འགྲེལ་པ་ག་ལས་འཇིགས་མེད་རྩོམ་པ་པོ་ཀླུ་སྒྲུབ་ཡིན་མིན་སྐོར་ལ་དཔྱད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »འགྲེལ་པ་ག་ལས་འཇིགས་མེད་རྩོམ་པ་པོ་ཀླུ་སྒྲུབ་ཡིན་མིན་སྐོར་ལ་དཔ
འགྲེལ་པ་ག་ལས་འཇིགས་མེད་རྩོམ་པ་པོ་ཀླུ་སྒྲུབ་ཡིན་མིན་སྐོར་ལ་དཔྱད་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/1/11ལྟ་ཀློག (4122)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།།འགྲེལ་པ་ག་ལས་འཇིགས་མེད་རྩོམ་པ་པོ་ཀླུ་སྒྲུབ་ཡིན་མིན་སྐོར་ལ་དཔྱད་པ།

མཛད་པ་པོ། སེར་སྨད་དགེ་བཤེས་ཉི་མ།

རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས།།

གངས་རིའི་ལྗོངས་འདིར་བསྟན་པ་སྤེལ་སླད་དུ།།

ངུར་སྨྲིག་གར་རོལ་བློ་བཟང་རྒྱལ་བ་ལ།།

སྙིང་ཁུང་རུས་པའི་གཏིང་ནས་ཕྱག་བགྱི་འོ།།

ཞེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ནས་གང་གླེང་བར་བྱ་བ་ནི།

     དྲི་བ་བཅུ་བདུན་པ། རྩ་ཤེའི་ཊིཀ་ཆེན་རབ་བྱེད་དང་པོ་ལས།  ཞེས་པ་ནས། དེ་བཞིན་མགོན་པོ་འདིའི་འཁྲུངས་འདས་ལོ་ཚིགས་སོགས་མི་མཐུན་པ་མང་དག་ཅིག་འདུག་པས། རང་རེས་གང་ལ་འཐད་ཕྱོགས་སུ་བཟུང་མིན།  ཞེས་པའི་བར་གྱི་དོན་བསྡུས་ན་རྩ་ཤེའི་ཊཱིཀ་ཆེན་ལས། རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་པོས་གཏན་ལ་ཕབ་བོ། །ཞེས་རིན་ཆེན་ཕྲེང་བ་རིགས་ཚོགས་ཀྱི་གྲས་སུ་འཇོག་པ་དང་།  ཡང་གསེར་ཕྲེང་ལས། ཞིབ་མོ་རྣམ་འཐག་སྟེ་ལྔའོ།  །ཞེས་རིགས་ཚོགས་ལྔ་མ་གཏོགས་མི་འཇོག་པ་གཉིས་འགལ་མིན་དང་། རིགས་ཚོགས་དྲུག་གྲངས་འདྲེན་ལུགས་ལ་ག་ལས་འཇིགས་མེད་རིགས་ཚོགས་ཀྱི་ནང་དུ་འདྲེན་པ་ཡང་སྣང་བས། ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་གསུང་ཡིན་མིན། ཐ་སྙད་དུ་གྲུབ་པ་རྒྱ་འགྱུར་ལ་ཡོད་མེད་དང་དེའི་བརྗོད་བྱ་གང་བསྟན། སྤྱིར་ཀླུ་སྒྲུབ་ཀྱི་གསུང་ཅི་ཡོད་དང་ལྷག་པར་དུ་བོད་འགྱུར་ལ་དུ་ཡོད། ཀླུ་སྒྲུབ་ཀྱི་འཁྲུངས་འདས་འཐད་ཕྱོགས་གང་ཡིན་བཅས་དོན་ཚན་ལྔར་བསྡུས་ནས་བཤད་ན།

དང་པོ་ནི།སྤྱིར་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་རྣམས་རིགས་ཚོགས་དང་།བསྟོད་ཚོགས།གཏམ་ཚོགས་བཅས་གསུམ་དུ་མ་འདུས་པ་མེད་པས། རིན་ཆེན་ཕྲེང་བ་ནི་དེ་གསུམ་དུ་ཕྱེ་བའི་གཏམ་ཚོགས་ཡིན་ཀྱང་སྤྱིར་རིགས་ཚོགས་སུ་ཁས་ལེན་དུ་མི་རུང་བ་མེད་པས་གསེར་ཕྲེང་དུ་ཞིབ་མོ་རྣམ་འཐག་སྟེ་ལྔའོ།  །ཞེས་གསུངས་པ་དང་། རིན་ཆེན་ཕྲེང་བའི་དར་ཊཱིཀ་ལས།  ཟབ་མོ་དབུ་མའི་ལམ་རིགས་པས་སྒྲུབ་པ་ནི། རྩ་བ་ཤེས་རབ།རིགས་པ་དྲུག་ཅུ་པ། རྩོད་ཟློག སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག་རྣམས་དང་།  ཞེས་རིན་ཆེན་ཕྲེང་བ་རིགས་ཚོགས་ཀྱི་གྲས་སུ་མ་བགྲངས་པའི་རྒྱུ་མཚན་ཡང་དེ་ཉིད་དོ། །

གཉིས་པ་ནི། ག་ལས་འཇིགས་མེད་རྩ་ཤེའི་རང་འགྲེལ་དུ་འདོད་པའི་ཁུངས་ནི། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་འགྲེལ་བཤད་ལས། གལ་ཏེ་འདིས་མདོ་མཛད་པས་རང་གི་འགྲེལ་པ་ག་ལས་འཇིགས་མེད་དུ་ཞེས་པ་དང་། ལམ་སྒྲོན་རང་འགྲེལ་གྱི་སྐབས་སུའང་སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད།  ཞེས་པ་རྣམས་ཡིན་ཡང་། ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་གསུང་མིན་པ་ནི་གཞུང་རང་དུ་བཞི་བརྒྱ་པའི་ལུང་དྲངས་པར་སྣང་བ་དང་།རྩ་ཤེའི་འགྲེལ་པ་སངས་རྒྱས་བསྐྱངས་སོགས་གཞན་རྣམས་སུ་ག་ལས་འཇིགས་མེད་ཀྱི་ཚིག་གི་ཟུར་ཙམ་ཡང་མི་འབྱུང་བ་དང་།དེ་ཙམ་དུ་མ་ཟད་ག་ལས་འཇིགས་མེད་ཀྱི་རབ་བྱེད་ཉེར་གསུམ་པ་ནས་ཐ་མའི་རབ་བྱེད་ལྔ་ཀར་སངས་རྒྱས་བསྐྱངས་ཀྱི་འགྲེལ་པའི་རབ་བྱེད་ཐ་མ་ལྔ་དང་ཚིག་དོན་གཉིས་ཀའི་ཆ་ནས་འགྱུར་མི་འདྲ་བ་རེ་ཟུང་མ་གཏོགས་ཁབ་རྩེའི་ཁྱོན་ཙམ་ཡང་གཟུར་མེད་པས་སོ།།

གཞན་ཡང་།དེ་ཉིད་ཀྱི་རབ་བྱེད་དྲུག་པའི་སྐབས་སུ། འདོད་ཆགས་ལ་ཡང་ཆགས་པ་ནི།།ཡོད་དམ་མེད་ཀྱང་རིམ་པ་མཚུངས། །འདོད་ཆགས་ལ་ཡང་ཆགས་པ་ཡོད་དམ་མེད་ཀྱང་རུང་སྟེ།དེ་ཉིད་དང་རིམ་པ་མཚུངས་པར་བསམ་པར་བྱ་སྟེ། ཕ་དང་བུ་བཞིན་ནོ།།ཞེས་འདོད་ཆགས་ལ་ཡང་ཞེས་པའི་རྐང་པ་གཉིས་རྩ་ཚིག་ཏུ་བྱས་ནས་དེ་ལ་འབྲུ་སྣོན་བྱས་འདུག་པས་ན། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས།།ཞེས་སྔར་འདོད་ཆགས་ལ་ཆགས་པ་ཡོད་མེད་བརྟགས་ནས་བཀག་པའི་རིགས་པ་དེ་ཆགས་པ་ལ་འདོད་ཆགས་ཡོད་མེད་ལའང་སྦྱོར་ཅིག ཅེས་དངོས་སུ་གསུངས་པ་དང་ཡང་འགལ་ལོ།།

རིམ་པ་ཇི་ལྟར་མཚུངས་ཤེ་ན། གལ་ཏེ་ཆགས་པའི་སྔ་རོལ་ན།།ཆགས་མེད་འདོད་ཆགས་ཡོད་ན་ནི།།ཞེས་འདོན་པ་བསྒྱུར་ལ་བཞག་གོ  །མ་ཟད་རྩ་ཤེ་ལ་ཤོ་ལོ་ཀ་༤༤༩ཡོད་པ་རྩ་ཤེ་རང་གི་མཛད་བྱང་དུ་འབྱུང་བ་དང་།སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཀྱང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་བདུན་དང་། ཚིག་ལེའུར་བྱས་པ་བཞི་བརྒྱ་ཞེ་དགུ་པ་མཛད་པའི། ཞེས་པ་དང་།  ཡང་དེ་ཉིད་ལས། ཚིག་ལེའུར་བྱས་པ་བཞི་བརྒྱ་ཞེ་དགུ་པ་གང་ཡིན་པ་སྟེ་ཞེས་པ་རྣམས་དང་འགལ་ལོ། །

གཞན་ཡང་། ག་ལས་འཇིགས་མེད་དུ། བཙུན་པ་འཕགས་པ་ལྷས་ཀྱང་ཞེས་འབྱུང་བས་སྤྱིར་བཙུན་པ་ཞེས་པ་དང་གནས་བརྟན་ཞེས་པ་དང་སློབ་དཔོན་ཞེས་པ་རྣམས་རྒན་པ་ལ་འབོད་པའི་ཚིག་དང་། ཚེ་དང་ལྡན་པ་ཞེས་པ་འདི་གཞོན་པ་ལ་འབོད་པའི་ཚིག་ཡིན་པ་ཡང་། སུམ་བརྒྱ་པར། རྒན་ལ་བཙུན་པའི་ཉེ་བའི་ཚིག་གིས་བརྗོད།།གཞོན་ལའང་ཚེ་དང་ལྡན་པ་ཉེ་ཚིག་གིས།།ཞེས་དང་། མ་ཟད་འདུལ་གཞུང་རྣམས་སུ་ཡང་བཙུན་པ་ཞེས་པ་འདི་གཞོན་པ་ལ་མི་སྦྱོར་བར་རྒྱུ་མཚན་དང་བཅས་གསུངས་པས་ཀྱང་རྒན་པ་ཁོ་ནར་སྦྱོར་བའི་ཚིག་ཡིན་པར་གསལ་ལོ།། དེས་ཀྱང་མ་ཟད་ཉེ་བ་འཁོར་གྱིས་ཞུས་པའི་མདོར། བཅོམ་ལྡན་འདས་ལ་བཙུན་པ་ཞེས་མང་དུ་འབྱུང་བས་ཀྱང་ངེས་པ་སྟེར་ཐུབ་བོ།།

གཞན་ཡང་།ག་ལས་འཇིགས་མེད་རང་འགྲེལ་མིན་ཏེ། རྩ་ཤེའི་དགོངས་པ་བཀྲལ་སྐབས་སངས་རྒྱས་བསྐྱངས་དང་ཟླ་གྲགས་རྣམས་ཀྱི་གསུང་ཚུལ་དང་མི་མཐུན་པ།འགག་པ་མེད་པ་སྐྱེ་མེད་པ།།ཞེས་པའི་སྐབས་སུ་ག་ལས་འཇིགས་མེད་དུ་སྐྱེ་བ་སྔར་སྨྲོས་པ་རིགས་མོད། སྡེབ་སྦྱོར་གྱི་དབང་གིས་འགག་པ་སྔར་སྨྲོས་ཞེས་ལན་བཏབ་པ་འདི་ཡང་མི་འཐད་པ་དང་གཞན་ཡང་དེ་འདྲ་མང་ངོ་།།

གཞན་ཡང་། རྩ་ཤེའི་དགོངས་པ་འགྲེལ་སྐབས་དཀའ་གནད་མ་བཤད་པའི་ཆ་དང་།རྩ་བའི་འབྲུ་སྣོན་ལ་ཡང་སྐྱོན་ཆགས་པར་སྣང་ངོ་།།དེའི་ཕྱིར།དཔེར་ན།སངས་རྒྱས་བསྐྱངས་ཀྱི་བསྟན་བཅོས་ལ་སངས་རྒྱས་བསྐྱངས་ཞེས་མིང་བཏགས་པ་ལྟར།འདིར་ཡང་རྩོམ་པ་པོའི་མཚན་བསྟན་བཅོས་ལ་འདོགས་པ་ཡིན་པས་སློབ་དཔོན་ག་ལས་འཇིགས་མེད་ཀྱིས་བརྩམས་པ་ཡིན་ནོ།།

འདིའི་འཁྲུལ་གཞི་ནི། ག་ལས་འཇིགས་མེད་ཀྱི་མཛད་བྱང་དུ་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ། ཞེས་པ་ནས། འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས།བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་འགྱུར་བས་མཛད་པ་ཞེས་བྱ་བ་རྫོགས་སོ།།ཞེས་པ་འདི་ཉིད་དོ། །

གསུམ་པ་ནི།ཐ་སྙད་དུ་གྲུབ་པ་བོད་འགྱུར་དུ་མི་སྣང་བ་ཡང་། རིན་ཆེན་ཕྲེང་བའི་དར་ཊཱིཀ་ལས།ཐ་སྙད་དུ་གྲུབ་པ་ནི། དབུ་མ་རྒྱན་གྱི་འགྲེལ་པར།  ཚིགས་བཅད་ཁ་ཡར་དྲངས་པ་ཙམ་མ་གཏོགས་བོད་དུ་ཚང་མ་མ་འགྱུར་རོ། །ཞེས་གསུངས་པ་འདིས་གྲུབ་བོ། །འགྲེལ་པ་དེར་ཚིགས་བཅད་ཁ་ཡར་དྲངས་པ་ནི།ཇི་སྐད་དུ། འཛིན་པ་སྟུག་ལ་མི་བརྟེན་ན།།ཐ་སྙད་རབ་ཏུ་འགྲུབ་འགྱུར་ལ།།ཐ་སྙད་རྣམས་ལ་མཁས་གྱུར་ན།།བསྟན་བཅོས་དོན་ལ་རྨོངས་པ་མེད།།ཅེས་པ་ལྟ་བུ་ཡིན་ནོ་སྙམ་མོ།།

དེས་ན་རྒྱ་འགྱུར་དུ་ཡོད་པར་མངོན་ནོ།།ཐ་སྙད་དུ་གྲུབ་པ་ཞེས་པས་ཀྱང་འདིའི་བསྟན་བྱའི་གཙོ་བོ་ནི་རང་བཞིན་གྱིས་མེད་ན་ཡང་ཐ་སྙད་ཀྱི་རྣམ་གཞག་རུང་བའི་ཚུལ་རྒྱས་པར་བསྟན་པས་ན་བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་པ་ཡིན་ནོ་སྙམ་མོ། །

བཞི་པ་ནི།ཀླུ་སྒྲུབ་ཀྱི་གསུང་རྩོམ་རྣམས་ཆོས་དབྱིངས་བསྟོད་པ་གཙོས་བསྟོད་ཚོགས་ཆོས་ཚན་༡༨དང་། དབུ་མ་རིགས་ཚོགས་དྲུག ཞིབ་མོ་རྣམ་འཐག་གི་རང་འགྲེལ།(བུ་སྟོན་སོགས་ཀྱིས་རིགས་པ་དྲུག་ཅུ་པའི་རང་འགྲེལ་ཡོད་གསུངས།)སྟོང་ཉིད་བདུན་ཅུ་པའི་རང་འགྲེལ།རྩོད་ཟློག་གི་རང་འགྲེལ་སོགས་དང་། སྒྲོལ་མའི་སྒྲུབ་ཐབས་ནས་བཟུང་སྒྲུབ་ཐབས་ཀྱི་སྐོར་ཆོས་ཚན་དགུ་དང་། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་སོགས་མདོར་ན་བོད་འགྱུར་ཀྱི་ཆོས་ཚན་༩༧ཡས་མས་སྣང་ངོ་།།

བོད་དུ་མ་འགྱུར་བའི་ཆོས་ཚན་ཡང་མང་ངོ་།  །

ཁ་ཅིགཚིག་གསལ་ལས།མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་།།ཞེས་པ་ནས།གང་ཡང་རྩོད་པ་རྣམ་པར་བཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་འགྱུར་ཞིང་།།ཞེས་པའི་བར་གྱི་གཞུང་ལ་བརྟེན་ནས་མདོ་ཀུན་ལས་བཏུས་པ་ནས་རྩོད་ཟློག་གི་བར་བརྒྱད་པོ་ཁོ་ན་ཀླུ་སྒྲུབ་ཀྱི་གསུང་དུ་ངོས་འཛིན་མཛད་ཀྱང་། ཚིག་གསལ་དུ་འདི་བརྒྱད་མ་གཏོགས་མ་བཀོད་པ་ནི་ཚིག་གསལ་གྱི་བཤད་བྱ་རྩ་བའི་གཞུང་དུ་གྱུར་པའི་ཀླུ་སྒྲུབ་ཀྱི་བསྟན་བཅོས་ལ་འདི་མ་གཏོགས་མེད་པ་ལ་དགོངས་སོ་སྙམ། 

ལྔ་པ་ཀླུ་སྒྲུབ་འཁྲུངས་འདས་ཀྱི་ལོ་ཚིགས་ནི། འཇམ་དཔལ་རྩ་རྒྱུད།སྤྲིན་ཆེན་པོ།སློབ་དཔོན་བྱང་བཟང་སོགས་ཀྱིས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་མཚམས་སུ་བྱུང་བར་གསུངས་པ་དང་། ཡང་རྒྱ་ནག་གི་འགྲེལ་ཆེན་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ལོན་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱིས་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བསྟན་བཅོས་རྣམས་མཛད་དེ།ཞེས་འབྱུང་ཡང་སྔ་མ་རྣམས་ལོ་ཕྱེད་ལོ་རེར་བརྩིས་པའི་དབང་དུ་བྱས་པ་དང་། ཕྱི་མ་ནི་ཟླ་བ་བཅུ་གཉིས་ལ་ལོ་རེར་བརྩིས་པའི་དབང་དུ་བྱས་ན་གཞུང་གོང་འོག་རྣམས་མི་འགལ་བ་གའུ་ཁ་སྦྱར་དུ་འགྲོའོ་སྙམ་ཡང་། སྟོན་པ་འཁྲུངས་འདས་ཀྱི་ལོ་ཚིགས་མི་མཐུན་པ་རྣམས་དང་། སློབ་དཔོན་ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་དང་། མ་ཟད་དེ་དུས་རབས་བདུན་པའི་ནང་དུ་བྱོན་གསུངས་པ་དང་། ཡང་རིག་པའི་ཁུ་བྱུག་ཆེ་བ་ཟླ་བ་གྲགས་པའི་དངོས་སློབ་དང་། ཇོ་བོ་རྗེའི་བླ་མ་ཡིན་གསུངས་པ་རྣམས་དང་སྦྱར་ན་ཐག་ཅོད་པ་ནི་ཤིན་ཏུ་དཀའོ། །

འདས་ལོ་ནི། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་སོགས་ལས་འཕགས་པ་ཀླུ་སྒྲུབ་ཀྱིས་ལོ་དྲུག་བརྒྱར་བསྟན་པའི་བྱ་བ་མཛད་ནས་བདེ་བ་ཅན་དུ་གཤེགས་ཏེ།ཞེས་ལོ་དྲུག་བརྒྱར་བཞུགས་པར་གསུངས་པ་དང་། ཡང་ལ་ལས་ལྔ་བརྒྱ་ཉེར་དགུར་བཞུགས་པར་འདོད་པ་དང་། གཞན་དག་གིས་ལྔ་བརྒྱ་བདུན་ཅུ་དོན་གཅིག་བཞུགས་གསུངས་པ་རྣམས་ཀྱང་ཇོ་ནང་ཀུན་མཁྱེན་གྱིས་གསུངས་པ་ལྟར་ལོ་ཕྱེད་ལོ་རེར་བརྩིས་པའི་དབང་དུ་བྱས་པ་དོན་ལ་གནས་སོ་སྙམ་ཡང་གོང་གི་ཟླ་གྲགས་ཀྱི་ལོ་རྒྱུས་རྣམས་དང་སྦྱར་ནས་དཔྱད་ན་ངེས་པ་རྙེད་པ་ནི་ཧ་ཅང་དཀའོ། །

སྨྲས་པ།

ཀླུ་སྒྲུབ་འཁྲུངས་འདས་ལོ་ཚིགས་མི་མཐུན་པ།།

ཤིན་ཏུ་མང་ཕྱིར་བདག་ལྟས་ཐག་ཆོད་མིན།།

འོན་ཀྱང་མཁས་པ་ཕལ་མོ་ཆེར་གྲགས་པའི།།

གཏམ་རྒྱུད་ཇི་བཞིན་ཡིན་ཕྱིར་རང་བཟོས་མིན།།

ཞེས་པ་འདི་ནི་སྔར་མདོ་ཁམས་ལྗོངས་ཀྱི་མཁས་པའི་བགྲོ་གླེང་ཐེངས་གསུམ་པ་ལ་ཆེད་དུ་བྲིས་པ་དེ་ཉིད་ལ་བསྣན་པ་ཅུང་ཙམ་བཏབ་པ་ཡིན་ནོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41383499
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1