་བྱས་པ་དེ་འདྲ་ཡིན་ནའང་།  ཆེན་པོ་ཅི་ཡང་མ་ཤེས་པ་དེ་འདྲ་ཞིག་ཡིན།  དེ་ནས་དེ་རིང་ང་ཚོས་དངོས་སུ་བགྲོ་གླེང་དང་ཁ་བརྡ་བྱ་རྒྱུའི་ནང་དོན་ལ་དངོས་སུ་འཇུག་རྒྱུ་བྱེད།  ང་རང་གིས་ཁ་བརྡ་བྱ་རྒྱུའི་ནང་དོན་ཡིན་རྒྱུ་ན་ཨེན་སི་ཐན་གྱི་མི་ཚེ་དང་ཁོང་གི་བརྩམས་ཆོས་ཀྱི་སྐོར་ནས་ཡིན།  ཨེན་སི་ཐན་ཟེར་བ་འདི་ང་ཚོས་ཁྲོད་ན་ཕལ་ཆེར་གོ་མ་མྱོང་མཁན་མེད་པ་དེ་འདྲ་ཡིན་རྒྱུ་རེད། སྤྱིར་ཡོན་ཏན་ལ་དགའ་མཁན་དང་སློབ་སྦྱོང་གནང་མཁན་དེ་འདྲ་ཞིག་ཡིན་དུས་ཨེན་སི་ཐན་ཁོང་ངོ་ཤེས་དགོས་པ་དང་ཁོང་ལ་ངེས་པར་དུ་རྒྱུས་ལོན་གནང་དགོས་པའི་འཛམ་གླིང་ན་གྲགས་སྐད་ཧ་ཅང་ཆེ་བའི་མི་སྣ་དེ་འདྲ་ཞིག་ཡིན་པ་རེད།  ཕྱི་རབས་པ་རྣམས་ཀྱིས་ཁོང་ལ་ཚན་རིག་གི་མེས་པོ་དང་མ་རྡུལ་གྱི་ཡབ་ཆེན་ཞེས་ཚན་རིག་པ་རྣམས་ཀྱི་ཁྲོད་ན་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན་ལོ་རྒྱུས་ཀྱི་སྟེང་ནས་གཟེངས་སུ་བསྟད་ཡོད་ནི་རེད་ལ། དོན་ངོ་མ་ཡང་ཁོང་དེ་འདྲ་རེད།དེ་འདྲ་ཡིན་དུས་སྤྱིར་རྩོམ་པ་པོ་ཞིག་མཚམས་སྦྱོར་གནང་དགོས་ན་ཕྱོགས་གསུམ་འདྲ་ཞིག་ནས་མཚམས་སྦྱོར་གནང་བ་ཡིན་ན་རྩོམ་པ་པོ་གང་དེ་ལ་ཕྱོགས་ཡོངས་ནས་ཅུང་འཐུས་ཚང་བ་ཞིག་ང་ཚོས་རྒྱུས་ལོན་ཐུབ་ཅིང་། ཉན་པ་པོ་ཞིག་གིས་ཉན་པ་ཡིན་ནའང་ངོ་འཕྲོད་བདེ་བར་མ་ཟད། རྩོམ་པ་པོ་གང་དེ་ཡི་འཇིག་རྟེན་ཧྲིལ་བོ་མཐོང་ཐུབ་པ་དེ་འདྲ་ཞིག་རེད།  དེ་འདྲ་ཡིན་དུས་རྩོམ་པ་པོ་གང་ཞིག་མཚམས་སྦྱོར་གནང་བ་ལ།   ༡ རྩོམ་པ་པོ་གང་དེའི་མི་ཚེའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ངོ་སྤྲོད་པ།  ༢ རྩོམ་པ་པོ་གང་དེའི་ལྟ་གྲུབ་ཀྱི་རྣམ་གཞག་ངོ་སྤྲོད་པ།  ༣ རྩོམ་པ་པོ་གང་དེའི་མི་ཡུལ་ལ་བཞག་པའི་བརྩམས་ཆོས་ངོ་སྤྲོད་པ་བཅས་ཁྱད་པར་གསུམ་གྱི་སྒོ་ནས་མཚམས་སྦྱར་གནང་དགོས་པ་དེ་འདྲ་རེད། ཡིནའང་ང་རང་ཉིད་ལ་མཚོན་ན་ཨེན་སི་ཐན་གྱི་ལྟ་གྲུབ་ལ་ཆེད་དུ་ཞིབ་འཇུག་དང་སློབ་སྦྱོང་བྱེད་མྱོང་བ་དེ་འདྲ་གཏན་ནས་མིན་པའི་རྒྱུ་མཚན་གྱིས་སློབ་དཔོན་ཁོང་གི་རྒྱ་ཆེ་བ་དང་གཏིང་ཟབ་པའི་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་རྣམ་གཞག་སྤྱི་དང་ཁྱད་པར་དུ་ཁོང་གི་ལྟོས་བཅས་ཀྱི་རྣམ་གཞག་འདི་ང་ལྟ་བུ་ཞིག་གིས་མཚམས་སྦྱོར་བྱས་ན་ཧ་ཅང་མི་འཇོན་པ་དང་མི་ནུས་པར་མ་ཟད། ལྟ་དགོངས་ཀྱི་གནད་ལ་མ་འབྱོར་བ་དང་འཐུས་མ་ཚང་བ། ཐ་ན་གོ་བ་ཕྱིན་ཅི་ལོག་ཏུ་འགྲོ་བའི་ཉེན་ཁ་ཡོད་པ་དང།  ཉན་མཁན་རྣམས་ཀྱིས་ཀྱང་ཧ་ཅང་གོ་དཀའ་བའི་རྒྱུ་མཚན་གྱིས་དེ་རིང་ངས་འདི་ནས་ཨེན་སི་ཐན་གྱི་ལྟ་གྲུབ་རྣམ་གཞག་མཚམས་སྦྱོར་བྱེད་རྒྱུ་མ་ཡིན་པར།   རེ་ཞིག་བཞག་ནས་ཁོང་གི་མི་ཚེ་ཡི་བྱུང་རིམ་ཀྱག་ཀྱོག་གི་བརྒྱུད་རིམ་དེ་གཙོར་བཟུང་ནས་ཁོང་གི་བརྩམས་ཆོས་དང་མི་ཚེ་གཉིས་སོ་སོར་སྐྱ་ལྟ་བུ་མ་བཀར་བར་ཁོང་གི་གསར་འཚོལ་གྱི་རྔུལ་ཆུས་གཏམས་པའི་བརྩམས་ཆོས་དག་ཁོང་གི་མི་ཚེ་ཡི་བརྒྱུད་རིམ་སྟེ་ཀྱག་ཀྱོག་གི་ལོ་རྒྱུས་ནང་དུ་བཞག་ནས་མཚམས་སྦྱོར་བྱ་རྒྱུ་དེ་ཡིན། 

ཨེན་སི་ཐན་གྱི་སྐྱེས་ཡུལ་དང་ཁྱིམ་ཚང་གི་གནས་ཚུལ།

      ཨེན་སི་ཐན་གྱི་མཚན་ཆ་ཚང་ལ་ཨ་ཨིར་པོ་ཐི་ཨེན་སི་ཐན་ཞེས་འབོད་ཅིང་།  ཁོང་གི་སྐྱེ་ཁོངས་ནི་འཇར་མན་གྱི་ལྷོ་ཕྱོགས་ཝོས་ཨར་མོས་ཞེས་པའི་ས་ཆ་དེ་ཡིན་ཞིང་།  སྤྱི་ལོ་༡༨༧༩ལོར་སྐུ་འཁྲུངས་པ་ཞིག་རེད།  ཁོང་གི་ཡབ་ཀྱི་མཚན་ལ་ཧེ་ཨེར་མེན་ཨེན་སི་ཐན་དང་ཡུམ་གྱི་མཚན་ལ་པོ་ལིན་ཞེས་ཞུ་བ་རེད། ཁྱིམ་ཚང་འདིའི་རིགས་རྒྱུད་ནི་ཡུག་ཐེ་མི་རིགས་ཏེ་འཛམ་གླིང་སྟེང་སློབ་གསོའི་ཐབས་ལམ་ལ་ཧ་ལས་པ་མཁས་པའི་ང་ཚོས་ཡ་ཧུ་ད་བ་ཟེར་བའི་མི་རིགས་དེ་རེད།  ཡིན་ནའང་འཇར་མན་ནི་རང་གི་མེས་རྒྱལ་ངོ་མ་ཞིག་དང་རང་ཉིད་དེའི་སྤྱི་དམངས་རྣལ་མ་ཞིག་ཏུ་ངོས་འཛིན་གནང་བར་མ་ཟད། འཇར་མན་རྒྱལ་ཁབ་ལ་ཧ་ཅང་བརྩེ་དུང་ཆགས་ཡོད་པ་དེ་ལྟ་བུ་ཞིག་ཡིན་ས་རེད། ཁོང་གི་ཡབ་ཀྱིས་གློག་ཆས་ཀྱི་རིགས་ཞིག་གསོ་དང་གསར་བཏོད་གནང་ནས་བཟོ་གྲྭ་ཆུང་ཆུང་ཞིག་ལ་བརྟེན་ནས་འཚོ་ཚིས་གཉེར་བཞིན་ཡོད་པ་དང་།  ཁོང་གི་ཡུམ་ནི་ཧ་ཅང་སྒྱུ་རྩལ་བརྩམས་ཆོས་ཕྱོགས་ལ་སློབ་སྦྱོང་དང་རོལ་མྱོང་གནང་རྒྱུར་དགའ་བར་མ་ཟད།  འཛམ་གླིང་གི་རོལ་དབྱངས་གྲགས་ཅན་དག་ལ་ཆེད་དུ་མཁས་ཤིང་།མི་ཚེའི་བརྒྱུད་རིམ་ཁྲོད་ནས་ཁ་འབྲལ་ཐབས་མེད་པ་ལྟ་བུ་ཆགས་ཡོད་པ།ནམ་རྒྱུན་རོལ་ཆས་འབུད་དཀྲོལ་གནང་བཞིན་ཡོད་པ་དེ་འདྲ་ཞིག་ཡིན་ས་རེད།  སྤྱིར་ཁྱིམ་ཚང་འདི་ཡིག་ཐེ་མི་རིགས་ཡིན་པས་ཁྱིམ་ཚང་འདིའི་དད་མོས་ཀྱང་ཡིག་ཐེ་ཆོས་ལུགས་ཡིན་དགོས་པ་སྨོས་མེད་ཡིན་མོད།  ཨེན་སི་ཐན་གྱི་ཕ་མ་གཉིས་ཡིག་ཐེ་ཆོས་ལུགས་ལ་དེ་འདྲའི་དད་མོས་ཆེན་པོ་མེད་ཅིང་།ཁོ་ཚོའི་ཆོས་གཞུང་ནས་བཤད་པའི་བསྲུང་བྱ་ཡང་མི་བརྩི་བར་ཕག་ཤ་སོགས་རྒྱུན་དུ་ཟ་བ་དེ་འདྲ་ཞིག་ཡིན་པ་རེད། 

ཨེན་སི་ཐན་གྱི་བྱིས་དུས་ཀྱི་གནས་ཚུལ་དང་གསང་བའི་ངོ་མཚར།

      ཨེན་སི་ཐན་ཁོང་དགུང་ལོ་བཞི་ལ་བུད་ཀྱང་སྐད་ཆ་མ་བཤད་པས་ཁོང་གི་ཕ་མ་གཉིས་ཀྱིས་ལྐུག་པ་ཞིག་མིན་ནམ་སྙམ་སྟེ་སེམས་ཁུར་གནང་བ་དེ་འདྲ་རེད།  ཁོང་གིས་སྐད་ཆ་མི་ཤོད་ནའང་ནམ་རྒྱུན་རང་གི་ཨ་མས་དཀྲོལ་བའི་རོལ་ཆས་ཀྱི་དབྱངས་རྟ་ལ་ཉན་རྒྱུར་དགའ་ཞིང་།  ཨ་མའི་གམ་ནས་ཁ་ཁུ་སིམ་མེར་ཧ་ཅང་གཟབ་ནན་ཀྱིས་རོལ་དབྱངས་ལ་ཉན་ནས་འདུག་པ་དེ་འདྲ་ཞིག་ཡིན་པ་རེད།  ཉིན་ཞིག་ཕ་རྒན་གྱིས་རང་གི་བྱིས་པ་ཨེན་སི་ཐན་ལ་རྩེད་མོ་རྩེད་བྱེད་དུ་ཕྱོགས་སྟོན་འཁོར་ལོའི་རྣམ་པ་ཅན་གྱི་རྩེད་ཆས་ཤིག་བྱིན་པས་ཁོང་གི་རྩེད་ཆས་དེ་བཟུང་ནས་རྩེད་མོ་རྣམ་པ་སྣ་ཚོགས་ཤིག་བརྩེས་ཤིང་།  ལྷག་པར་དུ་རྩེད་ཆས་དེ་ཕྱོགས་གང་དུ་བསྒྱུར་ཡང་རྩེད་ཆས་སྟེང་གི་མདའ་མགོ་དེ་དུས་རྒྱུན་དུ་ཁ་ཕྱོགས་གཅིག་ལ་འཁོར་ནས་བསྡད་ཡོད་པས་སྐད་ཆ་བཤད་མི་ཤེས་པའི་བྱིས་པ་ཁོང་ཧ་ལས་སོང་བ་རེད།  ཅིའི་ཕྱིར་མདའ་རྩེ་འདི་ཁ་ཕྱོགས་གཅིག་ལ་འཁོར་དགོས་སོང་བ་རེད།  མཐོང་མི་ཐུབ་པའི་སྟོབས་ཤིག་གང་ཞིག་གིས་འདི་ལྟར་འཁོར་སོང་བ་རེད་སོགས་ཁོང་གི་དྭངས་གཙང་གི་སེམས་ནང་ལ་འདི་འདྲའི་དྲི་གཞི་མང་བོ་ཞིག་སླེབས་ཤིང་།  དེ་ལ་བརྟེན་ནས་ཚན་རིག་དང་ངོ་མཚར་བའི་གསང་བའི་འཇིག་རྟེན་འཚོལ་ཞིབ་ཀྱི་ལམ་ལ་ཐོག་མར་གོམ་པ་སྤོས་བར་གྲགས་སོ།། 

ཨེན་སི་ཐན་གྱི་སློབ་ཆུང་གི་གནས་ཚུལ།

      དགུང་ལོ་ལྔའི་སྟེང་ནས་ཨེན་སི་ཐན་ཁོང་ས་གནས་དེ་གའི་སློབ་ཆུང་ལ་ཞུགས་ཤིང་།  སྤྱིར་ས་གནས་དེ་རུ་ཡིག་ཐེ་ཆོས་ལུགས་ཀྱི་སློབ་ཆུང་ཞིག་དང་། གནམ་འདེགས་ཆོས་ལུགས་ཀྱི་སློབ་ཆུང་ཞིག་ཡོད་ནའང་ཁོང་གནམ་འདེགས་ཆོས་ལུགས་ཀྱི་སློབ་ཆུང་ལ་ཞུགས་པ་དེ་འདྲ་རེད། ཁོང་བྱིས་དུས་སུ་རང་བཞིན་གྱིས་ཆོས་ལུགས་ལ་དགའ་ཞེན་དང་བག་ཆགས་ཟབ་པ། ཐ་ན་རང་གི་ཕ་མ་གཉིས་ཀྱིས་ཁོ་ཚོའི་ཆོས་ལུགས་ལས་བཤད་པའི་བསྲུང་བྱ་མི་བརྩི་བ་དེ་འདྲ་གནང་ནའང་ཨེན་སི་ཐན་ཁོང་མ་སྐྱིད་པ་ཆེན་པོ་ཡོང་གི་ཡོད་པར་མ་ཟད། ཕ་མ་གཉིས་ཀྱིས་མེས་པོ་གོང་མ་ནས་བརྒྱུད་པའི་ཆོས་ལུགས་ཀྱང་མི་བརྩི་གི་བསམ་ནས་ཧ་ཅང་སུན་སྣང་སྐྱེ་གིན་ཡོད་པ་དེ་འདྲ་ཡིན་ཚོད་རེད། ཁོང་གིས་ཐོག་དང་བོ་སློབ་ཆུང་འགྲིམ་པའི་བརྒྱུད་རིམ་ཁྲོད་ནས་གྲངས་རྩིས་རིག་པའི་ཕྱོགས་ལ་དགའ་ཞེན་ཆེ་བ་ཙམ་ལས་ཁོང་ལ་དམིགས་བསལ་གྱིས་རིག་ཚན་གང་ལའང་རྣམ་དཔྱོད་ཀྱི་སྟོབས་འབར་ནས་བསྡད་ཡོད་པ་དེ་འདྲའི་རིགས་ཀྱང་མིན་ཚོད་ལྟ་བུ་རེད།  དེ་མ་ཟད་ཁོང་གི་གཤིས་ཀ་ཧ་ཅང་གྱོང་བོ་དང་།  དགེ་རྒན་རྣམས་ཀྱི་སློབ་ཁྲིད་ལའང་ཚུལ་བཞིན་དུ་མི་ཉན་པ་དང་།  ནམ་ཡང་གྲོགས་པོ་སོགས་མེད་པར་ཁེར་འགྲོ་ཁེར་འདུག་ལ་དགའ་བས་དགེ་རྒན་རྣམས་ཀྱིས་ཀྱང་དམིགས་བསལ་གྱིས་ལྟ་ཚུལ་ངན་པ་བྱུང་བའི་ལོ་རྒྱུས་ཡོད་འདུག ཡིན་ན་ཁོང་གིས་མ་ཡུམ་གྱི་འགྲམ་ནས་རོལ་མོ་ལ་ཧ་ཅང་མཁས་པར་སྦྱངས་པས་སློབ་ཆུང་འགྲིམ་པའི་སྐབས་དེ་ལ་ཁོང་གིས་གཞས་ཚིག་དང་དབྱངས་བརྩམས་ནས་སློབ་གྲྭ་འགྲོ་བའི་ལམ་བར་ནས་རྒྱུན་དུ་ཁེར་བོས་སྐད་གསེང་མཐོན་པོས་བླངས་ནས་འགྲོ་བ་དེ་འདྲ་ཡིན་ས་རེད།  ཉིན་ཞིག་དགེ་རྒན་གྱིས་དཔེ་ཁྲིད་གནང་སྐབས་ནག་པང་ངོས་སུ་ཡེ་ཤུའི་སྟོན་པ་གསལ་ཤིང་གི་རྩེ་ལ་བསྐྱོན་པ་ཞིག་ཧ་ཅང་གཟབ་ནན་གྱིས་བྲིས་ནས་བཤད་རྒྱུར།  ང་ཚོའི་སྟོན་པ་སྔོན་ཡིག་ཐེ་མི་རིགས་གྱིས་འདི་ལྟར་གསལ་ཤིང་གི་རྩེ་ལ་བསྐྱོན་ནས་རྐང་ལག་བཞི་བོའི་སྟེང་དུ་ལྕགས་འཛེར་བརྡབས་ནས་ད་ཁྱོད་ལྷའི་ཕོ་ཉ་ཡིན་པ་བདེན་ན་རྫུ་འཕྲུལ་སྟོན་ཡ།  ད་སྟོན་ཡ།  ཧ་ཧ་ཧ་ཞེས་ཁོ་ཚོས་དམར་གསོད་བཏང་བ་རེད། ཅེས་བཤད་པས་སྐད་ཆ་འདི་ཨེན་སི་ཐན་ཁོང་ལ་ཆེད་དུ་བསམ་གཟས་ནས་བཤད་པ་མིན་ནའང་ཁོང་གིས་སྐད་ཆ་དེ་ཐོས་མ་ཐག་ངོ་ཚ་ཞིང་། ཁོས་བསམ་པ་ཞིག་ལ་སློབ་ཁང་ནང་གི་སློབ་གྲོགས་ཡོངས་ཁོང་གི་གདོང་ལ་ཅེར་ནས་བསྡད་ཡོད་པའི་སྣང་བ་ཞིག་བྱུང་བར་མ་ཟད། དེ་ནས་བཟུང་ཡིག་ཐེ་མི་རིགས་ཟེར་བ་དེ་གདུག་རྩུབ་ཆེ་ལ། སྐྱུག་བྲོ་ཞིང་ཞེ་མེར་བ་ཞིག་རེད་བསམས་ནས་ཁོང་གི་མགོ་ཡང་མཐོན་པོར་འགྱོགས་མི་ཐུབ་པ་ལྟ་བུར་གྱུར།  སྐབས་འདི་ཞིག་ལ་ཁོང་གི་ཕ་རྒན་གྱི་གློག་ཆས་ཕྱོགས་ཀྱི་ཁེ་ལས་ཆུང་ཆུང་དེའི་མ་རྩ་བརྡིབས་ནས་སྒོ་རྒྱག་དགོས་པའི་ཚད་དུ་ལྷུང་ཞིང་། ཨེན་སི་ཐན་ཁོང་ལ་ནུ་མོ་ཞིག་ཀྱང་སྐྱེས་པས་ཁྱིམ་ཚང་ལ་སྔར་ལས་དཀའ་ཁག་ཆེ་བ་བྱུང་ནའང་། སྟབས་ལེགས་པ་ཞིག་ལ་ཕ་རྒན་གྱི་གཉེན་ཚན་མང་བོ་ཞིག་གི་རོགས་རམ་ལ་བརྟེན་ནས་ནུ་བོ་དང་མཉམ་དུ་ཡང་བསྐྱར་བཟོ་གྲྭ་ཆུང་ཆུང་ཞིག་གི་སྒོ་ཕྱེ་ཐུབ་སོང་བ་རེད།    

ཨེན་སི་ཐན་གྱི་སློབ་འབྲིང་གི་གནས་ཚུལ་དང་དཔེ་ཀློག

      ཨེན་སི་ཐན་ཁོང་དགུང་ལོ་བཅུའི་སྟེང་ནས་ས་གནས་དེ་གའི་སློབ་འབྲིང་དུ་ཞུགས་ཤིང་། གོང་དུ་ཞུས་པ་བཞིན་ཨེན་སི་ཐན་ཁོང་རང་གཤིས་ཀྱི་ཕྱོགས་ནས་ཧ་ཅང་གྱོང་བོ་དང་། ང་རྒྱལ་ཆེ་བ་ཞིག་ཡིན་པས་དགེ་རྒན་མང་པོ་ཞིག་མིག་ནང་ལ་མི་འཇོག་པར་མ་ཟད། དངོས་ཁམས་རིག་པ་དང་མཚན་ཉིད་རིག་པའི་སྐོར་གྱི་དེབ་མང་བོ་ཞིག་རང་འདོད་ལྟར་བཀླགས་ནས་སྐབས་རེ་དགེ་རྒན་གྱི་དཔེ་ཁྲིད་ལའང་ཚུལ་བཞིན་མི་འགྲོ་བ་དང་། སློབ་ཁྲིད་ལ་སོང་ནའང་ཁོང་གྲངས་དངོས་ཀྱི་ཕྱོགས་ནས་ཧ་ཅང་གྲུབ་འབྲས་གཟེངས་སུ་ཐོན་ཡོད་པས་དགེ་རྒན་རྣམས་ལ་དྲི་བ་སྣ་ཚོགས་ཤིག་དྲིས་པས་དགེ་རྒན་རྣམས་ཀྱིས་ལན་མ་ཐོབ་པའི་སྣང་ཚུལ་བྱུང་བ་དང་།  ཡང་དགེ་རྒན་གྱིས་དྲི་བ་ཤོག་ངོས་སུ་བྲིས་ཡོད་པ་དེ་འདྲ་ཨེན་སི་ཐན་ལ་བྱིན་ནས་དྲིས་ལན་འདེབས་སུ་བཅུག་ནའང་།  དྲིས་ལན་འདེབས་པ་ལྟ་ཅི། དགེ་རྒན་གྱིས་མདུན་ནས་ཐད་ཀར་འཕུར་འཕུར་བྱས་ནས་གད་སྙིགས་སུ་འཕངས་ནས་ཁོ་ལ་འདི་ལྟ་བུའི་དྲི་བ་སླ་མོ་ཞིག་འདྲི་མི་དགོས།  འདི་ལྟ་བུ་ནི་ཁོང་དུ་ཆུད་ཡོད་ཅེས་པའི་རྣམ་འགྱུར་སྟོན་གྱིན་ཡོད་པས་དགེ་རྒན་རྣམས་དང་ཨེན་སི་ཐན་གྱི་བར་ལ་རང་ཤུགས་ཀྱིས་འགལ་བ་མང་པོ་ཞིག་བྱུང་བཞིན་ཡོད་པར་མ་ཟད། དགེ་རྒན་རྣམས་ཀྱིས་ཨེན་སི་ཐན་ནི་མི་རེ་བ་ཆེར་མེད་པ་དང་། སློབ་མ་ཧ་ཅང་ཐ་ཤལ་དང་མི་དགའ་ས་དེ་འདྲ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པ་རེད།  ཡིན་ནའང་སློབ་གླིང་དེའི་དགེ་རྒན་ཐར་མེ་ཟེར་བ་ཞིག་ཨེན་སི་ཐན་གྱི་གཤིས་ཀ་ལ་དགའ་ཞིང་། ཁོང་ལ་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་དང་གསར་འཚོལ་གྱི་སྙིང་སྟོབས་མངའ་བ་དེ་ཤེས་ནས་དགེ་རྒན་དེས་ཨེན་སི་ཐན་ཁོང་ལ་སྐབས་དེའི་མཚན་ཉིད་རིག་པའི་ཕྱོགས་ཀྱི་དཔེ་དེབ་གྲགས་ཆེན་འགའ་ངོ་སྤྲོད་གནང་ནས་ཀློག་ཏུ་བཅུག་པ་རེད།  དཔེར་ན།   འཇར་མན་གྱི་མཚན་ཉིད་རིག་པ་བ་ཁཱང་ཏི་ཡི་བརྩམས་ཆོས་མང་བོ་ཞིག་ཀློག་ཏུ་བཅུག་པར་མ་ཟད།  ཡེས་པོ་ཧེ་ཏི་ན་ཡ་ཟེར་བས་ཚན་རིག་པ་ཞིག་གིས་བྲིས་པའི་༼ ཤུགས་དང་དངོས་པོ  ༽ཞེས་པའི་དེབ་དང་།  པོ་ཨེན་སི་ཐན་གྱི་༼རང་བྱུང་ཚན་རིག་གི་རྒྱུན་ཤེས་ཀློག་དེབ ༽སོགས་མཚམས་སྦྱོར་གནང་ནས་ཀློག་ཏུ་བཅུག་པ་དེས་ཨེན་སི་ཐན་གྱི་མི་ཚེའི་བརྒྱུད་རིམ་ཁྲོད་ནས་མཚན་ཉིད་རིག་པ་དང་།  ལྷག་དོན་དུ་དངོས་ཁམས་རིག་པའི་འཚོལ་ཞིབ་ཀྱི་ཕྱོགས་ལ་དགའ་ཞེན་དང་དཔེ་ཀློག་གི་རྨང་གཞི་ཐོག་དང་པོ་བཏིངས་པར་མ་ཟད།  ཤུགས་རྐྱེན་དེས་ནམ་ཡང་ཁོང་གི་བསམ་བློ་མཚན་ཉིད་རིག་པའི་ངོ་མཚར་བའི་བརྗོད་དོན་གྱི་ཕྱོགས་ལ་ཤོར་ནས་ལུས་པོ་སློབ་ཁང་ནང་དུ་ཡོད་ཀྱང་བསམ་བློ་མཚན་ཉིད་རིག་པའི་སྟོང་བསམ་གྱི་ཀློང་ལ་འཁོར་དུ་བཅུག་ཡོད་ལ།  ཐ་ན་ནམ་ཡང་དགེ་རྒན་རྣམས་ཀྱི་དཔེ་ཁྲིད་ལ་ཧ་ཅང་སུན་སྣང་སྐྱེས་པར་མ་ཟད། སློབ་ཁྲིད་འདི་མགྱོགས་པོར་གྲོལ་སོང་ན་ཅི་མ་རུང་སྙམ་པ་དང་།  གྲོལ་སོང་ན་རང་གིས་ལྟ་བསམ་པ་དང་ལས་བསམ་པ། འགྲོ་བསམ་པ་དག་ལ་སོང་ནས་རང་དབང་ངང་ཅི་ཡང་བྱ་ཆོག་གི་རེད་བསམ་བཞིན་ཡོད་པས། སྐབས་དེ་ཤེད་ནས་ཁོང་གི་རང་དབང་འཚོལ་སྙེག་གི་བསམ་བློ་དེ་ཧ་ཅང་ཤུགས་ཆེ་བ་དེ་འདྲ་ཞིག་ཡིན་ཚོད་རེད།  སློབ་འབྲིང་གི་སྐབས་སུ་ཕྱོགས་གཅིག་ནས་ལྷ་མེད་སྨྲ་བའི་རྩོམ་པ་པོ་དག་གིས་བརྩམས་པའི་གནའ་བོའི་མཚན་ཉིད་རིག་པ་དང་དངོས་ཁམས་རིག་པའི་ཕྱོགས་ཀྱི་དཔེ་དེབ་མང་བོ་ལ་བལྟས་ཤིང་།  ཕྱོགས་གཅིག་ནས་ཕྱི་རོལ་གྱི་གསང་བའི་རང་བྱུང་ཁམས་ཆེན་མོའི་མཚར་སྣང་དང་གོ་སྟོབས་དྲངས་པ་སོགས་ལ་བརྟེན་ནས་ཁོང་གི་བྱིས་དུས་ཀྱི་ཆོས་ལུགས་དད་འདུན་གྱི་བགས་ཆགས་དེ་ཉམས་ནས་དངོས་ཡོད་ཀྱི་ཕྱོགས་ལ་འཚོལ་སྙེག་དང་ཡིད་ཆེས།  དགའ་ཞེན་གྱི་ལྟ་བའི་བག་ཆགས་ག་ལེར་གོམས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་སྒང་དེ་འདྲ་རེད།  སྐབས་དེ་ལ་ཁོང་གི་མ་རྒན་དང་ཕ་རྒན་གྱི་ནུ་བོ་གཉིས་ཀྱིས་གཉེར་བའི་ཁེ་ལས་བཟོ་གྲྭ་དེའི་མ་རྩ་ཡང་བསྐྱར་བརྡིབས་ཤིང་།     དབྱི་ཐ་ལི་ན་མ་ཡུམ་གྱི་གཉེན་ཉེ་མང་པོ་ཞིག་ཡོད་པ་དེ་དག་གིས་རེ་འབོད་བྱས་པ་བཞིན་ཡུལ་དེ་རུ་སོང་སྟེ་གཉེན་ཚན་མང་པོའི་རོགས་རམ་ལ་བརྟེན་ནས་ཡང་བསྐྱར་ཁེ་ལས་གསར་བ་ཞིག་གཉེར་བ་རེད།  ཁྱིམ་ཚང་དབྱི་ཐ་ལི་ལ་འགྲོ་ཁར་ཨེན་སི་ཐན་ནི་མ་ཁྲིད་པར་ས་དེའི་ཤ་ཉེ་ཨ་ནེ་ཞིག་གི་འགྲམ་ལ་བཅོལ་ནས་བཞག་ཅིང་། དེ་ནི་ཕ་མ་གཉིས་ཀྱི་རེ་བ་ལ་བུ་ཨེན་སི་ཐན་གྱིས་ས་གནས་དེ་གའི་མཐོ་འབྲིང་གི་ལག་འཁྱེར་ཞིག་རེག་རྒྱུ་དེ་ཡིན་ནོ།།

ཨེན་སི་ཐན་གྱི་སློབ་ཤོར་དང་རང་དབང་།

       ཨེན་སི་ཐན་གྱི་གཤིས་ཀ་ནི་གོང་དུ་ཞུས་པ་བཞིན་གྱོང་ཆེ་ཞིང་གཞན་ལ་མི་སྒུར་བ་ཞིག་ཡིན་པས་ཁོང་གི་གཤིས་ཀ་དེས་སློབ་གྲྭ་འགྲིམ་པའི་བརྒྱུད་རིམ་ཁྲོད་དུ་དགེ་རྒན་དང་སློབ་གྲོགས་རྣམས་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་ངན་པ་འཇོག་བཞིན་ཡོད།  ཡིན་ནའང་ཨེན་སི་ཐན་ཁོང་ནི་སྔར་བཞིན་ཁེར་རྐྱང་དང་བསམ་གཞིག་ལ་དགའ་བར་མ་ཟད།  དེ་ལས་ཀྱང་རང་དབང་གི་འཚོ་བ་ལ་ཧ་ཅང་དུངས་བས་ས་དེའི་སློབ་གྲྭའི་སྒྲིག་སྲོལ་དང་གུ་དོག་པའི་དགེ་རྒན་རྣམས་ཀྱི་བྱ་སྤྱོད་ལ་ནམ་ཡང་སུན་སྣང་སྐྱེ་བཞིན་ཡོད།  ལྷག་པར་དུ་དགེ་རྒན་འགས་ཨེན་སི་ཐན་ཁོང་མིག་ལ་འགྲོ་བཞིན་མེད་དེ།  བར་སྐབས་ཤིག་ལ་ཨེན་སི་ཐན་གྱི་ཕ་རྒན་གྱིས་དགེ་རྒན་ཞིག་ལ་ཁོའི་བུ་ལ་རེ་ཅི་ཙམ་འདུག་ཅེས་དྲིས་པ་ལ།  དགེ་རྒན་དེས་སྣང་དོགས་སྤུ་ཙམ་ཡང་མེད་པར་ཁྱོད་ཀྱི་བུ་ལ་འཇིག་རྟེན་འདི་ནས་གྲུབ་འབྲས་ཆེར་ལོན་པའི་རེ་བ་ཡོད་པ་མ་རེད་ཅེས་ལན་བཏབ་མྱོང་བ་ལྟ་བུ་རེད།  ཨེན་སི་ཐན་གྱི་སློབ་འབྲིང་འགྲིམ་པའི་གནས་ཚུལ་དེ་ལྟ་བུ་ཞིག་གི་འོག་ནས་དབྱི་ཐ་ལི་ནས་ཕ་རྒན་གྱི་འཕྲིན་ཞིག་འབྱོར་ཞིང་། འཕྲིན་ཡིག་དེའི་ནང་དུ་དབྱི་ཐ་ལིའི་རྒྱལ་ཁོངས་ཀྱི་འཚོ་བའི་གནས་བབ་དང་ས་དེའི་བསམ་བློའི་མཁའ་དབུགས།  ད་དུང་ཡུལ་ལྗོངས་ཀྱི་མཛེས་སྡུག་སོགས་བྲིས་ཡོད་པས། འཕྲིན་ཡིག་དེ་མགོ་མཇུག་བར་གསུམ་བཀླགས་ཚར་རྗེས་རང་དབང་མེད་པར་སེམས་པ་དབྱི་ཐ་ལི་ལ་ཤོར་ཞིང་།  ལྷག་པར་དུ་འཕྲིན་ཡིག་དེའི་ནང་གི་རང་དབང་དང་ཞི་འཇམ།  དྭངས་གཙང་།  ལྷོད་ཡངས་ཞེས་པའི་ཐ་སྙད་དེ་དག་གིས་སེམས་བཀུག་ནས་རང་ཉིད་ཀྱིས་འཚོལ་ཞིང་མཁོ་བ་དག་ནི་གནས་དེ་ན་འདུག་ཨང་སྙམ་སྟེ་སློབ་བྱོལ་བྱས་ནས་དབྱི་ཐ་ལི་ལ་འགྲོ་བར་སེམས་ཐག་བཅད་ནས་ཐབས་ཤེས་འཚོལ་བའི་ལམ་ལ་འབད།  ཁོས་ཐོག་མར་སློབ་གྲྭའི་ངོས་སྦྱོར་ཡི་གེ་ཞིག་ལག་ཏུ་ཨེ་ལོན་པར་འབད་ཅིང་། ངོས་སྦྱོར་གྱི་ཡི་གེ་དེ་ལ་བརྟེན་ནས་ས་གནས་དེ་ག་ནས་ཡང་བསྐྱར་སློབ་གྲྭར་ཞུགས་པའི་རེ་བ་བཅངས། ཕལ་ཆེར་ཡི་གེ་དེ་ལག་ཏུ་ལོན་ལ་ཉེ་བའི་སྐབས་ན་དགེ་རྒན་ཞིག་གིས་གློ་བུར་དུ་ཁོ་རང་བོས་ནས་ད་ནས་བཟུང་སློབ་གྲྭ་འདི་ནས་ཕྱིར་དབྱུང་བཏང་བ་ཡིན་ཞེས་བཤད་ལ།   དགེ་རྒན་དེ་ནི་ཨེན་སི་ཐན་ལ་རེ་བ་མི་འདུག་ཅེས་བཤད་མྱོང་བའི་དགེ་རྒན་དེ་རེད།  ཨེན་སི་ཐན་ཁོང་གི་འཆར་གཞི་མ་འགྲུབ་པར་གློ་བུར་དུ་སློབ་གྲྭ་ནས་ཕྱིར་གནས་དབྱུང་བཏང་བས་ཕྱོགས་གཅིག་ནས་ཕ་མ་གཉིས་ཀྱི་རེ་བ་སྟོང་ཟད་དུ་བཏང་བ་དང་། ཕྱོགས་གཅིག་ནས་ཁོ་རང་ཆེས་དགའ་སའི་རྒྱལ་ཁོངས་དང་རང་དབང་གི་ལམ་ལ་གོམ་པ་བསྙེག་ཐུབ་སོང་བས་དགའ་སྐྱོ་ཟུང་འབྲེལ་དང་མེ་འཁོར་གྱི་དུང་བརྡའི་ཁྲོད་ནས་ས་དེའི་སློབ་འབྲིང་དང་མི་ལོ་བཅུ་དྲུག་གི་གཏམ་རྒྱུད་ལ་བདེ་མོ་བཞག་ནས་དབྱི་ཐ་ལིའི་ཕྱོགས་ལ་ཆས་སོང་།  སྐབས་དེར་ཁོང་དགུང་ལོ་བཅུ་དྲུག་རེད། ཕ་མ་གཉིས་ཀྱིས་འཚོ་བ་རོལ་བཞིན་པའི་དབྱི་ཐ་ལི་ལ་སོང་ནས་རང་ཉིད་དགའ་སའི་མཚན་ཉིད་རིག་པ་དང་དངོས་ཁམས་རིག་པ་རྙིང་བའི་ཕྱོགས་ལ་སྔར་ལས་ཀྱང་དཔེ་ཀློག་ཚད་མེད་བྱས་པར་མ་ཟད།  ས་གནས་དེའི་ཡུལ་ལྗོངས་མང་བོ་ཞིག་ལ་ལྗོངས་རྒྱུ་གནང་ཞིང་།མཚར་སྡུག་ལྡན་པའི་རི་བྲག་ནགས་ཚལ་དང་མཚོ་དང་མཚེའུ་སོགས་རང་བྱུང་ཁམས་ཀྱི་གསང་བའི་ངོ་མཚར་མང་བོ་ཞིག་གིས་ཁོའི་སེམས་བཟི་རུ་བཅུག་ནས་ཁེར་རྐྱང་གི་བསམ་གཞིག་དང་ལྷན་དུ་ས་རུབ་པའང་མི་ཚོར་བ་དང་།  ཐ་ན་ཉིན་ཞག་ག་ཚོད་འགོར་བ་དང་ཚེས་གྲངས་དུ་ལ་སོན་པ་སོགས་ཀྱང་བརྗེད་ནས་ལྷིང་འཇགས་པའི་རང་བྱུང་ཁམས་དང་མཉམ་དུ་འདྲེས་ནས་མཐའ་མེད་པའི་གསང་བའི་ཁམས་ལ་ཉུལ་བ་རེད།  གནས་ཚུལ་དེ་ལྟ་བུའི་འོག་ནས་ཁོང་གི་ཕ་རྒན་གྱིས་ཀྱང་ཁོ་ལ་མཚན་ཉིད་རིག་པའི་ཕྱོགས་ཀྱི་མི་བསམ་དགུ་བསམ་དེ་བསྐྱུར་ནས་བཟོ་སྐྲུན་ཆེད་ལས་པ་ཞིག་ཉན་པར་བསམ་ཚུལ་ཐེངས་མང་བཏོན་མྱོང་བ་རེད།  ཡིན་ནའང་ཁོང་གིས་རང་ཉིད་ཀྱི་དགའ་ཕྱོགས་མ་བཏང་བར་མུ་མཐུད་དུ་འབད་བརྩོན་རྒྱུན་འཁྱོངས་བྱས་ཤིང་། ཨེན་སི་ཐན་ཁོང་གི་མི་ཚེའི་སྟེང་ནས་བརྩམས་ཆོས་ཆེས་ཐོག་མ་སྟེ་༼སྡུད་ར་ཡི་ནང་གི་ཨེ་ཐར་གྱི་ཞིབ་འཇུག་གི་རྣམ་པ ༽ཞེས་པ་དེ་བྲིས་ཤིང་། ལོ་དེ་ནི་སྤྱི་ལོ་༡༨༩༥ལོ་སྟེ་ཁོང་དགུང་ལོ་བཅུ་དྲུག་གི་སྐབས་རེད།  དཔྱད་རྩོམ་དེའི་ནང་དུ་དངོས་ཁམས་རིག་པ་གྲགས་ཅན་མང་བོ་ཞིག་གིས་གསང་བ་རྟོལ་མ་ཐུབ་པར་ལུས་པའི་ཨེ་ཐར་ལ་ཞིབ་འཇུག་གནང་ཡོད་ཅིང་།  ཁོ་རང་ཆུང་དུས་ནས་ཨེ་ཐར་ཞེས་པ་འདི་ལ་མཚར་སྣང་གི་བསམ་བློ་སྐྱེས་མྱོང་བར་བཤད་ཡོད།  དཔྱད་རྩོམ་འདི་ནི་ཧ་ཅང་འཐུས་ཚང་དང་ཞིབ་འཇུག་གནད་དུ་འཁེལ་བ། ལྟ་གྲུབ་ཀྱི་རྨང་ཟིན་ཡོད་པ་དེ་འདྲ་མ་ཡིན་ནའང་མི་མང་བོ་ཞིག་གིས་དཔྱད་རྩོམ་དེའི་ཁ་བྱང་མཐོང་བས་ལོ་ན་བཅུ་དྲུག་ལ་སོན་མ་ཐག་པའི་ཁོང་གི་ཁོང་གི་རྣམ་དཔྱོད་དང་འཚོལ་སྙེག་གི་སྤོབས་པ་ལ་ངོ་མཚར་ནས་རྗེས་སུ་ཡི་རངས་དང་སྐུལ་མ་བྱེད་བཞིན་ཡོད་པ་རེད།  སྐབས་དེ་ལ་ཁོང་གིས་ཕ་ཡབ་ལ་འཇར་མན་གྱི་སྤྱི་དམངས་བྱེད་འདོད་མེད་པའི་རེ་ཞུ་བྱས་པ་བཞིན་དུ་ཕ་ཡབ་ཀྱིས་ཀྱང་བུའི་རེ་འདོད་དང་ལེན་གནང་ནས་འཇར་མན་རྒྱལ་ཁོངས་ལ་རེ་ཞུ་ཕུལ་ནས་༡༩༨༦ལོར་ཨེན་སི་ཐན་ཁོང་འཇར་མན་གྱི་སྤྱི་དམངས་མིན་པ་ཁྱབ་བསྒྲགས་བྱས་པ་རེད།

ཨེན་སི་ཐན་གྱི་རྒྱུགས་སྤྲོད་ཕམ་ཁ་དང་སེམས་ཤུགས།

       དབྱི་ཐ་ལིའི་རྒྱལ་ཁོངས་ནས་ལོ་ན་བཅུ་གསུམ་ལས་སོན་མེད་པ་མ་གཏོགས་སློབ་འབྲིང་ལ་བསྡུ་བཞིན་མེད་ཅིང་། ཨེན་སི་ཐན་ཁོང་དགུང་ལོ་བཅུ་དྲུག་ལ་སོན་པས་སློབ་འབྲིང་འགྲིམ་པའི་སློབ་ལོ་ཡོལ་ཞིང་།  དེའི་རྐྱེན་གྱིས་ཕ་མ་གཉིས་ཀྱིས་རང་གི་བུ་སློབ་གྲྭར་འགྲོ་ཐུབ་རྒྱུ་མ་རེད་བསམ་ནས་སེམས་ཁུར་དང་ཕྱོགས་མང་བོ་ཞིག་ལ་འབྲེལ་བ་བཙལ་བཞིན་ཡོད། སྟབས་ལེགས་པ་ཞིག་ལ་ཨེན་སི་ཐན་གྱི་མ་རྒན་གྱི་འབྲེལ་བ་ལ་བརྟེན་ནས་སུའི་ལི་སི་མཉམ་འབྲེལ་བཟོ་ལས་སློབ་ཆེན་ཆེན་གྱི་རྒྱུགས་སྤྲོད་ལ་ཞུགས་ཆོག་པའི་གོ་སྐབས་རེག་པས་ཨེན་སི་ཐན་ཁོང་མཉམ་འབྲེལ་བཟོ་ལས་སློབ་ཆེན་ལ་རྒྱུགས་སྤྲོད་པར་སུའི་ལི་སུའི་ཡུལ་ཕྱོགས་སུ་མེ་འཁོར་ལ་བསྡད་པ་རེད།  མཉམ་འབྲེལ་བཟོ་ལས་སློབ་ཆེན་དེ་ནི་སུའུ་ཙིར་རྒྱལ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་མཐོ་རིམ་སློབ་ཆེན་གཅིག་པུ་དེ་ཡིན་ཞིང་།  དེ་རུ་ཆེད་ལས་དགེ་རྒན་གྲགས་ཅན་མང་བོ་བཞུགས་ཡོད་པ་རེད། སྐབས་དེའི་སློབ་ཆེན་རྒྱུགས་གཞིའི་ཁྲོད་ནས་ཨེན་སི་ཐན་ཁོང་སློབ་ཆེན་འགྲིམ་པའི་རྒྱུགས་སྐར་མ་ལོན་པས་ཁོང་སེམས་རབ་ཏུ་ཕམ་ཞིང་།  ཐ་ན་གང་ལའང་སྤྲོ་སྣང་མེད་པ་ལྟ་བུར་ཆགས་ནས་སྐྱོ་སྡུག་ངང་བཟོ་ལས་སློབ་ཆེན་གྱི་ཉེ་འགྲམ་ཞིག་ནས་ལུས་པ་རེད།  སྐབས་དེར་དགེ་རྒན་ཆེན་མོ་འགས་ཨེན་སི་ཐན་ཁོང་དངོས་ལུགས་རིག་པའི་ཕྱོགས་ལ་ཐུན་མོང་མ་ཡིན་པའི་བག་ཆགས་ཟབ་པ་ཤེས་ནས་ཟུར་ཞུགས་སློབ་ཁྲིད་ལ་ཡོང་ཆོག་པར་བཤད་ཀྱང་སྐབས་དེར་ཁོང་གིས་དང་ལེན་མ་གནང་བར་ས་དེའི་སློབ་འབྲིང་ན་ཁོའི་ངོ་ཤེས་གྲོགས་པོ་ཞིག་ཡོད་པ་དེར་སོང་ནས་བསྡད་ཅིང་། སྐབས་དེ་ལ་ངོ་ཤེས་དགེ་རྒན་གྱིས་སློབ་གླིང་དེའི་ནང་དུ་ལྟ་སྐོར་ལ་ཁྲིད་ནད་འདི་ནི་ཚོད་ལྟ་ཁང་རེད།  འདི་ནི་ལུས་རྩལ་ཁང་རེད་ཅེས་རེ་རེ་བཞིན་མཚམས་སྦྱོར་གནང་ནའང་ཁོས་སློབ་ཆེན་ལ་རྒྱུགས་མ་འཕྲོད་པར་སེམས་སྡུག་ནང་དུ་ལྷུང་དྲགས་པའི་རྐྱེན་གྱིས་སྐད་ཆ་དེ་རྣ་ནང་དུ་འགྲོ་བཞིན་མེད་པ་དེ་འདྲ་རེད།དེ་བས་སློབ་འབྲིང་དེའི་སློབ་གཙོ་དང་དགེན་རྒན་རྣམས་ཀྱིས་ཁོ་རང་སྐྱོ་སྡུག་གི་ནང་དུ་ལྷུང་བ་རིག་ནས་སེམས་གསོ་ཚད་མེད་གནང་བར་མ་ཟད།སློབ་འབྲིང་དེའི་དགེ་རྒན་ཞིག་དང་དམིགས་བསལ་གྱིས་གྲོགས་པོ་དཔེ་མེད་ཆགས་ཤིང་། ངལ་གསོའི་སྐབས་དགེ་རྒན་དེ་དང་མཉམ་དུ་ཡུལ་སྐོར་ལ་འགྲོ་བ་དང་།  ཁ་བརྡ་གནང་བ།  ཁྱད་པར་དུ་ཚན་རིག་དང་དངོས་ཁམས་རིག་པའི་ཕྱོགས་ནས་བསམ་ཚུལ་བརྗེ་རེས་འདྲ་མིན་བྱས་པ་དེས་ཁོའི་རེ་བའི་མེ་སོན་དེ་ཡང་བསྐྱར་འབུས་འགོ་བརྩམས་ཤིང་།  ཁོའི་རང་གི་ཕ་མའི་རེ་བ་དང་། ཁྱིམ་ཚང་གི་དཀའ་ཁག  ད་དུང་ངལ་བས་བཙལ་བའི་དངུལ་སྒོར་རྣམས་རང་གི་དོན་དུ་ཕངས་མེད་ཕུལ་བ་དག་རེ་རེ་བཞིན་ཡིད་ལ་ཝ་ལེར་དྲན་པས་རང་ཉིད་ལ་དམ་བཅའ་བཞག་པར་མ་ཟད།  ཁོ་རང་ཉིད་ཀྱིས་རང་གི་སེམས་ནང་དུ་ཁུ་སིམ་མེར་བཤད་རྒྱུར་ཕ་མས་ཁྱོད་ལ་དེ་འདྲའི་རེ་བ་བཞག་ནས་ཡོད་ཚད་ཁྱོད་ཀྱི་ཆེད་དུ་བཏང་ནའང་ཁྱོད་ནི་བུ་ངན་འདི་ཙམ་སྟེ།  ཡོད་ཚད་ཁྱོད་ལ་རག་ལས་པས།  ད་ནི་ཁྱོད་ཀྱིས་ངེས་པར་དུ་ཧུར་བརྩོན་གནང་དགོས་ཞེས་རང་ཉིད་ལ་སྐུལ་མ་བཏང་ཞིང་། དུས་དེ་ནས་བཟུང་སླར་ཡང་སློབ་ཆེན་ལ་རྒྱུགས་སྤྲོད་པར་ཉིན་མཚན་མེད་པར་གྲ་སྒྲིག་བྱས། ཕྱི་ལོའི་སྟོན་ག་དེར་ཁོང་སླར་ཡང་བཟོ་ལས་མཉམ་འབྲེལ་སློབ་ཆེན་གྱི་རྒྱུགས་སྤྲོད་ལ་ཞུགས་ཤིང་། ཕ་མ་གཉིས་ཀྱི་རྒྱལ་ཁོངས་འཇར་མན་དང་། ཁོ་རང་རྒྱལ་ཁོངས་མེད་པའི་མིང་ཐོའི་འོག་ནས་རྒྱུགས་སྤྲད་པས་ལོ་དེར་བཟོ་ལས་སློབ་ཆེན་ལ་རྒྱུགས་འབྲས་གཟེངས་སུ་ཐོན་པའི་ངང་ནས་ཞུགས་ཐུབ་པ་བྱུང་སོང་།

ཨེན་སི་ཐན་གྱི་སློབ་ཆེན་དང་གྲུབ་འབྲས།

      ཨེན་སི་ཐན་དགུང་ལོ་བཅུ་བདུན་སྟེང་ནས་མཉམ་འབྲེལ་བཟོ་ལས་སློབ་ཆེན་ལ་གཞི་ནས་ཞུགས་ཐུབ་ཅིང་། ཁོས་སློབ་ཆེན་འགྲིམ་པའི་རིང་ལ་ཁོང་གི་ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ཁག་སྔར་ལས་ཆེ་ཞིང་།  ཐ་ན་ཕ་མ་གཉིས་ཀྱིས་ཁེ་ལས་ཆུང་ཆུང་ཞིག་གཉེར་བཞིན་པའི་མ་རྩ་ཡང་བརྡིབས་སོང་བ་རེད།  དེ་བས་ཨེན་སི་ཐན་གྱི་སློབ་ཆེན་གྱི་སློབ་ཡོན་དང་འཚོ་བའི་གྲོན་དངུལ་ནི་ཁོའི་ཨ་ཁུ་ཞིག་གིས་ཡོངས་སུ་མཐུན་རྐྱེན་སྦྱོར་བར་ཁས་བླངས་ཡོད་པ་རེད། སློབ་ཆེན་འགྲིམ་པའི་བརྒྱུད་རིམ་ཁྲོད་ནས་ཨེན་སི་ཐན་གྱི་གཤིས་ཀ་དང་བསམ་བློ་ལ་ཡང་འགྱུར་ལྡོག་བྱུང་སྟེ་སྔོན་དང་འདྲ་བར་གྲོགས་མེད་ཁེར་རྐྱང་མ་ཡིན་པར་རྒྱུན་དུ་སློབ་གྲོགས་ཚོ་དང་མཉམ་འགྲོ་མཉམ་འདུག་བྱས་པར་མ་ཟད།  སློབ་སྦྱོང་ལ་བཟང་བའི་གྲོགས་པོ་འགའ་དང་མཉམ་དུ་དངོས་ཁམས་རིག་པའི་ཕྱོགས་ནས་བསམ་བློ་བརྗེ་རེས་ཀྱང་རྒྱུན་པར་གནང་བཞིན་ཡོད་པ་དེ་འདྲ་རེད། སྐབས་དེར་ཨེན་སི་ཐན་གྱིས་སུའུ་ལི་སི་མཉམ་འབྲེལ་བཟོ་ལས་སློབ་ཆེན་ནང་གི་ཕུལ་བྱུང་སྦྱངས་འབྲས་ཀྱིས་རྒྱལ་ཁབ་རིམ་པའི་རྒྱུགས་སྤྲད་འཕྲོད་ཡོད་པར་མ་ཟད། ཁོའི་ཚེ་གཅིག་གི་བྱ་བ་ནི་དངོས་ལུགས་རིག་པར་ཞིབ་འཇུག་གནང་རྒྱུ་དེ་སེམས་ཐག་བཅད་ཡོད་པས།  ཁོང་གིས་ནམ་རྒྱུན་གནའ་བོའི་མཚན་ཉིད་རིག་པ་དང་།  དངོས་ཁམས་རྙིང་བའི་རྣམ་གཞག   ད་དུང་རིག་ཚན་གཞན་མང་བོ་ཞིག་ལའང་ལྟ་ཀློག་དང་ཞིབ་འཇུག་རྒྱ་ཆེར་གནང་སྟེ་ཉིན་གཅིག་ལ་ཟས་ཐུན་གཉིས་མ་གཏོགས་ཟ་བཞིན་མེད་པར་སློབ་སྦྱོང་གི་ཕྱོགས་ལ་ཉིན་མཚན་མེད་པར་འབད་བཞིན་ཡོད་པ་དེ་འདྲ་རེད།  ལྷག་པར་དུ་ཉུག་ཏོན་གྱི་དངོས་ཁམས་རིག་པའི་རྣམ་བཞག་རྙིང་བ་དེ་ཚོ་བློ་ངོར་དེ་འདྲ་མ་འཐད་པས། དུས་འདི་ནས་བཟུང་ལོ་ངོ་ཉི་ཤུར་ཉེ་བའི་ཨེན་སི་ཐན་ཁོང་དངོས་ལུགས་རིག་པ་གསར་བརྗེ་ལ་ཁ་ཕྱོགས་ཡོད་ཀྱང་དགེ་རྒན་མང་བོ་ཞིག་གིས་རྒྱབ་སྐྱོར་ཐོབ་པ་ལྟ་ཅི།   དེ་ལས་ཟློག་སྟེ་དངོས་ཁམས་རིག་པའི་རྣམ་བཞག་རྙིང་བ་རྣམས་ཡུན་རིང་ལ་ཀླད་པའི་ནང་དུ་གོམས་ནས་དེ་ནི་རྟག་བརྟན་གྱི་ཚད་མའོ་སྙམ་པའི་དགེ་རྒན་དག་གིས་ཨེན་སི་ཐན་གྱི་ལྟ་ཚུལ་ལ་མ་རངས་པའི་རྣམ་འགྱུར་བསྟན་པར་གྲགས་སོ།། ཡིན་ནའང་ཁོང་གི་གསར་འཚོལ་གྱི་སྤོབས་པ་མེ་རི་བཞིན་འབར་གས་བྱེད་པའི་སྐབས་ཤིག་ཏུ་ལགས་པས།  ཕྱོགས་གཅིག་ནས་ཁོང་གིས་དངོས་ཁམས་དང་མཚན་ཉིད་རིག་པའི་ཕྱོགས་ཀྱི་སྐབས་དེར་གྲགས་ཆེ་བའི་དཔེ་ཆ་སྟེ་མེ་ཁེ་སི་ཝིས་དང་།  ཇེ་ཨེར་ཧོ་ཧྥི།  ཧེ་མོས་ཧོ་ཚི།  ཧེར་ཚི་སོགས་ཀྱི་བརྩམས་ཆོས་མང་པོ་བཀླགས་པར་མ་ཟད། ཕྱོགས་གཅིག་ནས་ཁོང་གིས་ག་ལེར་དངོས་ཁམས་ལྟ་བའི་ཕྱོགས་ཀྱི་རྨང་བཏིངས་ནས་དངོས་ཁམས་རྙིང་བའི་གཏན་སྲོལ་ལ་འཐབ་འཛིངས་བྱེད་པའི་གྲ་སྒྲིག་གནང་བཞིན་ཡོད་པ་རེད། སྐབས་དེ་ལ་ཨེན་སི་ཐན་ཁོང་ནི་སློབ་གྲྭ་དེའི་ནང་གི་དངོས་ཁམས་རིག་པའི་ཕྱོགས་ནས་རྩེ་གྲས་སུ་ཆགས་ཤིང་།  ཐ་ན་སློབ་གྲྭ་དེའི་ནང་གི་དགེ་རྒན་རྣམས་ལའང་ཁོང་ལ་དཔེ་ཁྲིད་གནང་ཐུབ་པའི་ཡོན་ཚད་མེད་པ་ལྟ་བུར་གྱུར་ཡོད་ཚོད་རེད།  དགེ་སློབ་ཀུན་གྱིས་ཁོང་གི་རྣམ་དཔྱོད་ལ་ཡི་རངས་བསྟོད་བསྔགས་ཚད་མེད་གནང་བཞིན་ཡོད་ནའང་།  ཁོང་གི་གཤིས་ཀ་དང་རང་ཤེད་ཚ་བོ་དེས་སྔར་བཞིན་སློབ་ཆེན་ནས་ཀྱང་དགེ་རྒན་རྣམས་ལ་ཕོག་ཐུག་འཆོར་བཞིན་ཡོད་པ་དེ་འདྲ་རེད།   ད་དུང་ཁོང་གིས་སློབ་ཆེན་འགྲིམ་ཞོར་དུ་ཨ་ཁུས་བྱིན་པའི་འཚོ་བའི་གྲོན་དངུལ་ལས་ཉུང་ཙམ་བསགས་ནས་སུའི་ཙིར་རྒྱལ་ཁོངས་གྱི་སྤྱི་དམངས་སུ་འགྱུར་བར་དངུལ་ཁྲལ་སྤྲོད་བཞིན་ཡོད་པ་རེད། 

ཨེན་སི་ཐན་གྱི་ལས་ཤོར་དང་དཀའ་ཁག

      ཨེན་སི་ཐན་ཁོང་མཉམ་འབྲེལ་བཟོ་ལས་སློབ་ཆེན་ནས་མཐར་ཕྱིན་ལ་ཉེ་དུས་སློབ་གྲྭས་མཐར་ཕྱིན་སློབ་མ་སྦྱང་འབྲས་ཕུལ་དུ་བྱུང་བ་འགའ་བདམས་ནས་ཕྱིར་མ་ཡུམ་སློབ་གྲྭའི་དགེ་རྒན་དུ་ལེན་པར་སྐྱ་ཐིག་བཀོད་ཅིང་།  ཨེན་སི་ཐན་ཁོང་ཡང་དེའི་ནང་གི་གཅིག་ཡིན་པས་ཁོང་ཧ་ཅང་དགའ་བཞིན་དུ་སློབ་མཐར་ཕྱིན།  སློབ་མཐར་ཕྱིན་རྗེས་ཨ་ཁུའི་རོགས་དངུལ་ཡང་མཚམས་ཆད་པས་ཁོ་ལ་སྔར་ལས་ཀྱང་འཚོ་བའི་དཀའ་ཁག་ཆེ་བ་བྱུང་།  ཨེན་སི་ཐན་གྱིས་མ་ཡུམ་སློབ་གྲྭས་ཕྱིར་གདན་ཞུ་བྱེད་པ་ལ་བསྒུགས་ཀྱང་ཁོའི་སློབ་གྲོགས་རྣམས་ལ་རེ་རེ་བཞིན་དགེ་རྒན་གྱི་གདན་ཞུ་འབྱོར་ཡང་ཁོ་གཅིག་པུ་ལ་གདན་ཞུ་བཏང་མ་སོང་།  དེ་ནི་གཞན་ཞིག་མ་ཡིན་ཏེ།  ཁོས་དགེ་རྒན་མང་བོ་ཞིག་ལ་ཕོག་ཐུག་སོང་ཡོད་པར་མ་ཟད། སྐབས་དེར་ཨེན་སི་ཐན་ཁོང་ལ་རྒྱལ་ཁོངས་མེད་ཅིང་རྒྱབ་སྐྱོར་བྱེད་མཁན་གྱི་ཉེ་འབྲེལ་ཡང་མེད་པས་ལས་ཤོར་བྱུང་བ་རེད།  དེ་བས་ཨེན་སི་ཐན་ཁོང་ཕྱིར་མ་ཡུམ་སློབ་གྲྭ་ལ་རེ་ལྟོས་འཛིན་པར་རེ་ཐག་ཆད་དེ་གནས་སྐབས་སློབ་གྲྭ་དང་ཁྱིམ་ཚང་སོགས་སུ་སོང་ནས་དཔེ་ཁྲིད་བྱེད་པ་སོགས་གླ་ཙག་ཙིག་རེ་གནང་ཞོར་དུ་འཚོ་བ་རོལ།  སྐབས་དེ་ལ་ཁོང་གིས་དཔྱད་རྩོམ་ཞིག་བྲིས་ཤིང་། དཔྱད་རྩོམ་དེའི་མིང་ལ་༼ ཕྲ་སྦུག་སྣང་ཚུལ་གྱི་རིགས་འདེད་དཔྱད་པ  ༽ཞེས་ཟེར་ཞིང་།  དཔྱད་རྩོམ་དེ་སྐབས་དེའི་ཚན་རིག་གི་ཆེས་མཐོའི་ཆེད་དེབ་༼དངོས་ལུགས་རིག་པའི་ཟིན་བྲིས་༽སྟེང་དུ་བཀོད།སྐབས་དེར་ཨེན་སི་ཐན་ཁོང་དགུང་ལོ་ཉེར་གཉིས་ཡིན། ཨེན་སི་ཐན་ཁོང་གིས་རང་གི་དཔྱད་རྩོམ་དེ་རྩོམ་སྒྲིག་པས་གདེངས་འཇོག་གནང་སྟེ་རྒྱལ་ཁབ་ཀྱི་ཆེས་མཐོའི་ཆེད་དེབ་ཀྱི་སྟེང་དུ་བཀོད་པས་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས་པར་མ་ཟད། སྔར་ལས་ཀྱང་རང་གི་གྲུབ་འབྲས་དང་ཞིབ་འཇུག་ལ་ཡིད་ཆེས་ཟབ་མོ་རྙེད།  ཁོས་རང་གི་གྲུབ་འབྲས་དེ་ངོམ་རིན་ཡོད་པའི་གོ་སྐབས་ཤིག་ཏུ་ངོས་བཟུང་ནས་སྐབས་དེའི་ཚན་རིག་དང་དངོས་ཁམས་རིག་པ་བ་གྲགས་ཅན་མང་བོར་འཕྲིན་བསྐུར་ནས་ཁོ་རང་ལས་རོགས་སུ་ལེན་པར་རེ་ཞུ་གནང་སྟེ་ལས་གནས་འཚོལ་བར་འབད། དཔེར་ན།  སྐབས་དེར་རྒྱལ་ཁོངས་ལ་མིང་དུ་གྲགས་པའི་རྫས་འགྱུར་རིག་པ་བ་དང་དངོས་ལུགས་རིག་པ་བ་ཨོར་སི་ཏི་ཝིར་ཐི་ཞེས་པ་ལ་ཁོང་གི་དཔྱད་རྩོམ་འཕྲིན་ཡིག་དང་བཅས་པ་བསྐུར་ཞིང་། དགེ་རྒན་ལགས་ཀྱིས་གཟིགས་ནས་ཐུགས་ལ་འཕྲོད་པ་བྱུང་ན་ང་རང་དགེ་རྒན་ལགས་ཀྱི་ཕྱག་རོགས་བྱེད་པར་འཐད་པ་ཡིན་ཞེས་གསལ་བཤད་དང་བཅས་བསྐུར་ཡང་རྒྱ་མཚོའི་ནང་དུ་རྡོ་འཕངས་པ་བཞིན་དུ་ལན་མ་བྱུང་བ་རེད།  དེའི་རྗེས་ནས་ཀྱང་ཧོ་ལན་གྱི་ལེ་ཏིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁཱ་མོ་ལན་ཨང་ཉི་སི་་ཟེར་བར་ཨེན་སི་ཐན་ཁོང་གི་དཔྱད་རྩོམ་གསལ་བཤད་དང་བཅས་པ་བསྐུར་ནས་དངོས་ཁམས་རིག་པའི་ཕྱོགས་ལ་ཧ་ཅང་འཚོལ་སྙེག་བྱེད་པར་དགའ་བོ་ཡོད་ཚུལ་སོགས་རེ་ཞུ་བྱས་ཀྱང་སྔར་བཞིན་ཕྱིར་ལན་མ་ཡོང་བ་རེད།  འཚོ་བའི་དཀའ་ཁག་གིས་རབ་ཏུ་གདུང་བའི་ཨེན་སི་ཐན་ཁོང་གིས་ལན་རེ་ཀུ་རེ་དང་དོན་གཏམ་འདྲེས་མ་འདི་ལྟར་བཤད་དེ། ད་ནི་ང་ལ་མཐའ་མཇུག་གི་འགྲོ་ལམ་གཅིག་ཡོད་པ་ནི་ཆུང་དུས་ཀྱི་པི་ཝང་ཆུང་ཆུང་དེ་བཟུང་ནས་ཁྱིམ་སྒོ་རེ་རེ་བཞིན་ཉུལ་རྒྱུ་དེ་རེད་ཟེར།  སྐད་ཆ་འདི་ནི་ཚན་རིག་གི་མེས་པོར་གྲགས་པའི་རླབས་ཆེ་བའི་ཚན་རིག་པ་ཞིག་ལ་དཀའ་ཁག་བྱུང་བའི་སེམས་ཀྱི་སྐད་ཆ་ངོ་མ་དེའང་རེད། 

ཨེན་སི་ཐན་གྱི་ལས་ཞུགས་དང་ཧོ་ལན་ཕེ་ཡ་ཚན་རིག་གླིང་།

      ཨེན་སི་ཐན་ཁོང་ལ་ཧ་ཅང་འཚོ་བའི་དཀའ་ཁག་བྱུང་བའི་སྐབས་དེར་གྲོགས་པོ་མང་བོ་ཞིག་གི་མཚམས་སྦྱོར་དང་རོགས་རམ་ལ་བརྟེན་ནས་བྱ་བ་ཆུང་ཆུང་ཞིག་རྙེད་ཅིང་།  བྱ་བ་དེ་ནི་མཉམ་འབྲེལ་ཆེད་ལས་ཅུས་ཀྱི་གཞུང་ཞབས་པ་ཆུང་ཆུང་ཞིག་བྱ་རྒྱུ་དེ་རེད།  ཁོང་ཆེད་ལས་ཅུས་ལ་རྒྱུག་སྤྲོད་དུ་སོང་བས་ལས་ཁུངས་དེའི་ཅུས་ཀྲང་གིས་ཁོ་རང་མཐོང་མ་ཐག་གཞོན་ནུ་བློ་རིག་གསལ་ལ། སྤོབས་སེམས་དང་གསར་འཚོལ་གྱི་སྙིང་སྟོབས་དང་ལྡན་པའི་གསར་བུ་ཞིག་ཡིན་པ་ཤེས་ནས་བློར་བབས་ཏེ་ལས་ཁུངས་ནང་དུ་ལེན་རྒྱུ་དང་ལེན་བྱས། ཡིནའང་ལས་གནས་བཀོད་སྒྲིག་བྱེད་པའི་བར་དུ་ཨེན་སི་ཐན་ཁོང་གནས་སྐབས་ཕྱི་རོལ་ནས་ཁང་བ་ཆུང་ཆུང་ཞིག་གླས་ནས་བསྡད་པ་རེད།  དེའི་རིང་ལ་སྔར་བཞིན་སློབ་མ་མང་བོ་ལ་སློབ་ཁྲིད་གནང་ནས་དངུལ་ཉུང་ཙམ་རེ་བཙལ་ཞིང་།  བར་སྐབས་དེ་ལ་ཁོང་གི་དངོས་ཁམས་རིག་པའི་ཡོན་ཚད་ཀྱིས་ཕྱོགས་སོ་སོའི་སློབ་ཆེན་མཐར་ཕྱིན་སློབ་མ་གྲགས་ཆེ་བ་མང་བོ་ཞིག་གི་སེམས་རང་དབང་མེད་པར་བཀུག་ནས་མཉམ་དུ་འདུས་ཏེ་བགྲོ་གླེང་གནང་བཞིན་ཡོད་པ་དེ་འདྲ་རེད།  སློབ་མ་དེ་དག་གིས་ཀྱང་ཨེན་སི་ཐན་ཁོང་ལའང་བློ་བསྐྱེད་མི་དམན་པ་སྟེར་ཐུབ་པས་རིམ་བཞིན་དུ་སྒོར་མོ་འཚོལ་བའི་སློབ་ཁྲིད་དེ་རང་དབང་གི་བགྲོ་གླེང་ཞིག་ཏུ་གྱུར་སོང་བ་རེད།  ཧ་པི་ཞི་ཐ་དང་སོ་ལོ་ཝན་སོགས་བསམ་བློ་དང་དམིགས་ཡུལ་གཅིག་པའི་ཁོ་ཚོ་ནམ་ཡང་ངལ་གསོའི་སྐབས་ཏེ་གཟའ་སྤེན་པ་དང་ཉི་མའི་ཉིན་ཁ་ཧྥེ་འཐུང་ས་ཞིག་ནས་མཉམ་དུ་འདུས་ནས་བགྲོ་གླེང་རབ་དང་རིམ་པ་སྤེལ་ཞིང་།  འགྲོ་གླེང་སྤེལ་བ་ཙམ་མ་ཟད་ཁོ་ཚོས་རང་རང་གི་རང་ལུགས་དང་ལྟ་བ་རྩལ་དུ་བཏོན་ནས་ཀོ་པེ་ཉིའི་ཉི་དཀྱིལ་ལྟ་བ་ནས་བཟུང་སྟེ། ཀ་ལི་ལའི་དངོས་ཁམས་ཀྱི་ལྟ་བ་དང་། ཉུག་ཏིན་གྱི་འཐེན་ཤུགས་རིག་པ། མེ་ཁ་ཝིའི་གློག་རྡུལ་ར་བ།  ཕོ་ལེན་ཁུའི་ཚད་རྡུལ་རིག་པ་སོགས་རིག་གཞུང་གི་བསམ་བློ་བརྗེ་རེས་གནང་དུས་ཨེན་སི་ཐན་གྱི་རྣམ་དཔྱོད་དང་ལྟ་བ་ནི་ཐུན་མོང་མ་ཡིན་པ།  ཁྱད་དུ་འཕགས་པ་དེ་འདྲ་ཡིན་པས་གྲོགས་པོ་ཐམས་ཅད་ཀྱིས་རང་བཞིན་གྱིས་ཨེན་སི་ཐན་ཁོང་གོང་དུ་བཀུར་བཞིན་ཡོད་པ་དེ་འདྲ་རེད། སྐབས་དེ་ལ་ཁོང་ཚོས་ཚོགས་ཆུང་དེ་ལ་ཨོ་ལེན་ཕེ་ཡ་ཚན་རིག་གླིང་ཞེས་མིང་བཏགས་པར་མ་ཟད། ཨན་སི་ཐན་ཁོང་དེའི་ཚོགས་གཙོར་བཀུར་བ་རེད།  དུས་སྐབས་འདིའི་ཨོ་ལེན་ཕེ་ཡ་ཚན་རིག་གླིང་གི་གྲོགས་པོ་ཚོ་དང་མཉམ་དུ་རང་དབང་གི་བགྲོ་གླེང་དེས་ཨེན་སི་ཐན་གྱི་ལྟ་ཚུལ་གསར་བ་ལ་རིགས་པའི་ངར་ཤུགས་སྒོ་ཀུན་ནས་བླུད་པས་ཁོའི་དངོས་ཁམས་ཕྱོགས་ཀྱི་ལྟ་བ་དེ་ཕྱོགས་ཡོངས་ནས་འཐུས་ཇེ་ཚང་དང་གཏིང་ཇེ་ཟབ་ཏུ་གྱུར་བས་དངོས་ཁམས་རྙིང་བའི་རྣམ་བཞག་གསར་བརྗེ་གནང་བའི་དུས་ཚོད་ལའང་ཐག་མི་རིང་བའི་རྨང་གཞི་བརྟན་མོ་འདིང་ཐུབ་པ་བྱུང་།

ཨེན་སི་ཐན་གྱི་གཉེན་སྒྲིག་དང་ཞིབ་འཇུག་གི་སྙིང་སྟོབས།

      ༡༩༠༡ལོར་ཨེན་སི་ཐན་ཁོང་གིས་སུ་ཙིར་རྒྱལ་ཁོངས་ལ་སྔར་ནས་རེ་ཞུ་གནང་བ་དང་ཁྲལ་དངུལ་སྤྲད་པ་བཞིན་སུ་ཙིར་རྒྱལ་ཁོངས་ཀྱི་་སྤྱི་དམངས་ངོ་མ་རུ་གྱུར་ཅིང་།   ཨེན་སི་ཐན་ཁོང་དགུང་ལོ་ཉེར་བཞིའི་སྟེང་དུ་སློབ་ཆེན་སྐབས་ཀྱི་སློབ་གྲོགས་ཤིག་ལ་གཉེན་སྒྲིག་གནང་།  སློབ་གྲོགས་དེའི་མིང་ལ་མེ་ལ་ཝ་ཟེར་ཞིང་།  ཁོ་གཉིས་སློབ་ཆེན་སྐབས་ནས་ཕན་ཚུན་ལ་དགའ་ཞིང་མཐུན་ནས་ཡོང་བ་རེད།  མེ་ལ་ཝ་ནི་བྱད་བཞིན་ཡག་པའི་བུ་མོ་དེ་འདྲ་ཞིག་མ་ཡིན་པས་ཁོའི་ཁྱིམ་མི་དག་གིས་ཁོ་གཉིས་ཀྱི་གཉེན་སྒྲིག་དང་དུ་མ་བླངས་པར་ངོ་རྒོལ་དང་དགག་པ་བརྒྱབ་པ་རེད།  ཡིན་འང་ཨེན་སི་ཐན་ཁོང་གིས་སློབ་ཆེན་སྐབས་སུ་མེ་ལ་ཝར་ཁས་བླངས་པའི་དམ་བཅའ་དང་བརྩེ་དུང་གི་ཕྱི་ཐག་བསམ་ནས་ཁོ་གཉིས་བཙན་ཐབས་ཀྱིས་གཉེན་སྒྲིག་གནང་བ་རེད། ཁོང་གཉིས་གཉེན་སྒྲིག་བྱས་ནས་ཡུན་རིང་མ་འགོར་བར་ཆུང་མ་མེ་ལ་ཝར་བྱིས་པ་བུ་གཉིས་སྐྱེས་ཤིང་། སྐབས་དེ་ལ་ཨེན་སི་ཐན་ཁོང་གི་ཕྲག་ལ་འགན་ཁུར་ཆེན་པོ་གསུམ་དུས་གཅིག་ཏུ་ལྷུང་ཡོད་དེ།  དེ་ཡང་ལས་གནས་ཀྱི་བྱ་བའི་འགན་ཁུར་དང་།  ཁྱིམ་སྐྱོང་གི་འགན་ཁུར།   དངོས་ཁམས་རིག་པའི་རྣམ་བཞག་གསར་བརྗེ་ཡི་འགན་ཁུར་ཆེན་པོ་གསུམ་རེད།  ཁོ་རང་གིས་དུས་ཚོད་ཉུང་ཙམ་ཡང་ཆུད་ཟོས་སུ་མ་བཏང་བར་ཧ་ཅང་གཟབ་ནན་དང་ངང་རྒྱུད་རིང་བོའི་སྒོ་ནས་ལས་ཀ་རེ་རེ་བཞིན་འགྲུབ་པར་གནང་ཞིང་།  ལྷག་པར་དུ་དངོས་ཁམས་རིག་པའི་ཞིབ་འཇུག་གི་ཕྱོགས་ལ་རང་ནུས་ཡོད་ཚད་ཕུལ་བ་རེད།  དཔེར་ན།  ཁོ་རང་གཞུང་ལས་ཁང་དུ་ཡོད་དུས་མདུན་ཅོག་གི་སྟེང་ལ་ཆེད་ལས་ཅུས་ཀྱི་ཡིག་ཚགས་དང་དེ་འབྲེལ་གྱི་ཞིབ་འཇུག་གི་དེབ་མང་བོ་ཞིག་སྤུངས་ཡོད་ཅིང་། མདུན་ཅོག་གི་འཐེན་སྒམ་ནང་དུ་ཚན་རིག་དང་དངོས་ཁམས་ཕྱོགས་ཀྱི་དཔེ་ཆ་མང་བོ་ཞིག་སྦས་ཡོད་པ་རེད།  ནམ་རྒྱུན་ལས་ཁུངས་ཀྱི་ལས་ཀ་བསྒྲུབས་ཚར་རྗེས་ཁོས་གཡས་ལྟ་གཡོན་ལྟ་ཞིག་གནང་ཞིང་། ཅུས་ཀྲང་མེད་དུས་ཁོས་ད་གཟོབ་འཐེན་སྒམ་གྱི་སྒོ་ག་ལེར་ཕྱེས་ནས་རང་གི་ལྟ་འདོད་པའི་དཔེ་ཆ་དག་རེ་རེ་བཞིན་ཀློག་པ་རེད།  དེ་བས་ཆེད་ལས་ཅུས་གཞུང་ལས་ཁང་ནི་ཨེན་སི་ཐན་ཁོང་ལ་མཚོན་ན་གཞུང་སྒེར་གཉིས་ཀའི་ཕྱག་ལས་གནང་ས་རེད།  ནམ་རྒྱུན་ཨེན་སི་ཐན་ཁོང་ལས་ཚོགས་གྲོལ་མ་ཐག་ཕྱིར་རང་ཁྱིམ་དུ་མགྱོགས་པོར་ཕེབས་ནས་ཆུང་མ་མེ་ལ་ཝ་ལ་བྱིས་པ་གཉོར་སྐྱོང་གནང་རོགས་བྱེད་ཅིང་།  ཁྱིམ་དུ་ཡོད་དུས་ཁོས་ལག་པ་གཡོན་པས་སྙིང་དུ་སྡུག་པའི་རང་གི་བུ་ཆུང་དམ་པོར་བཟུང་ནས་ནམ་རྒྱུན་ཁ་ཁུ་སིམ་པོར་ལག་པ་གཡས་པས་རྙོག་འཛིང་ཆེ་ལ་གཏིང་ཟབ་པའི་དངོས་ཁམས་ཁྲོད་ཀྱི་གནད་དོན་རེ་རེ་ཨང་རྩིས་ལ་བརྟེན་ནས་གཅིག་གཅིག་གཉིས་གཉིས་ཀྱིས་མཐའ་འདེད་དང་ར་སྤྲོད་གནང་གིན་ཡོད་པ་རེད།  ཐ་ན་བྱིས་པ་སྐུབ་འཁོར་སྟེང་བཞག་ནས་ཕྱི་རོལ་ལ་འཁྱམ་འཁྱམ་འགྲོ་བའི་སྐབས་ནའང་ཁོའི་ཀླད་པའི་ནང་དུ་དངོས་ཁམས་རིག་པའི་གནད་དོན་དེ་དག་གིས་འཚང་ཁ་རྒྱག་བཞིན་ཡོད་པས་གོམ་པ་འགའ་ལ་སོང་ནས་གློ་བུར་དུ་བསྡད་དེ་གློ་ཁུག་ནང་ནས་སྨྱུ་གུ་དང་འབྲི་དེབ་བླངས་ནས་དངོས་ཁམས་ཁྲོད་ཀྱི་གསར་རྙེད་གནད་དོན་རེ་རེ་ཟིན་བྲིས་སུ་བཏབ་ཅིང་། དེ་ནས་གོམ་པ་འགའ་ལ་སོང་རྗེས་ཡང་བསྡད་ནས་དེ་ལྟར་ཟིན་བྲིས་སུ་བཏབ་ནས་དངོས་ཁམས་རིག་པའི་གནད་དོན་རེ་རེ་རྒྱ་སྲང་ནས་འགྲོ་ཞོར་དུ་དབྱེ་ཞིབ་དང་མཐའ་སྡོམ་གནང་སྟེ་དངོས་ཁམས་རིག་པའི་གསར་འཚོལ་གྱི་ཕྱོགས་ལ་བསམ་བློ་འཁོར་དྲགས་པས་མཚམས་རེར་དུས་ཚོད་ག་ཙམ་སོང་བ་དང་རང་ཉིད་ཕྱི་རོལ་དུ་ག་རེ་ཡོང་བའང་བརྗེད་བཞིན་ཡོད་པ་རེད། 

ཨེན་སི་ཐན་གྱི་དངོས་ཁམས་རིག་པའི་གསར་བརྗེ།

       ཨེན་སི་ཐན་ཁོང་ལ་ཕྱི་ནང་གཉིས་ཀ་ན་གནོན་ཤུགས་རི་ལྟར་ལྕི་ནའང་ཁོང་གིས་དངོས་ཁམས་རྙིང་བའི་རྣམ་བཞག་སྤྱི་དང་། ལྷག་པར་དུ་ཉུག་ཏོན་དངོས་ཁམས་རིག་པའི་ལྟ་བའི་ཁྲོད་ཀྱི་ལྟོས་མེད་ཀྱི་རྣམ་བཞག་བློ་ངོར་གཏན་ནས་འཚམ་གྱིན་མེད་པ་དེར་ཁ་གཙོ་བོར་གཏད་ནས་ཁོ་རང་གི་ལྟ་བའི་རྣམ་བཞག་རྒྱ་བསྐྱེད་དང་གཏིང་ཚུགས་པའི་ཕྱོགས་ལ་ཕྱག་ལས་ཉིན་མཚན་མེད་པར་ལས་བཞིན་ཡོད་པ་དེ་འདྲ་རེད།  སྐབས་འདི་ལ་ཁོང་གིས་ལྟོས་བཅོས་སྨྲ་བའི་རྣམ་བཞག་སྲོལ་བཏོད་པ་ལ་ཐག་མི་རིང་ཞིང་། ཁོང་གིས་དངོས་ཁམས་ཁྲོད་ཀྱི་གནད་དོན་རེ་རེར་བསམ་གཞིག་དང་དཔྱད་འཚོལ་གནང་བའི་སྐབས་ན་གློ་བུར་དུ་གནད་དོན་ཐམས་ཅད་ཐག་གིས་ཆོད་པ་ལྟ་བུའི་བསམ་བློའི་ནང་དུ་སྐད་ཅིག་མའི་ཚོར་བ་དྲག་པོ་ཞིག་འབྱུང་བཞིན་ཡོད་པ་རེད།  ཚོར་བའི་ཉམས་སྣང་དེ་བྱུང་མ་ཐག་ངས་འཚོལ་དཔྱོད་བྱེད་པ་ད་ཨོ་འདི་རེད་ཡ་སྙམ་པ་ཙམ་ན་སླར་ཡང་ཚོར་སྣང་དེ་མེད་པར་གྱུར་འགྲོ་བ་དེ་འདྲ་རྒྱུན་དུ་འབྱུང་བཞིན་ཡོད་པ་རེད།  སྐབས་འདི་ལ་ཨེན་སི་ཐན་ནི་མཚན་མོ་མལ་ཁྲིའི་སྟེང་ནའང་འགྲེ་ལྡོག་གནང་ནས་གཉིད་ཀྱི་ཡོད་པ་མ་རེད། ཨེན་སི་ཐན་ཁོང་ནི་དངོས་ཁམས་རིག་པའི་གསང་བའི་རྒྱ་མཚོ་ཆེན་པོའི་ནང་དུ་གཤོག་རྩལ་རབ་ཏུ་རྫོགས་པའི་ཉ་མོ་ཞིག་དང་འདྲ་བར་འཁྱུག་འཁྱུག་གནང་བཞིན་ཡོད་པ་རེད།  སྐྱ་རེངས་དང་བོ་མཁའ་མཐའ་ནས་དལ་གྱིས་འགྱོག་པའི་སྐབས་ཤིག་ན་བསམ་གཞིག་དང་ལྷན་དུ་གཉིད་མི་ཁུག་པའི་ཨེན་སི་ཐན་ཁོང་གིས་རང་གི་ཆུང་མ་དང་བྱིས་པ་ལ་ཐེངས་གཅིག་བལྟས་ནས་འཇམ་ཅག་གེར་ཡར་ལངས་ནས་ལག་ཏུ་སྨྱུ་གུ་དང་འབྲི་དེབ་བཟུང་སོང་།   དེ་ནི་ཆེད་ལས་ཅུས་གཞུང་ཞབས་པ་ཆུང་ཆུང་ཞིག་གིས་དངོས་ཁམས་རིག་པ་གསར་བརྗེ་གནང་སྟེ་རང་གི་ལྟ་གྲུབ་སྟེ་ལྟོས་བཅོས་སྨྲ་བའི་གཞུང་ལུགས་རྩོམ་པའི་མགོ་བརྩམས་པ་རེད།  གཟའ་འཁོར་ལྔའི་ཡུན་ལ་ཁོ་རང་གི་ལྟོས་བཅོས་སྨྲ་བའི་དཔྱད་རྩོམ་དེ་ཡོངས་སུ་འགྲུབ་སོང་།དཔྱད་རྩོམ་དེའི་མིང་ལ་༼འགུལ་གཟུགས་ཀྱི་གློག་སྒུལ་ཤུགས་རིག་པར་དཔྱད་པ༽ཞེས་ཟེར་ཞིང་། ལོ་དེ་ནི་༡༩༠༥་ལོ་ཡིན་ལ། ལྟོས་བཅོས་སྨྲ་བའི་སྲོལ་བཏོད་པ་འཇིག་རྟེན་འདིར་སྐུ་བལྟམས་ནས་ཏག་ཏག་དགུང་གྲངས་ཉེར་དྲུག་སོན་པའི་ལོ་རེད། ལོ་དེ་ནས་བཟུང་ལྟོས་བཅས་སྨྲ་བའི་རྣམ་བཞག་འཇིག་རྟེན་འདིར་ཐོག་མར་དབུ་བརྙེས་སོང་བ་རེད།  སྐབས་དེར་ཨེན་སི་ཐན་གྱིས་ཁྱོན་སྡོམ་དཔྱད་རྩོམ་བཞི་བྲིས་ཡོད་ཅིང་། དཔྱད་རྩོམ་གསུམ་ལོ་དེའི་༼དངོས་ལུགས་རིག་པའི་ཟིན་བྲིས༽སྟེང་དུ་བཀོད།  དེའི་ནང་གི་དཔྱད་རྩོམ་གཅིག་ནི་པི་རོམ་འགུལ་སྐྱོད་ཀྱི་ཆེས་ནུས་པ་ཆེ་བའི་བདེན་དཔང་སྤྱད་ནས་ཆ་རྡུལ་གནས་ཡོད་པ་ར་སྤྲོད་གནང་ཡོད།  དཔྱད་རྩོམ་དེས་དངོས་ལུགས་རིག་པའི་ལོ་རྒྱུས་སྟེང་དུ་བཟི་བརྗིད་ཀྱི་གོ་ས་གཅིག་ཟིན་ཡོད་པར་བཤད།  དཔྱད་རྩོམ་གཅིག་ནི་ཕི་ལིན་ཁུ་ཚད་རྡུལ་རིག་པ་འཕེལ་རྒྱས་སུ་བཏང་ནས་འོད་ཀྱི་ཚད་རྡུལ་ཆ་འཇོག་དགོས་པའི་གྲོས་གཞི་གསར་དུ་བཏོན་པ་ཞིག་ཡིན་ཞིང་།  དེ་ལ་རྗེས་སུ་འཛམ་གླིང་སྟེང་གི་རྩོམ་རིག་བྱ་དགའ་ཆེས་ཆེ་བ་ནོར་པེལ་བྱ་དགའ་ཐོབ། དཔྱད་རྩོམ་གཅིག་ནི་གོང་གི་༼འགུལ་གཟུགས་ཀྱི་གློག་སྒུལ་ཤུགས་རིག་པར་དཔྱད་པ༽ཞེས་པ་དེ་ཡིན་ཞིང་། དེ་ལ་ཡིག་འབྲུ་ཆིག་སྟོང་དགུ་ཡོད། ལོ་ངོ་སུམ་ཅུའི་རྗེས་ནས་དཔྱད་རྩོམ་འདིའི་མ་ཕྱི་ལ་ཨ་སྒོར་ཁྲི་དྲུག་བརྒྱ་བྱས་ནས་འགྲེམ་སྟོན་ཁང་ཞིག་ལ་བཙོང་། འདི་ནི་ལྟོས་བཅོས་སྨྲ་བའི་དཔྱད་རྩོམ་ཐོག་མ་ཡིན་པས་ཨེན་སི་ཐན་གྱི་མཚན་སྙན་དེ་ནགས་ལ་མེ་ལྕེ་ཤོར་བ་བཞིན་དུ་ཕྱོགས་བཞིར་མཆེད་ཅིང་། སྐབས་དེའི་ཚན་རིག་པ་ཡོངས་ཀྱིས་ཨེན་སི་ཐན་ནི་དོ་སྣང་ཤུགས་ཆེན་བྱ་ཡུལ་གཅིག་པུར་གྱུར།  དཔྱད་རྩོམ་དེས་ཁོའི་མཚན་སྙན་ནི་ཉུག་ཏོན་དང་མཉམ་པར་གྱུར་ཅེས་ཟེར།

ཨེན་སི་ཐན་གྱི་ལྟོས་བཅོས་སྨྲ་བའི་ཤུགས་རྐྱེན།

      ༡༩༠༥ལོར་ཨེན་སི་ཐན་གྱིས་རང་གི་ལྟ་གྲུབ་མཚོན་པའི་དངོས་ལུགས་རིག་པའི་དཔྱད་རྩོམ་གསུམ་བསྟུད་མར་༼དངོས་ལུགས་རིག་པའི་ཟིན་བྲིས༽སྟེང་དུ་བཀོད་པས་དེ་མ་ཐག་ཚན་རིག་པ་དང་དངོས་ཁམས་རིག་པ་གྲགས་ཅན་སོགས་སྐབས་དེའི་ཆེད་མཁས་པ་ཆེ་རྒུ་ཐམས་ཅད་ཀྱིས་དོ་སྣང་བྱ་ཡུལ་དང་གླེང་གཞི་གཅིག་པུ་རུ་གྱུར་ཅིང་། ཁྱད་པར་དུ་ཁོང་གི་ལྟོས་བཅོས་སྨྲ་བའི་རྣམ་བཞག་གསར་དུ་བཏོད་པ་དེས་སྐབས་དེའི་ཚན་རིག་པ་ཡོངས་འུར་འུར་ཟིང་ཟིང་དུ་བཏང་བར་མ་ཟད་མང་བོ་ཞིག་གིས་ཨེན་སི་ཐན་ཁོང་གི་ལྟོས་བཅོས་སྨྲ་བའི་ལྟ་དགོངས་རྟོགས་པ་ལྟ་ཅི།  དེའི་ནང་དོན་རགས་ཙམ་ཡང་གོ་ཐུབ་བཞིན་མེད་པ་དེ་འདྲ་རེད།  སྐབས་དེའི་དངོས་ཁམས་རིག་པ་བ་མང་བོ་ཞིག་ལ་ལོ་བརྒྱ་ཕྲག་འགའི་ཡུན་ལ་གནས་ལུགས་དང་ཚད་མ་མཐའ་གཅིག་ཏུ་བཀུར་ནས་ཡོང་བའི་ཉུག་ཏོན་གྱི་དངོས་ཁམས་རིག་པའི་རྣམ་གཞག་དེ་བློ་ངོར་འདྲིས་ཤིང་གོམས་པའི་རྐྱེན་གྱིས་ཉུག་ཏོན་གྱི་གཞུང་ལུགས་དེ་དང་ཕྱོགས་མང་བོ་ཞིག་ནས་རྒྱབ་འགལ་དུ་གྱུར་བའི་ཨེན་སི་ཐན་གྱི་ལྟོས་བཅོས་ཀྱི་རྣམ་བཞག་དེ་དང་དུ་ལེན་མ་ཐུབ་པའི་སྣང་ཚུལ་བྱུང་བར་མ་ཟད། གླེང་ཕྱོགས་འདྲ་མིན་བྱུང་ནས་འོལ་ཚོད་ཀྱིས་དགག་གཞག་བྱེད་པ་དང་། དགག་བསམ་ཡང་ལྟོས་བཅོས་སྨྲ་བའི་དོན་མ་གོ་བར་ཅི་བྱ་གཏོལ་མེད་དུ་ལུས་པ།  ཐ་ན་དཔུང་དུ་སྡེབ་པ་སྟེ་ཚན་རིག་པའི་རུ་ཚོགས་བཙུགས་པའི་ངོས་ནས་མཐའ་གཅིག་ཏུ་ལྟོས་བཅོས་སྨྲ་བའི་རྣམ་བཞག་ལ་རྒོལ་བ་དེ་འདྲའང་བྱུང་བ་རེད།  དཔེར་ན་སྐབས་དེའི་འཇར་མན་གྱི་གློག་རྡུལ་ཞིབ་འཇུག་པ་དང་དབང་ཤེད་མཁས་དབང་ཁོའུ་ཧྥོའུ་མན་ཟེར་བ་དེས་དཔྱད་རྩོམ་ཞིག་བྲིས་ནས་དེའི་ནང་དུ་ཕྱོགས་སྔ་ལྟོས་བཅོས་སྨྲ་བའི་རྣམ་བཞག་བཟུང་ནས་འགལ་བ་མང་བོ་ཞིག་འཕངས་ཡོད་པ་རེད། དེ་ནི་སྐབས་དེའི་ལྟ་བ་གསར་རྙིང་གཉིས་གདོང་གཏུག་བྱུང་བའི་དཔེ་མཚོན་གྱི་དཔྱད་རྩོམ་ཞིག་ཏུ་ལགས་པས་སྐབས་དེའི་སྐྱེ་བོ་མང་བོ་ཞིག་གིས་ཨེན་སི་ཐན་གྱིས་ཕྱིར་ལན་ཅི་ཞིག་འདེབས་པར་རེ་བ་གནང་བའི་ལོ་རྒྱུས་ཡོད་པ་དེ་འདྲ་རེད། ཡིནའང་དངོས་ལུགས་རིག་པའི་རྩོམ་སྒྲིག་པ་དང་དངོས་ཁམས་རིག་པ་གྲགས་ཅན་ཕོ་ལིན་ཁུ་ཞེས་པས་ཨེན་སི་ཐན་གྱི་དཔྱད་རྩོམ་དེ་དག་རེ་རེ་བཞིན་དངོས་ལུགས་རིག་པའི་རྩིམ་སྒྲིག་ཁང་ལ་འབྱོར་དུས་ལོ་ན་ཉེར་དྲུག་ལས་མ་སོན་པའི་ན་གཞོན་ཨེན་སི་ཐན་གྱི་རྣམ་དཔྱོད་དང་ལྟ་གྲུབ་ཀྱིས་ཧ་ལས་སུ་བཅུག་ཅིང་།  འཛམ་གླིང་འདིར་ད་དུང་འདི་འདྲའི་ན་གཞོན་རླབས་ཆེན་འཁྲུངས་རྒྱུ་ཡོད་པ་ནི་ཇི་འདྲའི་གཟི་བརྗིད་ལྡན་པ་ལ་ཨང་སྙམ་ནས་དགའ་ཚོར་མ་ནོན་པར་སྐུབ་སྟེགས་སྟེང་ནས་ཀྱང་འདུག་མ་གཟོད་པར་གཞུང་ལས་ཁང་ནས་ཕར་འགྲོ་ཚུར་འགྲོ་གནང་བ་རེད།  དེ་དང་ཞོར་དུ་ཕོ་ལིན་ཁུ་ཚན་རིག་པ་ཁོང་སློབ་ཆེན་ཁག་ལ་ཕེབས་ནས་ཨེན་སི་ཐན་གྱི་ལྟོས་བཅོས་སྨྲ་བའི་ལྟ་དགོངས་འཆད་ཁྲིད་དང་ངོ་སྤྲོད་གནང་བ་རེད།  ཡིན་ནའང་འཆད་ཁྲིད་ཚོགས་ཞུགས་པ་རྣམས་ཀྱིས་ཨེན་སི་ཐན་གྱི་ལྟ་དགོངས་དེ་ཟབ་དྲགས་པས་གཏན་ནས་མ་གོ་བའི་སྣང་ཚུལ་བྱུང་བའི་ལོ་རྒྱུས་ཡོད་པ་རེད། ང་ཚོའི་ངག་རྒྱུན་ལ་ཨེན་སི་ཐན་འཚོ་གཞེས་ཀྱི་སྐབས་ཁོང་གི་ལྟ་དགོངས་ཇི་བཞིན་གོ་ཐུབ་མཁན་མི་བཅུ་གཉིས་ལས་མེད་ཟེར་བ་དང་། ཡང་ན་མི་གཉིས་དང་ཕྱེད་མ་གཏོགས་མེད་ཟེར་བའི་ནང་གི་གཅིག་ནི་ཨེན་སི་ཐན་གྱི་ལྟོས་བཅོས་སྨྲ་བའི་ལྟ་གྲུབ་མཚམས་སྦྱོར་གནང་བའི་ཚད་རྡུལ་སྨྲ་བ་གྲགས་ཅན་ཕོ་ལིན་ཁུ་ཁོང་ཡིན་པ་རེད།  ཨེན་སི་ཐན་ཁོང་སློབ་ཆེན་འགྲིམ་པའི་དུས་སྐབས་དེ་ལ་ཨེན་སི་ཐན་ནི་སློབ་མ་རེ་བ་མེད་པ་དང་རང་རློམ་ཆེ་བའི་སློབ་མ་ཐ་ཤལ་བ་ཞིག་ལ་བརྩི་བའི་དགེ་རྒན་ཁུའུ་ཧྥོའུ་མན་ཟེར་བ་ཞིག་གིས་༼དངོས་ལུགས་རིག་པའི་ཟིན་བྲིས༽སྟེང་དུ་བཀོད་པའི་ཨེན་སི་ཐན་གྱི་དཔྱད་རྩོམ་དེ་དག་མཐོང་ནས་ངོ་མཚར་ནས་ཐ་ན་ཁོང་གི་མིག་ལ་ཡིད་མི་ཆེས་པ་ལྟ་བུར་གྱུར། རྗེས་ནས་དགེ་རྒན་དེས་སློབ་ཁྲིད་སྐབས་ཨེན་སི་ཐན་མིག་དཔེ་དྲངས་ནས་སློབ་མ་རྣམས་ལ་སློབ་གསོ་གཏོང་བ་རེད། སྐབས་དེ་ལ་ཨེན་སི་ཐན་ཁོང་གིས་ཀྱང་མང་བོ་ཞིག་གིས་རེ་ཞུ་གནང་བ་བཞིན་དུ་སློབ་གྲྭ་དང་ཚོགས་འདུ་ཁག་ལ་ཕེབས་ནས་ལྟོས་བཅོས་སྨྲ་བའི་རྣམ་བཞག་འཆད་ཁྲིད་དང་མཚམས་སྦྱོར་གནང་བཞིན་ཡོད་པ་རེད་ལ།  སྐབས་དེ་ལ་ཕྱོགས་སོ་སོའི་ཞིབ་འཇུག་པ་དང་ཆེད་ལས་པ་མང་བོས་ཨེན་སི་ཐན་གྱི་མཚན་སྙན་ཐོས་ཏེ་བཙལ་ནས་ཡོང་བཞིན་ཡོད་པས། ཨེན་སི་ཐན་བཙལ་ནས་ཡོང་མཁན་ཚང་མའི་བསམ་པར་ཨེན་སི་ཐན་ཟེར་བ་ནི་སློབ་ཆེན་ག་གེ་མོ་ཞིག་གི་སློབ་དཔོན་ཆེན་མོ་ཞིག་ཡིན་ཤག་ཤག་བྱས་ནས་མཇལ་དུས་ཁོང་ནི་ལས་ཁུངས་ཆུང་བ་ཞིག་གི་ནང་གི་ན་གཞོན་གཞུང་ཞབས་པ་ཆུང་ཆུང་ཞིག་ཡིན་པ་མཐོང་བས་ཚང་མ་ཧ་ལས་བཞིན་ཡོད་པ་རེད།  དེ་བས་ཨེན་སི་ཐན་ལ་ཡིད་ཆེས་དང་རེ་བ་ཆེ་བའི་གྲོགས་པོ་མང་བོ་ཞིག་གིས་ཁོང་ལ་རོགས་རམ་གནང་སྟེ་ཁོའི་སྔོན་གྱི་མ་ཡུམ་སློབ་ཆེན་གྱི་ཟུར་ཞུགས་དགེ་རྒན་གྱི་ལས་གནས་བཙལ།  ༡༩༠༩ལོར་འཇར་མན་གྱི་རང་བྱུང་ཚན་རིག་པའི་བགྲོ་གླེང་ཚོགས་ཆེན་སྟེང་དུ་ཞུགས་ཐུབ་པ་བྱུང་ཞིང་།   བགྲོ་གླེང་སྟེང་དུ་ཁོང་གིས་ལྟོས་བཅོས་སྨྲ་བའི་རྣམ་བཞག་གི་ཕྱོགས་ནས་གཏམ་བཤད་གནང་བས་ཨེན་སི་ཐན་གྱི་ལྟ་དགོངས་ཀྱི་ཟབ་ཚད་དང་གསར་འཚོལ་གྱི་སྙིང་སྟོབས་ཀྱིས་ཚོགས་ཆེན་སྟེང་གི་ཚན་རིག་པ་རྣམས་ངོ་མཚར་དུ་བཅུག་པར་མ་ཟད།  ཁོང་གི་ལྟོས་བཅོས་སྨྲ་བའི་རྣམ་བཞག་ལ་རྒྱབ་སྐྱོར་དང་དེའི་ཕྱོགས་ནས་ངོ་སྤྲོད་གནང་བའི་ཚད་རྡུལ་སྨྲ་བའི་མཁས་དབང་ཕོ་ལིན་ཁུ་ཡང་ཚོགས་ཆེན་སྟེང་དུ་ཕེབས་ཡོད་པས་ཨེན་སི་ཐན་ལ་གདེངས་འཇོག་བླ་མེད་གནང་བར་མ་ཟད།  རྣམ་པ་གཉིས་ཚོགས་འདུ་དེའི་སྟེང་ནས་ཐོག་མར་མཇལ་བ་ཡིན་པས་ཟུར་དུ་ཚན་རིག་དང་དངོས་ཁམས་རིག་པའི་ཕྱོགས་ནས་ཞལ་བརྡ་གནང་བའི་ལོ་རྒྱུས་ཀྱང་ཡོད་པ་རེད། དེ་དང་དེ་ལ་སོགས་པའི་ཤུགས་རྐྱེན་གྱིས་ཁོང་གི་ལྟོས་བཅོས་སྨྲ་བའི་ལྟ་གྲུབ་རིག་པའི་རྣམ་བཞག་དེ་རིམ་བཞིན་མི་ཡུལ་འདིར་གཞི་ཚུགས་བཞིན་ཡོད་པའི་སྐབས་ཡིན་པས། ཁོང་གི་མ་ཡུམ་སློབ་ཆེན་མཉམ་འབྲེལ་བཟོ་ལས་སློབ་ཆེན་གྱིས་ཀྱང་ཨེན་སི་ཐན་ཁོང་ཕྱིར་དགེ་རྒན་ཆེན་མོ་གཞོན་པར་གདན་འདྲེན་གནང་པ་རེད།  སྐབས་དེ་ཞིག་ལ་ཁོང་ཕྱིར་རང་གི་མེས་རྒྱལ་ཏེ་འཇར་མན་རྒྱལ་ཁོངས་ལ་ལོག་པའི་རེ་བ་ཡོད་པས་ཕྱིར་འཇར་མན་གྱི་སྤྱི་དམངས་ཀྱི་ནང་དུ་སླེབས་ཤིང་།   ༡༩༡༡ལོར་ཨེན་སི་ཐན་ཁོང་པོ་ལ་ཀི་འཇར་མན་སློབ་ཆེན་གྱི་དགེ་རྒན་དུ་གདན་འདྲེན་ཞུས་ཤིང་། ལོ་དེའི་སྟོན་གར་སོ་ཨེར་ཝེ་གྲོས་ཚོགས་ཀྱིས་ཡོ་རབ་གླིང་གི་མིང་དུ་གྲགས་པའི་དངོས་ལུགས་རིག་པ་བ་ཉི་ཤུ་ལྷག་གདན་འདྲེན་གནང་ནས་ཚོགས་འདུ་བསྡུས་ཤིང་།  དེའི་སྟེང་དུ་ཨེན་སི་ཐན་ལ་དམིགས་བསལ་གྱིས་དོ་སྣང་ཤུགས་ཆེ་བ་བྱུང་བས་སྐབས་དེའི་མིང་དུ་གྲགས་པའི་ཚན་རིག་པ་དག་གིས་ཚོགས་ཆེན་དེ་བརྒྱུད་ནས་ཨེན་སི་ཐན་ལ་ངོས་འཛིན་གསར་བ་བྱུང་།  དེ་ནི་གཞན་མ་ཡིན་པར་ཨེན་སི་ཐན་གྱིས་དངོས་ཁམས་རིག་པ་ལ་གསར་བརྗེ་ཐེངས་གཅིག་བྱས་ཡོད་པ་ཐམས་ཅད་ཀྱིས་མོས་མཐུན་བྱེད་བཞིན་ཡོད་པ་དེ་རེད། སྐབས་དེ་ལ་ཁོང་གི་མཚན་སྙན་དེ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་ནས་རྒྱལ་ཁབ་སོ་སོའི་ཚན་རིག་པ་དང་དངོས་ཁམས་རིག་པ་བ་མང་བོ་ཞིག་ཨེན་སི་ཐན་ཁོང་ལ་མཇལ་འདོད་ཤིན་ཏུ་ཆེ་བར་མ་ཟད། རྒྱལ་ཁབ་ཁག་གི་སློབ་ཆེན་སོ་སོས་ཀྱང་དངོས་ཤུགས་ཅི་རིགས་ནས་འཕྲོག་རྩོད་བརྒྱབ་ནས་གདན་འདྲེན་གནང་བཞིན་ཡོད་པ་དེ་འདྲ་རེད།ཡིན་ནའང་མ་ཡུམ་སློབ་ཆེན་སྟེ་མཉམ་འབྲེལ་བཟོ་ལས་སློབ་ཆེན་དེ་ཨེན་སི་ཐན་ཁོང་ལ་བཀའ་དྲིན་ཆེན་པོ་ཡིན་པར་བསམས་ནས་ཁོས་གྲངས་རྩིས་རིག་པ་གཏིང་ཟབ་པར་སྦྱོང་སའི་དགེ་རྒན་ཀི་ལི་སི་གཙོ་བྱས་པའི་མ་ཡུམ་སློབ་གྲྭའི་གདན་འདྲེན་དང་དུ་བླངས་ནས་སློབ་ཆེན་དེར་གྲངས་རིག་པའི་འཆད་འཁྲིད་ཀྱི་སྟེགས་བུ་གསར་དུ་བཙུགས་པ་རེད། 

ཨེན་སི་ཐན་དང་འཛམ་གླིང་འཁྲུག་ཆེན་དང་བོ།

      གློ་བུར་དུ་འཇར་མན་གཙོར་གྱུར་བའི་འཛམ་གླིང་གི་ཡུལ་གྲུ་ག་ས་གང་དུ་དམགས་འཁྲུག་གི་དུ་བ་ལང་ལོང་འཕྱུར། གནས་ཚུལ་དེ་ནི་ཨེན་སི་ཐན་ཁོང་ལ་མཚོན་ན་གཏན་ནས་དང་དུ་ལེན་མི་ཐུབ་པ་ཞིག་ཡིན་པས་ཁོ་རང་འཛམ་གླིང་འཁྲུགས་ཆེན་དང་བོར་ངོ་རྒོལ་བྱེད་པའི་ལམ་གར་ཞུགས། སྐབས་དེར་ཆུང་མས་ཁོ་རང་ལས་འགུལ་ནང་དུ་ཞུགས་པར་བཀག་དགོག་ཚད་མེད་གནང་བར།  ཨེན་སི་ཐན་གྱིས་ཆུང་མ་ལ་སྐད་ཆ་རིན་ཐང་ཅན་ཞིག་བཤད་པ་རེད།  སྐད་ཆ་དེ་ནི་སྙིང་ཉེ་བའི་ཆུང་མ་ལགས། དེ་འདྲ་མ་གསུངས་རོགས།  ཚན་རིག་ནི་འཛམ་གླིང་ཞི་བདེའི་སྐབས་འཛམ་གླིང་ལ་དབང་བ་ཡིན་ཡང་། འཛམ་གླིང་ཞི་བདེ་མིན་པའི་སྐབས་ན་རང་གི་མེས་རྒྱལ་ལ་དབང་བ་རེད་གསུངས་པ་རེད། འཁྲུགས་ཆེན་དང་བོའི་སྐབས་དེར་དཔལ་ཡོན་འཛམ་གླིང་ལ་ཕུལ་བའི་ཞུ་ཡིག་ཅེས་པའི་ནང་དུ་མི་སྣ་མིང་གྲགས་ཅན་དགུ་བཅུ་གོ་གསུམ་གྱི་མིང་རྟགས་བཀོད་ཅིང་། སྐབས་དེར་ཁོས་ཀྱང་ཚམ་ཚོམ་མེད་པར་དེའི་ནང་དུ་མིང་རྟགས་བཀོད་མྱོང་བ་མ་ཟད། སྐབས་དེར་མེས་རྒྱལ་མནའ་མཐུན་ཟེར་བའི་ཚོགས་པའི་ནང་དུ་ཞུགས་ནས་ཡོ་རབ་གླིང་ལ་ཕུལ་བའི་ཞུ་ཡིག་ཟེར་བ་སོགས་ཕུལ་ནས་དམག་འཁྲུག་གི་འཐབ་འཛིངས་ལ་ངོ་རྒོལ་དྲག་ཏུ་བྱས།  ད་དུང་སྐབས་དེར་ཁོའི་མིང་ཐོག་ནས་གསར་འགོད་པའི་ཚོགས་འདུ་ཆེན་མོ་ཞིག་བསྡུས་ཤིང་། ཚོགས་འདུའི་སྟེང་དུ་ཁོང་གིས་ངར་ཤུགས་ཆེན་པོས་འཛམ་གླིང་འཁྲུགས་ཆེན་དང་བོར་སྐྱོན་བརྗོད་གནང་སྟེ། ང་ཚོ་དེ་རིང་འདིར་འཛོམས་དོན་ནི་མེ་མདའ་དང་མེ་སྒྱོགས་ཀྱི་ཆེད་དུ་འཛོམས་པ་མིན།  ང་ཚོ་ལ་གྲལ་ཕྲེང་བསྒྲིགས་པའི་དམག་མི་མཁོ་བ་མ་རེད།  ང་ཚོ་ལ་དེ་ལས་ཀྱང་མི་མཁོ་བ་ནི་མེ་མདའ་དང་དེའི་སྐད་སྒྲ་རེད་སོགས་གསུངས་ནས་སྐབས་དེར་ཁོང་གིས་འཛམ་གླིང་ཞི་བདེའི་ཕྱོགས་ལ་ཤུགས་བརྒྱབ་པ་དེ་འདྲ་རེད། 

ཨེན་སི་ཐན་གྱི་གཞུང་ལུགས་གསར་རྩོམ་དང་གཉེན་འཐོར

       ༡༩༡༦ལོར་ཁོང་གིས་རང་གི་ཚེ་གང་གི་གྲུབ་འབྲས་སུ་བརྩི་བའི་ཁྱབ་ཆེ་ལྟོས་བཅོས་སྨྲ་བ་ཞེས་པའི་གཞུང་ལུགས་དེ་ཡོངས་སུ་འཇུག་བསྒྲིལ་ནས་༼དངོས་ལུགས་རིག་པའི་ཟིན་བྲིས་༽སྟེང་དུ་བཀོད་པ་རེད།  དེ་ནས་བཟུང་ཨེན་སི་ཐན་ཁོང་གིས་འཇིག་རྟེན་གྱི་གྲུབ་ཆའི་གནད་དོན་གྱི་ཕྱོགས་ལ་ཞིབ་འཇུག་བྱེད་འགོ་བརྩམས་པ་རེད།   ༡༩༡༧ལོར་ཕོས་ལི་ཧྲི་ཚན་རིག་གླིང་གི་ཚོགས་འདུའི་སྟེང་དུ་༼ཁྱབ་ཆེ་ལྟོས་བཅོས་སྨྲ་བ་གཞིར་བཞག་ནས་འཇིག་རྟེན་རིག་པ་བརྟགས་ཤིང་དཔྱད་པ༽ ཞེས་པའི་དཔྱད་རྩོམ་དེ་སྙན་ཞུ་གནང་ཞིང་།  དཔྱད་རྩོམ་འདིའི་ནང་དུ་འཇིག་རྟེན་གྱི་དཔེ་དབྱིབས་ཤིག་གསར་དུ་བཏོན་ཡོད་པར་གྲགས། ཨེན་སི་ཐན་ཁོང་གིས་གཞུང་ལུགས་གསར་རྩོམ་དང་མུ་མཐུད་དུ་ཞིབ་འཇུག་གི་ལམ་ཁར་འབད་ནས་ཁྱིམ་ཚང་གི་འགན་དང་དུ་ལེན་ཐུབ་ཀྱིན་མེད་པས་ཁོང་གི་ཆུང་མ་མེ་ལ་ཝས་ཡིད་མ་ཚིམས་པར་རྒྱུན་དུ་འཁང་ར་གནང་གིན་ཡོད་པ་དེ་འདྲ་རེད།  ཡིནའང་ཨེན་སི་ཐན་ཁོང་གིས་གཞུང་དོན་ཕུད་པའི་དུས་ཚོད་གཞན་ནམ་རྒྱུན་དཔེ་ཀློག་གནང་བ་དང་། གསུང་རྩོམ་འབྲི་བ།  ཐ་ན་ཁོམ་སྐབས་ཅུང་རེ་ཡོད་དུས་ཀྱང་ཁུ་སིམ་མེར་རང་ཤག་ནས་དུ་བ་ཞིག་ལ་མེ་བགོས་ནས་བསམ་གཞིག་གཏོང་བར་དགའ་ཞིང་། དེའི་དབང་གིས་ཆུང་མ་དང་ཁོ་གཉིས་ཀྱི་དགའ་ཕྱོགས་དང་བསམ་བློ་མ་མཐུན་པར་རྒྱུན་དུ་བར་ལ་ཁ་འཛིང་འཆོར་བཞིན་ཡོད་པ་རེད། ༡༩༡༩ལོར་ཆུང་མ་མེ་ལ་ཝ་དང་ཨན་སི་ཐན་གཉིས་ཀྱིས་གྲོས་ཀ་གནང་ནས་རང་དབང་རང་འཐད་ངང་གཉེན་འཐོར་གནང་བར་གྲོས་འཆམ་བྱུང་ནས་གཉེན་འཐོར་གནང་བ་རེད།  གཉེན་འཐོར་བྱས་རྗེས་ཨེན་སི་ཐན་གྱིས་ཡང་བསྐྱར་ཆུང་མ་གཉིས་པ་དེ་བསུས་ཤིང་།  དེ་ནི་ཆུང་མ་མེ་ལ་ཝའི་གཉེན་ཉེ་ཨེ་ལིས་ཧྲ་ཟེར་བ་དང་གཉེན་སྒྲིག་གནང་བ་རེད།  

ཨེན་སི་ཐན་དང་ནོར་པེལ་རྩོམ་རིག་བྱ་དགའ།

       ༡༩༢༠ལོ་ནས་བཟུང་ཨེན་སི་ཐན་ཁོང་ཧོ་ལན་ལེ་ཏན་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེན་མོར་གྱུར་ཅིང་།   སྐབས་དེར་ཡོ་རབ་གྱི་རྒྱབ་ཁབ་མང་བོ་ཞིག་ལ་ཕེབས་ནས་གཏམ་བཤད་གནང་བར་མ་ཟད། ཡུག་ཐེ་མི་རིགས་ཀྱིས་རང་གི་རྒྱལ་ཁབ་གསར་འཛུགས་གནང་བར་ཕྱོགས་པའི་སྐབས་ཤིག་ཡིན་པས་རྒྱལ་ཁབ་གསར་འཛུགས་ཀྱི་དོན་དུ་ཡོ་རབ་ཀྱི་རྒྱལ་ཁབ་མང་བོར་འགྲུལ་བཞུད་གནང་བའི་ཡིག་ཐེ་མི་རིགས་ཀྱི་མི་སྣ་རླབས་ཆེན་མང་བོར་མཇལ་ནས་གསུང་གླེང་གནང་ནས་རྒྱབ་སྐྱོར་གྱི་རེ་འདོད་བསྟན་པར་བཤད།  ༡༩༠༥ལོར་༼དངོས་ལུགས་རིག་པའི་ཟིན་བྲིས༽སྟེང་དུ་བཀོད་མྱོང་བའི་དཔྱད་རྩོམ་༼ཕི་ལིན་ཁི་ཚད་རྡུལ་རིག་པ་འཕེལ་རྒྱས་སུ་བཏང་ནས་འོད་ཀྱི་ཚད་རྡུལ་ཆ་འཇོག་དགོས་པའི་གྲོས་གཞི་གསར་འདོན་༽ཞེས་པ་ལ་ལོ་དེར་ནོ་པེ་དངོས་ལུགས་རིག་པའི་བྱ་དགའ་ཐོབ།  བྱ་དགའི་དངུལ་སྒོར་ནི་གཅིག་ཀྱང་མ་བཟུང་བར་ཁོང་གི་ཆུང་མ་སྔོན་མ་མེ་ལ་ཝ་ལ་བསྐུར་བ་རེད། དེ་ནི་ཁོ་གཉིས་གཉེན་འཐོར་གནང་སྐབས་ཁོས་དེ་ལྟར་ཁས་བླངས་ཡོད་པ་རེད།

ཨེན་སི་ཐན་དང་ཝི་ལེན་ཏི་ཚན་རིག་ཕྱོགས་ཁག

       གློ་བུར་དུ་འཇར་མན་ནས་ཨེན་སི་ཐན་ལ་མངོན་ལྐོག་ཅི་རིགས་ནས་ངོ་རྒོལ་དང་གླེང་འགེལ་བྱེད་པའི་ཚོགས་པ་ཞིག་བྱུང་།  ཚོགས་པ་དེའི་དམིགས་ཡུལ་གཅིག་པུ་ནི་ཨེན་སི་ཐན་ལྟ་གྲུབ་དང་བཅས་པ་ཕམ་པར་གཏོང་རྒྱུ་དེ་ཡིན་ཞིང་།  ཚོགས་པ་དེའི་མིང་ལ་འཇར་མན་རང་བྱུང་ཚན་རིག་གི་མཚན་ཉིད་རིག་པ་བའི་ཞིབ་འཇུག་ཚོགས་ཆུང་ཞེས་བཏགས་ཡོད་ཅིང་།  དེའི་ཚོགས་གཙོ་ནི་ཝི་ལེན་ཏ་ཞེས་པའི་ཚན་རིག་པ་ཆུང་ཆུང་ཞིག་ཡིན་ནའང་།  ཚོགས་པ་དེའི་ཕག་རྒྱབ་ཏུ་མི་སྣ་གྲགས་སྐད་ཅན་ཞིག་སྦས་ཡོད་དེ།  དེ་ནི་༡༩༠༥ལོར་ནོ་པེལ་བྱ་དགའ་ཐོང་མྱོང་བའི་དགེ་རྒན་ཆེན་མོ་ལེན་ཏི་ཟེར་བ་དེ་ཡིན། ཁོ་ནི་སྔོན་ཆད་ཨེན་སི་ཐན་ལ་དགའ་གུས་བླ་མེད་ཡོད་མཁན་ཞིག་ཡིན་པས་ཁོས་ཨེན་སི་ཐན་ལ་འཕྲིན་ཡིག་བསྐུར་ནས་ཨེན་སི་ཐན་གྱི་ཕྱག་ལས་ལ་ཡི་རངས་དང་གཟེངས་བསྟོད་ཀྱང་བྱེད་མྱོང་བ་ཞིག་རེད།  ཡིན་འང་མ་བསམ་ས་ནས་དགེ་རྒན་ཆེན་མོ་དེ་ལ་མི་རིགས་མཆོག་དམན་གྱི་འདུ་ཤེས་ཧ་ཅང་ཤུགས་དྲགས་པས་གཡོན་ལྷུང་བསམ་བློའི་འོག་ཏུ་ལྷུང་ནས་རྗེས་ནས་ཡིག་ཐེ་མི་རིགས་ལ་ངོ་རྒོལ་གནང་བའི་གྲས་སུ་ཞུགས་པ་རེད།   དེ་བས་ཁོས་ཁ་གཏད་ས་ནི་ཡིག་ཐེ་མི་རིགས་ཀྱི་ཚབ་མཚོན་ལྟ་བུར་གྱུར་བའི་ཨེན་སི་ཐན་རང་ཤུགས་ཀྱིས་གྱུར་ཡོད་པ་རེད།   སྐབས་ཤིག་ལ་ཚན་རིག་ཚོགས་ཆུང་དེས་ཆེད་དུ་ཨེན་སི་ཐན་ལ་དགག་རྒྱག་བྱེད་པའི་ཚོགས་འདུ་ཞིག་བསྡུས་ཤིང་།   ཨེན་སི་ཐན་ཁོང་གིས་དོན་དེ་ཐོས་ནས་ཁོ་རང་ཡང་ཆེད་དུ་ཚོགས་འདུ་དེར་བཅར་བ་རེད། ཚོགས་ཐོག་ནས་ཐོག་དང་བོར་ཚོགས་གཙོ་ཝེ་ལེན་ཏི་ང་རྒྱལ་དང་བཅས་ཡར་ལངས་ནས་ཨེན་སི་ཐན་ལ་དགག་པ་རྒྱག་འགོ་བརྩམས་སོང་། ཁོས་བཤད་རྒྱུར་ཨེན་སི་ཐན་ནི་རྐུ་བཤུ་བ་ཆེན་མོ་ཞིག་རེད། ལྟོས་བཅོས་སྨྲ་བ་ནི་བབ་ཅོལ་ཡིན་པ་དང་།  ཁོས་ལྟོས་བཅོས་སྨྲ་བ་དེ་ཁོའི་གཡོ་ཇུས་ལ་བརྟེན་ནས་གནམ་དུ་སྤུར་ཞིང་།  གཞན་རྨོངས་འཐོམ་ལ་བརྟེན་ནས་དགུང་དུ་བཏེགས་པ་ཞིག་རེད། དོན་ངོ་མ་དེ་ནི་ཡིག་ཐེ་མི་རིགས་ཀྱི་རྒྱལ་སྤྱིའི་གཡོ་ཇུས་ཆེན་མོ་ཞིག་རེད།  དགྲ་བོ་སྒོ་ཁར་སླེབས་དུས་ང་ཚོས་ངོས་ཟིན་ན་དགའ་ཞེས་བཤད་པ་དང་། ཐ་ན་ཨེན་སི་ཐན་ཁོང་ནི་དམར་ཕྱོགས་རང་ལུགས་པའི་ཉུལ་མ་ཡིན་ཚུལ་སོགས་བཤད་པ་རེད། དེ་བཞིན་དུ་འཆར་གཞི་དང་བཀོད་སྒྲིག་ཡོད་པའི་ངང་ནས་ཨེན་སི་ཐན་ལ་ངོ་རྒོལ་བྱེད་པའི་ཚན་རིག་པ་དང་དགེ་རྒན་ཆེན་མོ་སོགས་རེ་རེ་བཞིན་སྟེགས་བུའི་སྟེང་དུ་བུད་ནས་རང་འདོད་ལྟར་དགག་པ་ཡིད་ཚིམས་པ་རེ་བརྒྱབ་པ་རེད།  ཨེན་སི་ཐན་ཁོང་ནི་གཤམ་གྱི་ཉན་མཁན་དག་གི་ཁྲོད་ན་གད་མོ་དང་བཅས་ཐལ་མོ་རྡེབ་བཞིན་བཤད་པ་འགྲིག་འདུག  མུ་མཐུད་དུ་ཤོད་ཟེར་བཞིན་ལྷོད་ལ་བབས་ནས་བཞུགས་ཡོད་པ་རེད།  ཚོགས་འདུ་དེའི་ཤུགས་རྐྱེན་གྱིས་འཇར་མན་གྱི་རྒྱལ་ཁོངས་སོ་སོ་ནས་ཨེན་སི་ཐན་ལ་གླེང་ཕྱོགས་འདྲ་མིན་བྱུང་བར་མ་ཟད།  ཚགས་པར་སོགས་ཀྱི་སྟེང་དུའང་ཨེན་སི་ཐན་ལ་ངོ་རྒོལ་བྱེད་པའི་རྣམ་པ་ཤུགས་ཆེན་མཆེད་བཞིན་ཡོད་པ་རེད། ཨེན་སི་ཐན་ཁོང་གིས་ཀྱང་༼པར་ལེན་ཉིན་རེའི་ཚགས་པར་༽སྟེང་དུ་༼ངའི་ལྟོས་བཅོས་སྨྲ་བར་ངོ་རྒོལ་བྱེད་པའི་ཀུང་སི་ལ་ལན་བཏབ་པ༽ཞེས་པ་ཞིག་སྤེལ།   སྐབས་དེའི་མི་མང་བོ་ཞིག་གིས་ཅི་ཡང་ཧ་མ་གོ་བར་གཡོན་ལྷུང་གི་བསམ་བློའི་བསླུ་བྲིད་འོག་ཏུ་ཚུད་ནས་གཡམ་རྒྱུག་ངང་ཨེན་སི་ཐན་ལ་གླེང་འགེལ་གྱི་རྣམ་པ་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་།  ཡང་ཨེན་སི་ཐན་ཁོ་ལ་བློ་དཀར་བའི་གྲོགས་པོ་མི་ཉུང་བ་ཞིག་གིས་སེམས་ཚེགས་དང་བཅས་ཐབས་ཤེས་མང་བོ་འཐེན་བཞིན་ཡོད་པ་རེད།  སྐབས་དེར་ཨེན་སི་ཐན་གྱི་ལྟོས་བཅོས་སྨྲ་བའི་རྣམ་བཞག་ཇི་བཞིན་རྟོགས་པར་བཤད་པའི་ཚད་རྡུལ་སྨྲ་བའི་སྲོལ་བཏོད་པ་བོ་ཕོ་ལིན་ཁུའི་ཡིད་ལ་ཐབས་ཇུས་ཤིག་ཡིད་ལ་འཁོར་སོང་།  དེ་ནི་ཁོའི་མིང་ཐོག་ནས་ཚན་རིག་གི་ཚོགས་འདུ་ཆེན་པོ་ཞིག་བསྡུས་ནས་དེའི་སྟེང་ནས་ཕྱོགས་གཉིས་ཀྱི་ལྟ་གྲུབ་གདོང་གཏུག་ནས་སུ་ལ་བདེན་ལུགས་ཡོད་པ་དཔང་བོ་འཇོག་རྒྱུ་དེ་རེད།   མི་འགྱང་བར་ཚོགས་འདུ་དེ་བསྡུས་བྱུང་། ཚོགས་ཐོག་ཏུ་ཨེན་སི་ཐན་གྱི་ཚན་རིག་ཕྱོགས་ཁག་དང་།  ཝི་ལེན་ཏི་ཚན་རིག་ཕྱོགས་ཁག་གཉིས་མཛོམས་པར་མ་ཟད།   ཚོགས་ཐོག་ཏུ་ཝི་ལེན་ཏི་ཚན་རིག་ཕྱོགས་ཁག་གི་བསམ་བློའི་གཞི་འཛིན་པ་དགེ་རྒན་ཆེན་མོ་ལིན་ཏིའང་སླེབས་ཡོད་པ་རེད། ད་དུང་ཕྱོགས་སོ་སོའི་ཚན་རིག་པ་དང་མི་སྣ་གྲགས་ཅན་ཚོགས་འདུའི་སྟེང་དུ་མཉམ་ཞུགས་གནང་ཡོད་པ་རེད་ལ།   ཚོགས་འདུའི་མདོ་འཛིན་པ་ནི་དགེ་རྒན་ཆེན་མོ་ཕོ་ལིན་ཁུ་ཡིན་ཞིང་།  ཁོས་ཚོགས་འདུ་འདི་ནི་ལྟོས་བཅོས་སྨྲ་བའི་ཕྱོགས་ཀྱི་བགྲོ་གླེང་ཡིན་པར་གསལ་བཤད་དང་བཅས་དགེ་རྒན་ཆེན་མོ་ཨེན་སི་ཐན་སྟེགས་བུའི་སྟེང་དུ་གདན་དྲངས་ནས་ལྟོས་བཅོས་སྨྲ་བའི་ལྟ་གྲུབ་ངོ་སྤྲོད་གནང་དུ་བཅུག་པ་རེད།  དེ་ནས་ཨེན་སི་ཐན་ལ་དགག་པ་གཏོང་བའི་ཚན་རིག་ཚོ་ཆུང་གི་བསམ་བློའི་གཞི་འཛིན་པ་དགེ་རྒན་ཆེན་མོ་ལིན་ཏི་དང་ཨེན་སི་ཐན་གཉིས་ལ་བགྲོ་གླེང་གནང་དུ་བཅུག་པ་རེད།  ཁོ་གཉིས་ཀྱིས་རེས་མོས་བཞིན་དུ་བཤད་པས་ཨེན་སི་ཐན་གྱི་ལྟ་གྲུབ་དང་རྣམ་དཔྱོད་ཀྱིས་དགེ་རྒན་ཆེན་མོ་ལིན་ཏི་རྗེས་འབྲངས་དང་བཅས་པ་སྨྲ་བ་མེད་པར་བཏང་བས་ཚོགས་ཞུགས་མི་སྣ་སྤྱིའི་དགའ་བསུ་བླ་མེད་ཐོབ་པ་དང་།   ཁྱད་པར་དུ་ཨེན་སི་ཐན་ཁོང་ལ་བློ་དཀར་བའི་གྲོགས་པོ་རྣམས་ཡིད་ཚིམས་པའི་ངང་ཚོགས་འདུ་དེ་ལྟར་མཇུག་རྫོགས་སོང་བ་རེད། 

ཨིན་སི་ཐན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཐོག་མ་དང་མཛད་འཕྲིན་གཞན།

      ༡༩༢༢ལོར་ཨེན་སི་ཐན་གྱི་ཚན་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་ཐོག་མ་ཉི་ཧོང་གི་ཡི་གེ་ལམ་ནས་ཉི་ཧོང་ནས་པར་སྐྲུན་གནང་ཞིང་།  ཁོང་ཡང་ཚན་རིག་གི་དཔྱད་དེབ་དེ་པར་སྐྲུན་འགྲེམ་སྤེལ་མཛད་སྒོའི་སྟེང་དུ་གདན་ཞུ་གནང་བ་བཞིན་དུ་ལྷོ་ཡོ་རབ་ཀྱི་གླང་ཆེན་ནས་ཤར་ཨེ་ཤ་ཡའི་གླིང་ཆེན་དུ་དངོས་སུ་ཕེབས་གནང་མཛད་པ་རེད། ཕེབས་ལམ་ནས་རྒྱ་ནག་གི་ནན་ཅིན་དང་ཧྲིང་ཧེ་སོགས་ལ་ཕེབས་ནས་རྒྱའི་མཁས་པ་དང་སློབ་མ་མང་བོར་མཇལ་ཕྲད་གནང་ཞིང་། དེ་ནི་ཨེན་སི་ཐན་ཐོག་དང་བོར་རྒྱ་ནག་ལ་ཕེབས་པ་ཡིན་པས་རྒྱ་ནག་གི་དཔོན་རིགས་དང་ཡོན་ཏན་པའི་སྡེ་ནས་དགའ་བསུ་བླ་མེད་གནང་བར་མ་ཟད། ཁོང་གིས་གསུང་བཤད་ཀྱང་གནང་བའི་ལོ་རྒྱུས་ཡོད་པ་རེད།  ཧྲིང་ཧེ་ནས་ཁོང་ཕར་ཉི་ཧོང་ལ་ཕེབས་ཤིང་།  ཁོང་གི་ཚན་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་མཛད་སྒོའི་སྟེང་ནས་གཏམ་བཤད་གལ་ཆེན་གནང་བར་མ་ཟད།  སློབ་གྲྭ་ཆེན་མོ་ཁག་ཏུ་ཕེབས་ནས་ལྟོས་བཅོས་སྨྲ་བའི་རྣམ་བཞག་འཆད་ཁྲིད་ཀྱང་གནང་བ་རེད།   ཉི་ཧོང་ནས་ཉིན་འགའ་ལ་མཛད་འཕྲིན་བསྐྱངས་རྗེས་མ་ལེ་ཞིས་ཡ་དང་ཞིས་པན་ཡ་རྒྱལ་ཁབ་འགའ་བརྒྱུད་ནས་ཕྱིར་ཡོ་རབ་གླིང་དུ་ཕེབས་པ་རེད།  ༡༩༢༤ལོར་ཨེན་སི་ཐན་རྒྱལ་སྤྱིའི་མནའ་འབྲེལ་གྱི་རྒྱལ་སྤྱིའི་ཤེས་ཡོན་པའི་མཉམ་འབྲེལ་ཚོགས་འདུར་ཞུགས་ཤིང་། ལོ་བརྒྱད་ལ་དེའི་ནང་དུ་བྱ་བའི་འགན་འཁུར།  ལོ་ངོ་འདིའི་རིང་ལ་རྒྱལ་ཁབ་སོ་སོ་དང་ས་གནས་སོ་སོར་ཕེབས་ནས་ཚོགས་འདུ་དང་གཏམ་བཤད་གང་མང་བྱས་པར་མ་ཟད།  ཡོ་རབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་བཅོས་བསྒྱུར་སྐོར་གྱི་བསམ་ཚུལ་ཡང་འདོན་མྱོང་བ་རེད།    སྐབས་དེ་ཙམ་ལ་ཁོས་ཕོས་ལེན་སི་ཏོན་སློབ་ཆེན་དུ་རིག་གཞུང་སྙན་ཞུ་ཐེངས་བཞི་ལ་ཕུལ་མྱོང་ཞིང་།  ཁོང་གི་རིག་གཞུང་གི་སྙན་ཞུ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་དཔེ་ཆ་ཞིག་བཟོས་ཤིང་། དཔེ་ཆའི་མིང་ལ་༼ལྟོས་བཅོས་སྨྲ་བའི་དོན་སྙིང༽ཞེས་བཏགས་པ་རེད།     ༡༩༢༩ཙམ་ལ་༼གཅིག་གྱུར་ར་བའི་སྐོར་གྱི་རྣམ་བཤད༽ཞེས་པ་ཞིག་ཀྱང་བྲིས་ནས་ཀུན་གྱིས་དོ་སྣང་ཤུགས་ཆེན་གནང་། 

ཨེན་སི་ཐན་གྱི་ཚེ་སྲོག་དང་ཉེན་བྱོལ།

      ༡༩༣༠ཙམ་ནས་འཇར་མན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་གནས་བབ་ཕྱོགས་གང་ཐད་ནས་ཇེ་སྡུག་ཏུ་ཕྱིན།  ༡༩༣༣ལོར་འཇར་མན་སྤྱི་མཐུན་རྒྱལ་ཁབ་སྲིད་འཛིན་དམག་དཔོན་ཆེན་མོ་ཤིན་ཏིན་པོ་ཡིས་ཤེ་ཐི་ལེ་ལ་སྲིད་འཛིན་འགན་གཏད་ནས་ཤེ་ཐ་ལེ་སྲིད་སྟེགས་སུ་བུད་པ་ནས་བཟུང་སྤྱི་མཐུན་རྒྱལ་ཁབ་ལ་གཏན་ནས་རེ་བ་མེད་པར་གྱུར་ཅིང་།  ནཱ་ཛི་ཏང་གི་ཆབ་སྲིད་གཡོན་ལྷུང་གི་གསར་བརྗེ་ལས་འགུལ་རབས་དང་རིམ་པ་སྤེལ་བར་མ་ཟད། ཁོ་ཚོའི་གསར་བརྗེ་ནི་དཔེ་དེབ་རིགས་མེར་བསྲེག་པ་དང་། གློ་བུར་དུ་ཁྱིམ་ལ་སྔོག་བཤེར་བྱེད་པ། ཉེས་མེད་ལ་ཉེས་འགེལ་གྱིས་དམར་གསོད་གཏོང་བ་དང་། ཡང་ན་ལྐོག་གསོད་བྱེད་པ་སོགས་ནི་ཁོ་ཚོའི་གསར་བརྗེ་ཡི་བྱེད་ཐབས་དངོས་ཡིན།   དེ་ལྟ་བུའི་ཡ་ང་བའི་ཆབ་སྲིད་ཀྱི་གནས་བབ་ཁྲོད་ནས་ཨེན་སི་ཐན་ཡང་ཉེས་ཅན་གྱི་གཏེ་བོར་གྱུར་ཅིང་།   ཨེན་སི་ཐན་གསོད་པའི་མི་ལ་བྱ་དགའ་འབོར་ཆེན་རྩོལ་བ་སོགས་ཀྱི་བརྡ་ཁྱབ་ཀྱང་གང་སར་བཀྲམ་པར་མ་ཟད། ཨེན་སི་ཐན་ཁོང་ལྐོག་གསོད་ཀྱི་སྲོག་ཉེན་ལའང་ཐེངས་འགར་འཕྲད་པས།  ༡༩༣༣ལོར་ཁོང་གི་བཟའ་ཟླ་དང་བཅས་པ་གྲུ་ལ་བསྡད་ནས་ཉེན་བྱོལ་དུ་ཨ་རིའི་ཕྱོགས་སུ་ལམ་ལ་ཆས།  འདི་ནི་ཨེན་སི་ཐན་ལ་མཚོན་ན་རང་གི་མེས་རྒྱལ་དང་ཁ་བྲལ་ཐེངས་གཉིས་པ་ཡིན་པར་མ་ཟད། ཐེངས་འདི་ནི་རང་གི་མེས་རྒྱལ་གྱིས་རང་ཉིད་གསོད་གྲབ་བརྩམས་ནས་ཕྱི་ལ་ཉེན་བྱོལ་དུ་ཕེབས་ཐེངས་དང་བོའང་ཡིན་པས།  ལོ་ན་ལྔ་བཅུ་ལྷག་སོན་པའི་ཨེན་སི་ཐན་ཁོང་གི་སེམས་རྩ་འཁྱག་སིབ་བེར་མི་ཚེ་འདིར་འཇར་མན་རྒྱལ་ཁབ་དང་གཏན་དུ་གྱེས་པ་རེད། 

ཨེན་སི་ཐན་དང་མཁར་གྲོང་ཆུང་ཆུང་ཕོས་ལིན་སི་ཏན།

     ཨེན་སི་ཐན་ཁོང་ཨ་རིར་ཉེན་བྱོལ་དུ་ཕེབས་རྗེས་ཨ་རིའི་ཤར་ཕྱོགས་ཀྱི་མཁར་གྲོང་ཆུང་ཆུང་ཕོས་ལིན་སི་ཏིན་དུ་དཀྱུས་མའི་འཚོ་བ་རོལ་ནས་བསྡད་ཅིང་།   གྲགས་འགུལ་མེད་པའི་མཁར་གྲོང་དེ་ཨེན་སི་ཐན་ཕེབས་པས་རིམ་བཞིན་ཨ་རིའི་ཚན་རིག་གི་མཁར་གྲོང་ཞིག་དུ་གྱུར་བར་མ་ཟད།  འཛམ་གླིང་གི་ཚན་རིག་པ་མང་བོ་ཞིག་གིས་ཡང་ཡང་ངག་ལ་གླེང་བའི་མཁར་གྲོང་ཞིག་ཏུ་གྱུར་བ་རེད།  ཨེན་སི་ཐན་ཁོང་ནམ་རྒྱུན་ཕྱི་ལ་བསྐྱོད་དུས་འདྲུད་ལྷམ་ཞིག་གྱོན་ནས་ས་དེ་གའི་ཡུལ་མི་རྣམས་དང་ཁ་བརྡ་གནང་རྒྱུར་དགའ་བར་མ་ཟད།  མཚམས་ལན་རེར་ཞིང་ཁ་རུ་ཕེབས་ནས་ཞིང་བ་རྣམས་དང་ལྷན་དུ་ལས་ཀ་གནང་བའི་ལོ་རྒྱུས་ཀྱང་ཡོད་པ་རེད།  རིམ་བཞིན་ལྟོས་བཅོས་སྨྲ་བའི་སྲོལ་བཏོད་པ་ཨེན་སི་ཐན་ཁོང་མཁར་གྲོང་ཆུང་ཆུང་དེ་ན་བཞུགས་ཡོད་པ་ཀུན་གྱིས་ཐོས་ནས་གསར་འགོད་པ་དང་ཚན་རིག་པ་སོགས་ཆེད་དུ་ཨེན་སི་ཐན་ལ་མཇལ་དུ་ཡོང་བ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་ལ། ས་གནས་དེའི་ཡུལ་མི་རྣམས་ཀྱང་ཨེན་སི་ཐན་གྱི་གཤིས་ཀ་དང་ངང་རྒྱུད་ལ་རབ་ཏུ་དགའ་བར་མ་ཟད།  ཨེན་སི་ཐན་ཁོང་མཁར་གྲོང་ཕོས་ལིན་སི་ཏིན་ལ་ཕེབས་ནས་བཞུགས་པ་ནི་ས་གནས་དེའི་ཡུལ་མི་ཚོའི་སེམས་ནང་ན་མཁར་གྲོང་དེའི་གཟི་བརྗིད་དང་ཨ་རིའི་རྒྱལ་ཁབ་ཀྱི་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད་པ་རེད་ལ།   ཐ་ན་ཞོགས་པར་སློབ་གྲྭར་འགྲོ་བའི་སློབ་མ་ཆུང་ཆུང་དེ་ཚོས་ཀྱང་དབྱངས་འགྲོས་མཉམ་པའི་ངང་རྒྱུན་དུ་ཨེན་སི་ཐན་ལ་བསྟོད་གླུ་བླངས་ནས་འགྲོ་བཞིན་ཡོད་པ་རེད།   རྗེས་སུ་ཨེན་སི་ཐན་ཁོང་མཁར་གྲོང་དེའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གནང་ཞིང་།  ཁོང་གི་ཚེ་མཇུག་ཏུ་སློབ་ཁུལ་དེ་རུ་ཕྱག་ལས་གནང་ནས་མི་ཚེ་བསྐྱལ་བ་རེད།  

ཨེན་སི་ཐན་གྱི་ནོངས་འགྱོད་དང་རེ་འབོད།

       ཨེན་སི་ཐན་གྱིས་མ་རྡུལ་གྱི་གསང་བ་དང་ནུས་ཚད་མང་བོ་ཞིག་གསར་རྙེད་བྱུང་སྟེ་སྤྱི་འགྲོས་བཟོས་པ་དེས་འཛམ་གླིང་ཡོངས་ལ་རྡུལ་ཕྲན་མཚོན་ཆ་གསར་དུ་བཟོ་བར་རིག་གཞུང་གི་རྨང་བཏིངས་པ་རེད། དེ་བས་འཛམ་གླིང་གི་མི་རྣམས་ཀྱིས་ཨེན་སི་ཐན་ཁོང་ལ་མ་རྡུལ་གྱི་མེས་པོ་རུ་འབོད་པ་རེད།  ཁོང་གིས་གསར་རྙེད་དེ་ལ་བརྟེན་ནས་འཛམ་གླིང་གི་འཇར་མན་དང་ཨ་རི་སོགས་རྒྱལ་ཁབ་མང་བོ་ཞིག་ལ་རྡུལ་ཕྲན་མཚོན་ཆ་དངོས་སུ་གསར་བཟོ་བྱས་ཡོད་པས་ཁོང་གི་བློ་དེ་ནམ་ཡང་བདེ་ལ་འབབ་ཐུབ་ཀྱིན་ཡོད་པ་མ་རེད།  དེ་ནི་ཁོང་གིས་སྔ་མོ་ནས་གསར་རྙེད་བྱུང་བའི་མ་རྡུལ་ནུས་ཚད་མང་བོ་ཞིག་སྤྱི་འགྲོས་ཀྱི་ལམ་ནས་སྔོག་འདོན་གནང་བའི་ཕྱོགས་ལ་སེམས་ཁུར་དང་།  ཐ་ན་གཏན་ནས་ཡིད་ཆེས་མེད་པ་ལྟ་བུར་གྱུར་ནས་རང་གི་གསར་རྙེད་དེ་སྟངས་འཛིན་གནང་བའི་ཐབས་ལ་བསམ་བློ་གཏོང་བཞིན་ཡོད་པ་རེད།  འཛམ་གླིང་འཁྲུགས་ཆེན་དང་བོའི་སྐབས་ཁོང་གིས་ལས་དོན་འདི་རྒྱལ་སྤྱིའི་མཉམ་འབྲེལ་ལ་རེ་བཅོལ་གནང་མྱོང་ཞིང་།  འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྐབས་སུའང་ཁོང་གིས་ལས་དོན་དེ་གསར་དུ་བཙུགས་མ་ཐག་པའི་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བཅོལ་གནང་བཞིན་ཡོད་པ་རེད། ཡིན་ནའང་ཡིད་ཕངས་པ་ཞིག་ལ་འཛམ་གླིང་གི་ཡུལ་གྲུ་མང་བོ་ཞིག་ན་འབར་རྡེལ་གྱི་སྐད་སྒྲ་དང་མཉམ་དུ་ཚེ་སྲོག་ཁྲི་ཕྲག་མང་བོ་ཞིག་དུད་སྨུག་དང་མེ་ལྕེ་ཁྲོད་ནས་གཏན་ཏུ་གཟིམ་པར་མ་ཟད།  ལྷག་པར་དུ་འཇར་པན་ཁྲིང་ཆིན་སོགས་ལ་རྡུལ་ཕྲན་མཚོན་ཆ་འཕངས་པ་དེས་ཨེན་སི་ཐན་ཁོ་རང་མྱ་ངན་གྱིས་དྲག་ཏུ་གདུངས་ཤིང་།  འཛམ་གླིང་ལ་བློ་དཀར་ཞིང་ཞི་བདེ་ལ་ཁ་ཞེ་གཉིས་མེད་ཀྱིས་སྨོན་པའི་ཚན་རིག་པ་རླབས་ཆེན་ཞིག་གི་གསར་རྙེད་ཀྱི་གྲུབ་འབྲས་ཀྱིས་འཛམ་གླིང་ཡོངས་འདི་ལྟར་ཁྲག་གིས་སྦག་ཏུ་བཅུག་པས་ཁོའི་ཡིད་ག་ནས་བདེ་ལ་འབབ་ཐུབ་།  ཨེན་སི་ཐན་ཁོང་གིས་རྒྱལ་ཁབ་མང་བོ་ཞིག་གི་སྲིད་འཛིན་དག་ལ་ཆེད་དུ་གློག་འཕྲིན་བཏང་ནས་རྡུལ་ཕྲན་འབར་རྡེལ་སྟངས་འཛིན་གྱི་ཕྱོགས་ལ་རེ་ཞུ་དང་གྲོས་བསྡུར་བར་བྲེལ་བར་མ་ཟད།  ཉི་ཡོག་གྲོང་ཁྱེར་དུ་ནོ་པེ་གཟེངས་རྟགས་ཐོབ་པའི་མི་སྣ་རླབས་ཆེན་དག་ཆེད་དུ་འདུ་འཛོམས་ཐེངས་གཅིག་གནང་ཞིང་།  དེའི་སྟེང་ནས་ཨེན་སི་ཐན་གྱིས་རྡུལ་ཕྲན་མཚོན་ཆ་སྟངས་འཛིན་བྱས་ནས་འཛམ་གླིང་ཞི་བདེ་བསྐྲུན་པར་སྐད་འབོད་ཤུགས་ཆེན་བརྒྱབ་པ་རེད།  ད་དུང་ཁོང་དངོས་སུ་བརྙན་འཕྲིན་ངོས་སུ་བུད་ནས་འཛམ་གླིང་གི་དམག་འཁྲུགས་ལ་ཁ་རྡུང་དྲག་པོ་བཏང་མྱོང་བ་རེད།   དེར་མ་ཟད་ཨེན་སི་ཐན་གྱིས་མ་རྡེལ་འགས་འདེལ་གྱི་གསང་བ་དེ་འཛམ་གླིང་སྲིད་གཞུང་གིས་དོ་དམ་གནང་བར་རེ་ཞུ་གནང་བའི་རྩོམ་ཡིག་ཅིག་༼ ནུབ་རྒྱ་མཚོ་ཆེན་པོའི་ཟླ་དེབ་༽ཅེས་པའི་སྟེང་དུ་བཀོད་པ་རེད།  ཁོང་གི་ཚེ་མཐའ་མ་རྫོགས་བར་དུ་ལས་དོན་འདི་ལམ་སློང་བྱུང་བའི་ཕྱོགས་ལ་ཕྱག་ལས་རྒྱ་ཆེར་གནང་བར་མ་ཟད།  དབྱིན་ཇིའི་མཚན་ཉིད་རིག་པ་བ་ལོ་སོས་དང་མཉམ་འབྲེལ་གྱིས་འཛམ་གླིང་གི་ཤེས་ལྡན་པ་འགའ་དང་མཉམ་དུ་བསྒྲགས་གཏམ་ཞིག་སྤེལ་ཞིང་།  རྗེས་སུ་མི་རྣམས་ཀྱིས་དེ་ལ་༼ལོ་སོས་དང་ཨེན་སི་ཐན་གྱི་བསྒྲགས་གཏམ་༽ཟེར་བ་རེད།  ཨེན་སི་ཐན་ཁོང་གིས་ཀྱང་ཁོང་གི་མི་ཚེ་དེར་མིའི་རིགས་ལ་ངོ་གནོང་དགོས་པ་དང་།  གྲུབ་འབྲས་གླེང་རིན་མེད་པ།  ཁོ་རང་ཉིད་ཀྱིས་འགན་ལེན་མི་ཐུབ་པའི་ནོར་འཁྲུལ་ཞིག་བྱུང་བ་ནི་མ་རྡུལ་ནུས་ཤུགས་ཀྱི་གསང་བ་མང་བོ་ཞིག་སྤྱི་འགྲོས་ཀྱི་ལམ་ལ་བཀོད་ནས་རྡུལ་ཕྲན་་མཚོན་ཆ་གསར་བཟོ་ལ་རིག་གཞུང་གི་རྨང་བཏིངས་པ་དེ་ཡིན་པ་འགྱོད་སེམས་དང་བཅས་ཁས་ལེན་བཞིན་ཡོད་པར་མ་ཟད།  ཁོང་གི་ཚེ་མཇུག་ཀྱང་གཙོ་བོ་འདིའི་སྟེང་ནས་ཕྱག་ལས་གནང་ནས་བསྐྱལ་བ་རེད།

ཨེན་སི་ཐན་གྱི་ཚེ་མཇུག་དང་ཁ་ཆེམས།

      ཨེན་སི་ཐན་ཁོང་མཁར་གྲོང་དེའི་སློབ་ཆེན་དུ་ཕྱག་ལས་གནང་སྐབས་ས་གནས་དེའི་དངོས་ཁམས་རིག་པ་བ་གྲགས་ཅན་ཞིག་དང་མཉམ་དུ་༼དངོས་ལུགས་རིག་པའི་འཕེལ་འགྱུར་༽ཞེས་པའི་དེབ་ཅིག་བྲིས་པར་བཤད་ཅིང་།   འཛམ་གླིང་འཁྲུགས་ཆེན་གཉིས་པ་མཇུག་རྫོགས་པའི་རྗེས་ནས་གྲོགས་པོ་མང་བོ་ཞིག་གིས་ཨེན་སི་ཐན་ཁོ་རང་མེས་རྒྱལ་འཇར་མན་གྱི་རྒྱལ་ཁོངས་སུ་ཕྱིར་ཕེབས་པར་རེ་ཞུ་ཐེངས་མང་གནང་ཡང་།  ན་ཛི་ཇག་ཚོགས་ཀྱིས་ཡིག་ཐེ་མི་རིགས་ཁྲི་ལྔ་བརྒྱ་སྟེ་ཡོ་རབ་གླིང་གི་ཡིག་ཐེ་མི་རིགས་ཀྱི་ཕྱེད་ཀ་ལོངས་པ་ཞིག་དམར་གསོད་བྱས་པ་ཐོས་པས་འཇར་མན་རྒྱལ་ཁབ་ལ་ཞེ་མེར་ཞིང་ཡིད་གཏིང་ནས་ཆད་ཏེ་ཕྱིར་འགྲོ་འདོད་མ་བྱུང་བ་རེད།  རིམ་བཞིན་ཁོ་རང་ལོ་ན་འགྲེས་པ་དང་བསྟུན་ནས་ལུས་པོ་ཇེ་ཞན་དུ་གྱུར་ཞིང་།  ལྷག་པར་དུ་ཁོའི་མི་ཚེའི་སྟེང་དུ་དེ་སྔ་ཁོ་རང་ཕོ་ཁའི་ནད་ཀྱིས་གཤགས་བཅོས་ཐེངས་གཉིས་ལ་བྱས་པས་ཁོའི་ནད་གཞི་རིམ་བཞིན་ཇེ་སྡུག་དུ་འགྲོ་བཞིན་ཡོད་པ་རེད།  མཇུག་ཏུ་ཨེན་སི་ཐན་ཁོང་ཕོས་ལིན་ཏིན་མཁར་གྲོང་གི་སྨན་ཁང་ཆུང་ཆུང་ཞིག་ཏུ་བསྡད་ཅིང་།  ནད་གཞིའི་དབང་གིས་ལུས་པོས་མི་ལྕོག་པའི་ཚོད་དུ་ལྷུང་ཡོད།  ཁོ་རང་རྒྱུན་དུ་ནད་གཡོག་སྒྲུབ་མཁན་ནི་ཏོས་ཁ་སི་ཞེས་པའི་བུད་མེད་ཅིག་ཡིན་ཞིང་།  བུད་མེད་དེ་ནི་༡༩༢༢ལོར་ཁོ་རང་ཐོག་དང་བོ་ན་བ་ནས་བཟུང་ཨེན་སི་ཐན་ལ་མཉམ་དུ་འགྲོགས་ནས་ཡོང་བས་ཨེན་སི་ཐན་ཁོང་ལ་ཤ་ཤིན་ཏུ་ཚ།  མཚམས་རེ་ཨིན་སི་ཐན་གྱི་ནད་གཡོག་པ་དང་།  ལན་རེར་ཨིན་སི་ཐན་གྱི་དྲུང་ཡིག་པ་དང་རྩིས་གཉེར་བ་སོགས་བྱེད་བཞིན་ཡོད་པ་རེད།  སྐབས་འདིར་ཡང་ཁོ་མོ་རྒྱུན་དུ་ཨེན་སི་ཐན་གྱི་གམ་དུ་བསྡད་ནས་བདག་སྐྱོང་བྱེད་བཞིན་ཡོད།  ཨེན་སི་ཐན་གྱིས་ཐེངས་འདིར་ཁོ་རང་དྲག་སྐྱེད་མི་བྱུང་བ་ཧ་གསལ་བོར་གོ་ཡོད་པས་ཆེས་མཐའ་མཇུག་གི་མལ་ཁྲིའི་སྟེང་ནས་མགོ་བོ་ཁ་བ་བཞིན་དཀར་བའི་རྒད་པོ་འདིས་ལག་ཏུ་སྨྱུ་གུ་བཟུང་ནས་འདར་འདར་ངང་ཕྱག་ལས་ཀྱི་འཕྲོ་སྐྱོང་བཞིན་ཡོད་པ་རེད།   ད་དུང་སྨན་པ་ཞིག་གི་དྲི་བར་ཁོས་ལན་འདེབས་རྒྱུར།  ད་ནི་མི་ཚེའི་ཆེས་མཐའ་མཇུག་གི་དོན་ཆེན་དེ་སླེབས་ལ་ཉེ་བས།  ང་རང་གིས་སྔར་ནས་གྲ་སྒྲིག་ཆ་ཚང་བྱས་ཟིན།  དེ་ནི་སྐྲག་དགོས་པ་གང་ཡང་མ་ཡིན་ཏེ།  ངས་འཆི་སྐྲག་གི་གསང་བ་དེ་སྔ་མོ་ནས་བརྟོལ་ཟིན་པ་ཡིན་ཞེས་བཤད་པ་རེད།   ནད་གཞི་ཉིན་རེར་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།  ཁོའི་བུ་དང་བུ་མོ་དག་ཀྱང་ཆེས་མཐའ་མཇུག་གི་ཕ་རྒན་གྱི་ཉེ་གམ་དུ་འདུས་པར་མ་ཟད། ཆེས་སྙིང་ཉེ་བའི་གྲོགས་པོ་དང་ལས་གྲོགས་རྣམས་ཀྱང་མི་ཚེ་མཐའ་མཇུག་ལ་ཐོན་པའི་ཨེན་སི་ཐན་གྱི་གམ་དུ་འདུས་པར་གྱུར་བས།  ཨེན་སི་ཐན་ཁོང་གིས་གསལ་ལ་མི་གསལ་ངང་དུ་ཁྱེད་ཚོ་འདིར་ཐོན་པས་བཀའ་དྲིན་ཆེ། ང་རང་ཤི་བའི་རྗེས་ནས་རྗེས་དྲན་ཚོགས་འདུ་ཚོགས་པ་དང་རྗེས་དྲན་རྡོ་རིང་བཞེངས་པ།  པིར་ཁང་སོགས་གཏན་ནས་མི་དགོས།    ང་རང་གི་གཞུང་ལས་ཁང་དེ་ཡང་རྗེས་དྲན་ཁང་ཞིག་ཏུ་མི་གཏོང་བར་མི་འཇོན་ནུས་ཅན་ཞིག་ལ་སྤྲད་ནས་མུ་མཐུད་དུ་མིའི་རིགས་ལ་ཕན་པའི་ཕྱག་ལས་གནང་དུ་འཇུག་དགོས་ཞེས་གསུང་ཚན་འགའ་ངག་ནས་བཤད་རྗེས་ཨེན་སི་ཐན་གྱི་ཕྱག་གི་རླབས་ཆེ་བའི་སྨྱུ་གུ་དེ་ལག་ནས་གཏན་དུ་སར་ལྷུང་བ་རེད།  འཛམ་གླིང་ལ་གྱོང་ཆེ་བའི་ཚན་རིག་པ་ཞིག་འདི་ལྟར་ཨ་རིའི་ཕོ་ལིན་ཏིའི་སྨན་ཁང་ཆུང་ཆུང་ཞིག་གི་ནང་ནས་གཏན་ཏུ་གཟིམ་པ་རེད།  ལོ་དེ་ནི་ཨིན་སི་ཐན་ཁོང་དགུང་ལོ་དོན་དྲུག་ལོན་པའི་ལོ་སྟེ་སྤྱི་ལོ་༡༩༥༦ལོའི་ཟླ་༤བའི་ཚེས་༡༤ཉིན་རེད།   ཁོང་གི་པིར་གདུང་དེ་དབྱིན་ཇིའི་རྒྱལ་ས་ལོན་ཏོན་གྱི་ལྟེ་བར་གྱུར་བའི་ལྷ་ཁང་ཞིག་ཡོད་པ་དེའི་ནང་དུ་ཉིན་འགའ་ལ་བཞག་ནས་ས་དེའི་ཡུལ་མི་མང་ཚོགས་ཀྱིས་ལྷ་ཁང་དེའི་མཐའ་ཡོང་སུ་བསྐོར་ནས་མྱ་ངན་ཞུས་པ་རེད། དེ་ནས་ཁོང་གི་ཞལ་ཆེམས་བཞིན་པིར་གདུང་དེ་ཐེ་ལིན་ཏིན་གྱི་ཉེ་འགྲམ་ཞིག་ནས་མེ་ལྷ་ཕུལ་བ་རེད་ལ།  སྐབས་དེར་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཨེན་སི་ཐན་སྐུ་མྱ་ངན་ལས་འདས་པ་ཐོས་པས་ཆེད་མཁས་པ་དང་ཚན་རིག་པ། བསམ་བློ་བ། སྲིད་གཞུང་གི་ངོས་སོགས་ནས་གློག་འཕྲིན་སོགས་བཏང་ནས་མྱ་ངན་ཤུགས་ཆེན་བྱས་པ་རེད།  དེ་མ་ཟད་ཨེན་སི་ཐན་ཁོང་སྐུ་གཤེགས་ཁར་ཁོ་རང་ལྷིང་འཇགས་ངང་ནས་གཏན་དུ་གཟིམས་པར་ཁ་ཆེམས་གནང་ཡོད་ནའང་།  ལོ་ངོ་བརྒྱ་ལྷག་འདས་པའི་རྗེས་ནས་ད་གཟོད་ཁོང་གིས་གྲུབ་འབྲས་ཀྱིས་ཁ་གྲགས་ནས་འཛམ་གླིང་གི་ཡུལ་གྲུ་སོ་སོ་རུ་རྡོ་རིང་དང་རྗེས་དྲན་ཁང་སོགས་བཞེངས་ནས་ཡུན་ནས་ཡུན་དུ་དྲན་གསོ་གནང་བ་དེ་འདྲ་རེད།  

སྤྱིར་ཨེན་སི་ཐན་གྱི་ལྟ་གྲུབ་རྒྱ་ཆེ་བ་བཞིན་དུ་ཁོང་གི་མི་ཚེའི་ཀྱག་ཀྱོག་གི་མཛད་རྣམ་དེ་ཡང་རྒྱ་ཆེ་ཞིང་གཏིང་ཟབ་པ་རེད།  དེ་བས་ང་ལྟ་བུ་ཞིག་གི་ངོ་སྤྲོད་ཇི་བཞིན་བྱེད་མི་ཐུབ་པ་དེ་ལྟ་བུ་རེད།   ཅུང་བྱེད་ཁུལ་བྱས་ནའང་གནད་མི་ཚང་བ་དང་།  ལོག་བཤད་དང་ཉེས་བཤད་མང་བོ་བྱས་འགྲོ་བ་དེ་འདྲ་ཡོང་གིན་ཡོད་པ་རེད།  ཡིན་ནའང་གོང་དུ་ཞུས་པ་བཞིན་དུ་གྲོགས་པོའི་རེ་ཞུ་ཡི་ངོ་མ་ལྡོག་ཙམ་དུ་དཔེ་བལྟས་བྱས་པའི་བརྒྱུད་རིམ་ཁྲོད་ནས་བློ་ངོ་ན་ཆལ་ཆོལ་མང་བོ་ཞིག་ཡོད་པ་གང་དྲན་དྲན་ཞིག་མགོ་རྔ་མེད་པར་གང་བྱུང་དུ་ཞུ་ཁུལ་བྱས་ཡོད། དེ་བས་འདིའི་ནང་དུ་ཉེས་བཤད་མང་བོ་ཞིག་ཤོར་ཡོད་སྲིད་པས་འདིར་བཞུགས་གྱི་གྲོགས་པོ་རྣམས་ལ་དགོངས་དག་དང་བཟོད་གསོལ་བྱས་པ་ཡིན།  ད་བདེ་མོ།  ཁ་བྲོ། བཀྲ་ཤིས་བདེ་ལེགས།


གཏམ་བཤད་པ་མཚམས་སྦྱོར།

ངོས་མིང་།  བློ་བཟང་ཆོས་འཕེལ།   པིར་མིང་།  འབའ་སྣང་གྲོལ། 

ཡོན་ཚད།  སློབ་ཆེན། 

ལས་གནས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ། མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་རྐང་བདག  གངས་ལྗོངས་ཉི་འོད་ཐེབས་རྩའི་རྒྱུན་ལས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་རྩོམ་སྒྲིག་པ་དང་གསར་འགོད་པ། ནག་བཟའ་ཕ་ཁྱིམ་བདག་སྐྱོང་ཚོགས་པའི་ཚོགས་གཙོ། མཚོ་སྔོན་གངས་གཡག་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་གི་འགོ་འཛིན་བཅས་ཀྱི་འགན་བཞེས་ཡོད།

སློབ་སྦྱོང་བྱ་ཡུལ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་།  བླ་བྲང་། ལྷ་ས། ནུབ་བྱང་མི་རིགས་སློབ་ཆེན་སོགས། 

འབྲེལ་གཏུགས་ཁ་པར།  18946885460  826927487


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41147449
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1