སེམས་འགྱུ་སྣ་ཚོགས།
ཁག་དང་བོ།
རྔ་བ།སྦྲ་དུངས་སེམས།
«1»
དུས་ཀྱི་བགྲོད་པ་རི་གཟར་རྦབ་ཆུ་བཞིན།།
མི་སྡོད་མདུན་ནས་མདུན་དུ་ཡུན་གྱིས་རྒྱུ།།
དེའི་ཕྱིར་ཚེ་ཡི་རྒུད་པའི་རང་མཚང་ནི།།
དབྱར་ཁར་རྩི་ཤིང་བཞད་པ་ཡེ་ནས་མཚུངས།།
«2»
ཁྱོད་ནི་དབྱར་ཁར་འཛུམ་པའི་མེ་ཏོག་དེ།།
དགུན་ཁར་བབས་པའི་ཁ་བ་དཀར་བོ་དེ།།
ཁྱོད་ནི་དཔྱིད་ཁར་བཞད་པའི་ལྗང་མྱུག་དེ།།
སྟོན་ཁར་བཞད་པའི་ལོ་མ་སར་བོ་དེ།།
«3»
རང་སེམས་རྟ་རྒོད་བཞིན་དུ་ཤོར་བཅུག་ན།།
མཐོ་མཐོ་རི་ཡི་རྩེ་ནས་ལྷུང་ཉེན་ཆེ།།
རང་སེམས་གྲོག་མ་བཞིན་དུ་གཉོམ་ཆུང་ན།།
དམའ་དམའ་རྐང་བའི་འོག་ནས་གསོད་ཉེན་ཆེ།།
«4»
མི་རྟག་སྒྱུ་མའི་མགྲོན་ཁང་ཕྱི་ཡག་མ།།
མི་སེམས་དམྱལ་བར་ཁྲིད་པ་ག་ཚོད་ཡོད།།
མི་ཚེ་སྟོང་བར་གྱུར་བ་ཁྱོད་ཀྱི་དོན།།
ཁྲེལ་མེད་དེ་འདྲ་མ་བྱེད་ཨ་ཙ་མ།།
«5»
འཁྲུངས་པའི་དུས་ན་སེམས་ཅན་དོན་དུ་བྱོན།།
བཞུགས་པའི་དུས་ན་སེམས་ཅན་དོན་མཛད་ཅིང་།།
གཤེགས་པའི་དུས་ན་སེམས་ཅན་འདུལ་སླད་ཕེབས།།
སེམས་ཅན་མ་གཏོགས་ཁྱེད་ལ་དྲན་རྒྱུ་མེད།།
«6»
འགྲོ་བའི་དོན་སླད་མི་ཡི་གར་བཟུང་ནས།།
སེམས་ཅན་མང་བོ་བྱམས་ཀྱིས་ཡང་ཡང་བསྐྱངས།།
ཉམ་ཐག་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་པུ།།
རྗེ་བཙུན་བླ་མ་འཇམ་དབྱངས་ཁྱེད་ལ་འདུད།།
«7»
ཕྱི་ཡི་རླུང་བུ་སྒེའུ་ཁུང་ནང་དུ་འཛུལ།།
སྒེའུ་ཁུང་ནང་གི་སེམས་པ་ཕྱི་རུ་ཤོར།།
གལ་ཏེ་ང་ཡི་སྒེའུ་ཁུང་འདི་ཉིད་ལས།།
ཁྱོད་ཀྱི་ཞལ་རས་ཐེངས་གཅིག་འཛུམ་གྱུར་ན།།
ངག་གི་མེ་ཏོག་དགོད་པའི་དུས་ཉིད་དོ།།
«8»
ཚོར་བའི་གཏིང་ལ་ཟུག་པའི་སྣང་བརྙན་མེད།།
ཚིག་གི་མཛེས་རྩལ་འཛོམས་པའི་རྒྱན་ཆ་མེད།།
རང་སྣང་གང་ཤར་འབྲི་བའི་སྨྱུག་འཛིན་དག།
བྲིས་བྲིས་ཐམས་ཅད་ང་ཡི་གཟུགས་སུ་རློན།།
«9»
སྟོན་ཁའི་རླུང་བུ་སྨྱོན་པ་ལྟར་དུ་བརྒྱུགས།
སྡོང་ལོའི་ལོ་འདབ་ཆང་གིས་མྱོས་བཞིན་འཁྱོར།།
ཡུན་རིང་འཛུམ་པའི་སྐྱེད་ཚལ་གླིང་ག་ཡང་།།
མི་འགྱངས་རང་གི་གནས་ནས་གཉིད་དུ་ཡུར།།
«10»
མ་རིག་མེ་ཏོག་བཞད་པའི་སྒྱུ་མའི་ཐང་།།
སེམས་ཀྱི་རྟ་ཕོ་ཡང་ནས་ཡང་དུ་ཤོར།།
ཀུན་རྫོབ་བུ་མོའི་བསླུ་བྲིད་སྒེག་ཉམས་ཀྱིས།།
དོན་དམ་བདེན་པའི་གནས་ལུགས་རྒྱང་དུ་གྱེས།།
«11»
སེམས་ལ་ཐོགས་པའི་དབྱར་གྱི་མེ་ཏོག་དེ།།
སྟོན་མཇུག་རླུང་བུའི་ཁ་ན་གཟིམ་ལ་ཉེ།།
སྔོན་བསགས་ལས་ཀྱིས་བཏབ་པའི་ལུས་རྟེན་འདི།།
རྣམ་གཡེང་བུ་མོའི་གམ་ནས་འཇིག་ལ་སྙེན།།
«12»
ང་ཡི་སྒེའུ་ཁུང་ངོས་ཀྱི་རྒྱུ་སྐར་དེ།།
དོ་ནུབ་སྤྲིན་པ་ནག་པོའི་རྒྱབ་ཏུ་ཡིབ།།
སེམས་ཀྱི་གཏིང་ལ་ཟུག་པའི་ཐ་སྙད་དེ།།
རེ་ཞིག་རྒྱུ་དང་རྐྱེན་གྱིས་ངག་ཏུ་ལུས།།
«13»
ལུས་པོ་མར་ནས་མར་ལ་རྒུད་པ་འཆར།།
འཆི་བ་ཚུར་ནས་ཚུར་ལ་ཉེ་བར་གཅར།།
བསམ་ཞིང་ངུ་མ་དགོད་ཀྱི་ཟློས་གར་འདི།།
ལེ་ལོ་རྣམ་གཡེང་གྲོང་ནས་འཇིག་ལ་ཉེ།།
«14»
སྡུག་གི་ཁུར་བོ་མཉམ་ཁུར་ཟེར་བའི་ཁ་ཕོད་ངས་མི་སྒྲོག།
སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་ཟེར་བའི་ཁ་ཡག་ངས་མི་གླེང་།།
སྔོན་བསཊ་ལས་ཀྱིས་འཕྲད་པའི་ལས་དབང་དམར་བོ་འདི་ཉིད་ནི།།
ནམ་ཡང་ཆུ་བོའི་རྒྱུན་བཞིན་ཡུན་ནས་ཡུན་དུ་གནས་པར་སྨོན།།
«15»
སེམས་དང་ཁ་ཐག་ཉེ་བའི་ཕ་ཡུལ་དེ།།
རེ་ཞིག་རྒྱབ་ཏུ་བསྐྱུར་ནས་སོང་ན་ཡང་།།
ཡུན་རིང་འདྲིས་པའི་བག་ཆགས་ཟབ་མོ་ཡིས།།
ཕ་ཡུལ་ཕྱོགས་སུ་ཀུན་རྟོག་རྒྱུན་དུ་ཤོར།།
«16»
མེས་པོའི་སྒོ་ཕྱུགས་སྲུང་བའི་འབྲོག་ཁྱི་དེ།།
སྒོར་གྱི་སླད་དུ་ས་མཐའི་ཡུལ་དུ་བཅུག།
ཅེ་སྤྱང་ངན་འབྲེལ་བྱས་པའི་ཁྱིམ་ལྡོམ་དག།
བདག་གི་ཕ་སའི་སྟེང་ན་རྫིག་ཉམས་སྟོན།།
«17»
མུན་པའི་ཡོལ་བ་གནམ་སའི་བར་དུ་འཐེན།།
མ་བོས་རྒྱུ་སྐར་མགྲོན་པོ་ངང་གིས་འཚེར།།
རེ་ཞིག་གཉིད་དུ་ཡུར་བའི་མཚན་ལྗོངས་འདི།།
སྒྱུ་མའི་རྨི་ལམ་གྲོང་ན་ལྷིང་ཞིང་འཇགས།།
«18»
མཛེས་མཛེས་ངག་གི་ལྷ་མོ་དབྱངས་ཅན་མ།།
སྙན་སྙན་འཇེབས་པའི་བུ་མོ་ཚངས་སྲས་མ།།
མི་ཕྱེད་དད་པའི་ཕྱག་སོར་སྙིང་བཅུག་སྟེ།།
གུས་པས་འདུད་དོ་ངག་གི་དངོས་གྲུབ་སྩོལ།།
«19»
གཏམ་དང་མི་ཁ་རྒོད་པའི་འཇིག་རྟེན་ནས།།
སེམས་ཀྱི་བརྩེ་བ་རླུང་གིས་ཁུར་ལ་ཁད།།
སྙིང་གི་འཕར་སྒྲ་མྱུར་བའི་མཚན་མོ་འདིར།།
སེམས་ཀྱི་ངལ་བ་རེ་ཞིག་གཉིད་དུ་གཡུར།།
«20»
བདག་སེམས་པའི་རྗེས་སུ་ཡང་ཡང་བརྒྱུགས།།
སེམས་ཉོན་མོངས་དབང་དུ་ཡང་ཡང་འཁོར།།
ཕར་བལྟས་ན་རྩེད་མོའི་འཇིག་རྟེན་འདི།།
སྐྱིད་ཟེར་བ་གློག་ཞགས་འཁྱུག་པ་བཞིན།།
«21»
དགའ་སྐྱོ་ཆགས་གསུམ་ཚོར་བའི་ངོས་ལ་ཕབ།།
ངག་གི་སྒྱུ་རྩལ་ཤོག་བུའི་སྟེང་ན་མྱོས།།
འཚོ་བའི་ཁ་དོག་མཐོང་བའི་སྨྱུག་འཛིན་པ།།
གྲོགས་མེད་ཁེར་རྐྱང་ལུས་ཀྱང་སེམས་པ་དྲོ།།
«22»
སྔོན་བསཊ་བསོད་ནམས་བཟང་བོའི་བཀའ་དྲིན་ལ།།
ཆོས་སྡེ་འདི་འདྲ་མཇལ་བ་བསྐལ་བ་བཟང་།།
གལ་ཏེ་ཆོས་སྡེ་འདི་འདྲ་མཇལ་མེད་ན།།
བདག་མེད་ཁྱི་ལྡོམ་དེ་དག་འདྲ་ལེ་ཡིན།།
«23»
སུ་ལ་མེད་པའི་འཛུམ་མདངས་དེ་ཡི་དཀྱིལ།།
གཤིས་འཇམ་སྟངས་སྟབས་ངོམ་པའི་རྣམ་འགྱུར་ཞིག།
ཡུན་གྱིས་མི་མངོན་སེམས་ཀྱི་གཏིང་དུ་འཛུལ།།
བསམ་ཞིང་བསམ་ན་དེ་ནི་ལས་དབང་ཞིག།
«24»
ཞོགས་པའི་ཉི་རྩེ་ས་གཞིའི་སྟེང་ལ་ཁྱབ།།
མེ་ཏོག་སྣ་བརྒྱ་དྲི་བསུང་རླུང་གིས་ཁྱེར།།
མ་བོས་མགྲོན་པོ་གཞོན་ནུ་རྐང་དྲུག་ཁྱུ།།
བར་སྣང་ཁམས་ན་གླུ་ཆུང་ལེན་ནས་ཡོང་།།
«25»
དྭངས་གཙང་སེམས་ཀྱི་ཤོག་དཀར་ངོས་ལ།།
ངག་གི་མེ་ཏོག་སྣ་བརྒྱ་བཞད་བཅུག་ཅིང་།།
ཚོར་བའི་གཏིང་མཐའ་འགུལ་བའི་རི་མོ་དེ།།
རེ་ཞིག་རྒྱུ་སྐར་གྲལ་དུ་གཏེར་ལ་སྦས།།
«26»
སེམས་ཀྱི་ངོས་ལ་བྲིས་པའི་རི་མོ་ཞིག།
རི་མོ་དེ་ནི་ཁྱོད་ཀྱི་གཟུགས་བརྙན་འདྲ།།
གལ་ཏེ་ཁོམ་པའི་ལས་ཤིག་ཡོད་གྱུར་ན།།
རི་མོ་དེ་ལ་ཐེངས་གཅིག་བལྟ་རུ་ཕེབས།།
«27»
ཀུན་རྟོག་རྟ་ཕོ་སྒྱུ་མའི་གར་གྱིས་བསླུས་པ་ན།།
ལུས་ཀྱི་ཁང་བའི་ནང་ནས་སྐད་ཅིག་མི་སྡོད་པར།།
རྒྱ་མཚོའི་སྟེང་གི་ཤིང་ལྡོམ་གནས་མེད་འཁྱམས་པ་ལྟར།།
བློ་བདེ་བག་ཕེབས་ངང་ནས་འདུག་རྒྱུའི་རང་དབང་བྲལ།།
«28»
ཤེས་རིག་རྟ་ཕོ་བཞོན་པའི་རྟོག་གེ་བ།།
བཅུ་ཕྲག་འདབ་བརྒྱ་བཞད་པའི་གེ་སར་ལ།།
རེག་པའི་མོད་ལ་གཏིང་མཐའ་རྙེད་པར་ཤོག།
སྐུ་ཚེ་མཛད་འཕྲིན་ཡར་ངོས་ཟླ་ལྟར་ཤོག།
«29»
ཉི་མ་རི་བོའི་རྒྱབ་ལ་ཡུན་གྱིས་ཡིབ།།
མུན་པས་ས་ཆེན་སྟེང་ལ་དར་ནག་འཐེན།།
སེམས་པ་རླུང་གིས་ཁུར་བའི་ས་སྲོད་དེར།།
ཚོར་བའི་སྣང་བརྙན་གནམ་སའི་བར་དུ་འདྲེས།།
«30»
ཚོར་བ་སྤང་ལ་འཐིམ་པའི་སྣང་བརྙན་ཁྲོད།།
སྙན་ངག་གྲལ་དུ་མེ་ཏོག་སྣ་བརྒྱ་བཞད།།
ལུས་སེམས་གཡོ་བར་བྱེད་པའི་མེ་ཏོག་དེ།།
སེམས་ཀྱི་མེ་ལོང་ངོས་སུ་རེ་ཞིག་སྦས།།
«31»
རྟ་ནོར་ལུག་གསུམ་རྗེས་ཀྱི་རྫི་བོ་ཡིན།།
རྫ་རི་སྤང་རི་ངོས་སུ་རྐང་རྗེས་བཀྲ།།
ང་ཡི་རྒྱབ་རི་ཡབ་ཆེན་ཁྱེད་ཉིད་ལགས།།
སྐུ་ཚེ་བསྐལ་བརྒྱར་བར་དུ་བརྟན་པར་སྨོན།།
«32»
སེམས་ཀྱི་ངོ་བོར་རྒྱུ་བའི་གྲུ་གཟིངས་ཆུང་ཆུང་།།
ལས་དང་ལམ་ཞིག་ཡོད་ན་ཡ་ཆུང་སེམས་པ།།
ཁྱོད་ཀྱི་གྲུ་ལ་བསྡད་དེ་བརྩེ་བའི་གླིང་གར།།
ལྗོངས་རྒྱུ་ཐེངས་གཅིག་ཡུན་གྱིས་འགྲོ་རུ་ཆུག་དང་།།
«33»
སེམས་པ་རྒྱང་ལ་ཤོར་བ་ཐེངས་གཅིག་མིན།།
རྒྱང་གི་ཁྱེད་རང་དྲན་པ་ཐེངས་གཉིས་མིན།།
དྲན་གདུང་རི་མོར་ཕབ་པ་ཐེངས་གསུམ་མིན།།
མདོར་ན་ཁྱེད་ནི་ང་ཡི་སྙིང་གི་ནོར།།
«34»
གཉིད་འདི་མ་ཡོང་སེམས་ཀྱི་ནད་ཅིག་རེད།།
ནད་འདི་ཡོང་ཁུངས་ཉོན་མོངས་དུག་གསུམ་རེད།།
ཉོན་མོངས་དུག་གསུམ་ཞེས་པའི་རྒྱལ་བོ་འདིས།།
ཉིན་མཚན་གཉིས་ཀྱི་བདེ་སྐྱིད་ཁོ་ཡིས་ཁྱེར།།
«35»
སྐྱེ་བ་འདི་རུ་ལུས་རྟེན་གང་བླངས་ཀྱང་།།
སྡུག་བསྔལ་མི་འདོད་བདེ་བར་འདོད་པ་ནི།།
སེམས་ཅན་ཀུན་གྱི་མོས་པ་གཅིག་ཡིན་པས།།
ཚེ་སྲོག་རིན་ཐང་ངོས་ན་ཁྱད་པར་མེད།།
«36»
སེམས་ནི་ཉོན་མོངས་དབང་ན་རྟག་ཏུ་རྩེ།།
ལུས་ནི་ནམ་གཡེང་གྲོང་ན་རྟག་ཏུ་འཁྱར།།
ཁ་ནི་ངག་འཁྱལ་སྒོ་ན་རྟག་ཏུ་ཁོམ།།
བསམ་ཞིང་བསམ་ན་ང་ནི་སྨྱོན་པ་ཞིག།
«37»
གནམ་ངོ་འཁྲུགས་པས་སེམས་པ་དཀྲུགས།།
ཟ་རྒྱུ་མེད་པས་ཕོ་བ་ལྟོགས།།
གཉིད་རྒྱུ་མང་བས་མགོ་བོ་ན།།
གྲྭ་རྐྱང་ལས་དབང་འདི་ན་གསལ།།
«38»
གནམ་ངོ་འཁྲིགས་པས་སེམས་པ་དཀྲུགས།།
སྟབས་ཐུག་འཐུང་བས་ཕོ་བ་གཟེར།།
གཉིད་རྒྱུ་མང་བས་མགོ་བོ་ན།།
ང་ཡི་སྒྱིད་ལུག་འདི་ན་གསལ།།
«39»
སེམས་ཀྱི་གསང་བ་སེམས་ཀྱི་མི་ལ་བཤད།།
སེམས་ཀྱི་མི་ཡིས་སེམས་ཀྱི་མི་ལ་བཤད།།
བཤད་བཤད་མཐའ་ནས་སེམས་ཀྱི་གསང་བ་དེ།།
སྡེ་ཆེན་གྲོང་གི་ཁ་ན་རླུང་ལྟར་གྲགས།།
«40»
ཁྱེད་ནི་མུན་ནག་དབུས་ཀྱི་འོད་སྣང་དེ།།
ང་ནི་འོད་སྣང་དཀྱིལ་གྱི་མུན་པ་འོ།།
ང་ནི་ཆུ་བོ་བཞིན་དུ་མར་ལ་རྒུད།།
ཁྱེད་ནི་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ།།
«41»
ཁྱོད་ནི་སྨྲ་བ་མེད་པའི་མེ་ཏོག་མཛེས་པ་ཞིག།
ང་ནི་དེ་རུ་འཁྲེང་བའི་སྦྲང་མ་ལས་ངན་ཞིག།
ནུས་པ་ཡོད་དགུ་བཏོན་ཏེ་གླུ་ཆུང་བླངས་ན་ཡང་།།
ཨ་ལན་ཅི་ཡང་མེད་པས་སེམས་པ་གཏིང་ནས་སྐྱོ།།
«42»
རང་སེམས་དཀར་ནག་འདྲེས་མའི་ས་མཚམས་ན།།
སྐྱོན་གྱིས་མ་གོས་སོ་སྐྱེ་ཡོད་མ་ཡིན།།
དུག་གསུམ་མེ་བཞིན་འབར་བའི་སྲིད་པ་འདིར།།
རང་ངོ་རང་གིས་ཤེས་ན་ངོ་མཚར་འོས།།
«43»
དབྱངས་གསལ་ཉི་ཟླའི་འོད་སྣང་འཕྲོས་པ་ན།།
གངས་ཅན་ཁ་བ་དཀར་པོའི་རི་ལུང་ཀུན།།
འོད་ཀྱིས་བཀང་སྟེ་ཆབ་དཔལ་རིག་གསུམ་སོགས།།
དབྱར་གྱི་མཚོ་མོ་བཞིན་དུ་ངང་གིས་འཕེལ།།
«44»
ཕྱི་ཡི་ལྷིང་འཇགས་ཁྱི་ལྡོམ་མང་བོས་དཀྲོགས།།
ནང་གི་ལྷིང་འཇགས་ཉོན་མོངས་དུག་གིས་དཀྲོགས།།
ངལ་ཞིང་དུབ་པའི་དུས་ན་སྒེའུ་ཁུང་ངོར།།
རྒྱུ་སྐར་མང་བོ་སེམས་གསོ་བྱེད་དུ་ཕེབས།།
«45»
སེམས་ཀྱི་ཚོར་བ་རླུང་གིས་བསྐྱོད་ཐེངས་རེར།།
ངག་གི་མེ་ཏོག་སྣ་ཚོགས་བཞད་མགོ་བརྩམས།།
ངག་གི་མེ་ཏོག་སྣ་རེ་བཞད་པ་ན།།
སྐྱིད་པའི་བདེ་བ་ཉི་ཚེ་བ་རེ་འབྱུང་།།
«46»
གཏན་དུ་ཐོབ་པའི་བདེ་བ་ཟེར་བ་ཞིག།
ཐོབ་རྒྱུ་ཡོད་ཀྱང་སྒྱིད་ལུག་ལེ་ལོ་ཡིས།།
དེ་ཡི་ཕྱོགས་ཙམ་འགྲོ་རུ་མ་བཅུག་པས།།
ཉི་ཚེ་བདེ་བ་ཙམ་ལ་རེ་བཞིན་ཡོད།།
«47»
སེམས་ཀྱི་ངོས་ན་འཚེར་བའི་མེ་ཏོག་དེ།།
ཡུན་རིང་མི་མངོན་དབྱིངས་སུ་སྦས་ན་ཡང་།།
ཚོར་བའི་རྦ་རླབས་དྲག་ཏུ་འཕྱོ་བ་ཡིས།།
ངག་གི་མེ་ཏོག་གསེང་ནས་བཞད་མགོ་བརྩམས།།
«48»
སེམས་ཀྱི་ཚོར་བ་མང་ཆུའི་འགྲམ་དུ་ཤོར།།
མང་ཆུའི་བཞུར་སྒྲ་སེམས་ཀྱི་དཀྱིལ་དུ་འཛུལ།།
མདུན་ནས་མེ་ཏོག་ལྟ་བུའི་འཛུམ་མདངས་ཤིག།
གློ་བུར་ཀུན་རྟོག་མེ་ལོང་ངོས་སུ་འཆར།།
«49»
སྔོན་བསགས་ལས་ཀྱིས་དེད་པའི་མགྲོན་པོ་ང་།།
འཇིག་རྟེན་འཁོར་བའི་གྲུ་གཟིངས་ཆེན་པོའི་ནང་།།
རེ་ཞིག་སྡོད་པའི་བསྐལ་བ་ལྡན་གྱུར་ཀྱང་།།
ཡུན་རིང་མི་གནས་ནམ་མཁའི་གློག་བཞིན་འཇིག།
50»
སྐད་དང་ཡི་གེ་ཉི་ཟླའི་འོད་སྣང་བཞིན།།
གང་དུ་གནས་ན་དེ་རུ་མུན་པ་སེལ།།
རྒྱལ་ཁམས་གང་ལ་འདི་གཉིས་ལྡན་པ་ན།།
རྣམ་ཤེས་བེམ་པོའི་གསེང་ལ་ཞུགས་དང་མཚུངས།།
«51»
བུད་མེད་བུད་མེད་ཟེར་ནས་མ་སྨད་པར།།
བུད་མེད་ནམ་མཁའི་ནོར་བུ་ཆ་གཅིག་འདྲ།།
བུད་མེད་གང་དུ་གནས་ཀྱང་མ་ཡུམ་ལགས།།
མདོར་ན་བུད་མེད་ནམ་མཁའི་ཕྱེད་པོ་ཡིན།།
«52»
འཇིག་རྟེན་འཇིག་རྟེན་ཟེར་ནས་བསྟོད་ཀྱང་ཆོག།
འཇིག་རྟེན་འཇིག་རྟེན་ཟེར་ནས་སྨད་ཀྱང་རུང་།།
མདོར་ན་འཇིག་རྟེན་འཁོར་བའི་གྲུ་གཟིངས་འདི།།
སྐྱེ་རྒ་ན་འཆི་བཞི་ཡིས་གྲུབ་པ་ཉིད།།
«53»
ཕྱི་ཡི་ཁོར་ཡུག་ཁ་བའི་ཀློང་ན་འཇགས།།
ནང་གི་ཚོར་བ་སྒྱུ་མའི་གམ་ན་གཉིད།།
ཡུན་རིང་བྲིས་པའི་ངག་གི་མེ་ཏོག་དེ།།
རེ་ཞིག་ལྷོད་ལ་བབས་ཏེ་གཟིམ་ན་འདོད།།
«54»
དཀོན་མཆོག་གསུམ་གྱི་སྐྱབས་འོག་ནས།།
ཁྱོད་ལ་བར་ཆད་མེད་པར་སྨོན།།
སྡུག་རུས་བརྩོན་པ་ཆུ་བཞིན་སྐྱོངས།།
འཇམ་པའི་དབྱངས་ཀྱིས་རྗེས་སུ་ཟུང་།།
«55»
བྱམས་བརྩེ་ཀློང་ན་འཚེར་བའི་མ་ཡུམ་ཉིད།།
གཉོམ་ཆུང་བུ་ཕྲུག་རྒྱབ་ཀྱི་ཉི་འོད་དེ།།
ནམ་ཡང་སུན་པ་བོར་ཞིང་དུས་རྟག་ཏུ།།
རྔུལ་ཆུ་ཁྲོམ་ཁྲོམ་གཡོས་པ་ཐེངས་གཅིག་མིན།།
«56»
ཨ་མའི་སྙིང་གི་བུ་ཆུང་བསམ་པའི་དོན་འགྲུབ།།
བདག་གིས་ཁྱོད་ལ་གནང་བའི་ལང་ཚོའི་མེ་ཏོག།
སད་དང་སེར་བའི་བར་ནས་གྲོལ་བར་གྱུར་ཅིག།
སྐྱིད་པའི་དགོད་སྒྲ་ཀློང་ནས་འཚར་ལོངས་རྒྱས་ཤིག།
«57»
རྟ་བདུན་དབང་བོ་རི་ཡི་རྒྱབ་ཏུ་ཡིབ།།
སྨག་རུམ་སྟུག་པོ་ས་སྟོང་ཡོངས་ལ་ཁྱབ།།
རྒྱུ་སྐར་སྟོང་གིས་སྤྲས་པའི་དུང་ཟླ་ཡིས།།
རེ་ཞིག་ལྷིང་འཇགས་ཁྲོད་ན་སྙན་ངག་ཀློག།
«58»
ད་ལོ་ཁྱོད་ཉིད་མ་བཙལ་ཁྱོད་ཉིད་མ་གླེང་།།
ད་ལོ་ཁྱོད་ཉིད་མ་དྲན་ཁྱོད་ཉིད་མ་རྨིས།།
ད་ལོ་ཁྱོད་ཉིད་མ་དྲིས་ཁྱོད་ཉིད་མ་གོ།
ད་ལོ་ཁྱོད་དང་ང་ཡི་བར་ཐག་མ་ཉེ།།
«59»
བཀྲ་ཤིས་གསེར་གྱི་ཉི་མ་ཤར།།
བཀྲ་ཤིས་དུང་གི་ཟླ་བ་ཚེས།།
བཀྲ་ཤིས་ལྷན་འཛོམས་དགོད་སྒྲའི་ཀློང་།།
དགུ་ཐུག་བཞེས་པའི་བཀྲ་ཤིས་ཤོག།
«60»
འཚོ་བའི་རི་མོ་ཨ་ཕའི་རྐང་རྗེས་ཉིད།།
ལ་ལུང་ཀུན་ཏུ་རྔུལ་ཁྲག་ལོ་རྒྱུས་བྲིས།།
བྱིས་པའི་རྒྱབ་རྟེན་བྱིས་པའི་སྤོབས་པ་དེ།།
སྙིང་སྟོབས་ཅན་གྱི་སྐྱེ་བུ་ཡབ་ཆེན་ལགས།།
«61»
སེམས་ཀྱི་ཉི་ཟླ་རྒྱང་རིང་ཡུལ་ན་ལུས།།
སྐྱོ་བའི་ན་ཟུག་སེམས་ཀྱི་གཏིང་ལ་ཟུག།
ལོ་ཟླའི་གས་ཆག་བར་གྱི་རྨ་ཁ་དེ།།
ལོ་བརྒྱ་འགོར་ཡང་བརྗེད་ཐུབ་ག་ལ་ཡོད།།
༢༠༡༧་ནས་༢༠༡༨་བར་དུ་སྐད་འཕྲིན་རྒྱབ་ལྗོངས་སུ་བྲིས་པའི་ཚིགས་བཅད་ཕྱོགས་བསྡུས།
|